གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་བུ་དཀོམ་བཀྲའི་སྙན་ངག་ཚན་པ་གཉིས།

2016-11-25 11:10:34 འབྲོག་བུ་དཀོམ་བཀྲ ཀློག་གྲངས། མཆན ཡོད།

                           ཚེས་བཅུ་བཞིའི་མཚན་མོ།

མཚན་མོ་འདིར
ངས་གློག་བརྙན་ལས་ཚེ་འཕོས་པའི་ཨ་ཕ་དེའི་རྒྱབ་གཟུགས་སྒོམ་གྱིན
རང་ཉིད་ལའང་དེ་དང་ཆ་འདྲ་བའི་ཨ་ཕ་ཞིག་ཡོད་སྙམ་བཞིན
གཉིད་དུ་གཡུར་བ་ཡིན
ནམ་རྒྱུན་རྨི་ལམ་ལས་འཕྲད་མྱོང་བའི་མི་དེས
གློ་རྡེག་ལ་ངའི་མལ་ཐུལ་གྱི་གོང་བ་ནས་འཐེན་བྱུང
འདྲེ་སྒྲུང་ཞིག་བྲག་ཅའི་ཚུལ་དུ་མཆེད་འོང

ཕྱི་རོལ་ནས་སྒྲ་ཆབ་ཆོབ་ཅིག་གྲགས་བྱུང
དེ་ནི་བྱེའུ་ཞིག་གིས་རང་ཉིད་ལ་གནས་ཚང་བཟོ་ཕྱིར
མཆུ་ཡིས་སྡོང་ལོ་བསྒྲུག་པའི་སྒྲ་རེད

ཉམ་ཐག་པའི་མིག་ཟུང་རེ་རེ
མུན་པའི་རས་ཡོལ་ལས་ཧྲིག་ཧྲིག་འགུལ
ཁོ་ཚོས་རྒྱང་རིང་གི་འབྲོག་ས་དང
འབྲོག་སའི་ཕ་རོལ་གྱི་གངས་རི་མཐོང་གིན་མི་འདུག

སྔས་འགྲམ་དུ་བསྒྲིགས་པའི་དེབ་དག་ལ་མེ་འབར
བཀླག་ཐབས་མེད་པའི་སྔགས་ཡིག་གི་ཕྲེང་བ
ལྕགས་ཐག་ཅིག་ལྟར་སྔར་བཞིན་སྲ་ཞིང་འཐུས
ང་ད་དུང་སད་མི་འདུག་ཨང
              ༢༠༡༦/༡༡/༡༤

                            བུད་མེད་དེ།

བུད་མེད་དེས་བྱ་རྒོད་ཀྱི་གཤོག་པ་གཡར་ནས
རྒྱབ་ཁུག་ཏུ་འགྱིག་སྦྲེའུ་དང་ཞོར་ཟས་བཅུགས་ནས
རྒྱང་རིང་གི་ང་ལ་བལྟ་རུ་ཡོང
སྐབས་རེར་མེ་ལོང་བླངས་ཏེ་མཆུ་འདབ་ལ་དམར་རྩི་འབྱུག་ཅིང
ལན་རེར་ལམ་ཐག་གི་ངལ་བས་མནར་ནས་གཉིད་ལྕོག་རྒྱག

བུད་མེད་དེ་རླུང་ལ་སྤྲུལ་ནས་ང་ལ་དཀྲིས་གསུམ་བརྒྱབ
ངའི་སྡོད་ཤག་ཏུ་ཁོ་མོར་འདུག་སྟེགས་མེད་པ་ཚོར
ཐབ་ཀྱི་མེ་སྟག་མཆེད་ཉེས་ཤིག་གིས
ཁོ་མོ་ཐལ་བར་བཏང

བུད་མེད་དེ་དྲན་ན་བསང་ཐབས་མེད་པའི་སྨུག་པ་ཞིག་ཡིན
རེག་ན་ཟིན་པ་མེད་པའི་འཇའ་ཚོན་དང་འདྲ
ངའི་ཡིད་ཀྱི་དུར་ཁྲོད་ཀྱི་འཇག་མའི་གསེབ་ཏུ
ཁོ་མོའི་སྐྲ་ལོ་དང་རྣམ་ཤེས་ཟགས་འདུག

བུད་མེད་དེ་དལ་ལྷུང་ལྷུང་གི་གཙང་ཆུ་ཡིན
གཙང་ཆུའི་ཁ་ཡི་གྲུ་པ་ཡིན
བར་དོའི་གཤིན་ཆུ་རབ་མེད་བརྒལ་དུས
ང་ཉ་ཞིག་ཏུ་གྱུར་ཏེ
ཁྱེད་ཀྱི་ཉ་རྒྱ་རུ་ཚུད་པར་སྨོན
            ༢༠༡༥/༡༡/༡༦

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།