གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་རིང་སྐྱིད་ཀྱི་སྙན་ངག་གསར་བ། གསར་བུ། འཚང་ཁ་མ་རྒྱག

2017-02-19 21:55:52 ཚེ་རིང་སྐྱིད།(ཨ་རི) ཀློག་གྲངས། མཆན ཡོད།

IMG_1854.JPG

ཁྱེད་གྲོང་གི་ཁ་རུ་ཁ་གཡང་ལེབ་མོ་ཞིག་གི་བར།
མཐོ་མཐོ་འདྲ་བའི་སྣང་བ་དང་བཅས།
སྒོ་ཐེམ་བར་ལ་འཚང་ཁ་མ་རྒྱག
སྒོ་ཐེམ་དེ་ཁྱེད་ཀྱི་ཆང་སྒྲོམ་མ་རེད་ལ།
བཟི་ཟིན་པའི་རྣམ་ཤེས་སྨྱོན་པ་དེ་འཁོར་ས་ཡང་མ་ཡིན།

གསར་བུ། བྱིས་པ་ལྟར་འཚང་ཁ་མ་རྒྱག
བཟི་ཐེངས་རེར་སྒོ་ཐེམ་དེར་འཚང་ཁ་རྒྱག་སྟངས་ལ་ང་ཅུང་ཡ་མཚར་ཡོད།
འདི་ཁྱེད་ཡོང་ས་མ་རེད། བྱིས་པ་ཞིག་ཡོང་ས་དེ་བས་མ་རེད།
ཉིན་དཀར་མཚན་ལ་བརྩི་ཞིང་མཚན་ནི་ཉིན་མོར་རྩི་བ་དེ།
ཁྱེད་ཀྱི་སྣང་བ་སྟོང་བས་བཟོས་པའི་ལོངས་སྤྱོད་ཀྱི་མངའ་ཐང་ཡིན་ངེས་ཀྱང་།
སྒོ་ཐེམ་དེར་མཚོན་ན་དེ་ནི་དེའི་འཁྲིས་སུ་ཡོད་པའི་ས་རྡུལ་ཞིག་གི་སྣང་བ་ལས་མེད།

ལུང་ཁུག་གི་གར་སྟེགས་དེ་ལུང་ཁུག་དེར་དབང་ལ།
ལུང་ཁུག་གི་སྙན་པ་དེ་ཡང་ལུང་ཁུག་ཁོ་ནར་དབང་བས།
སྒོ་ཐེམ་དེར་མཚོན་ན་ཁྱེད་ལམ་འགྲོ་བ་དཀྱུས་མ་ཞིག་ལས་མིན་པས།
གང་འདོད་དུ་སྒོ་ཐེམ་དེར་འཚང་ཁ་མ་རྒྱག
ཚོད་ཚོད་ལ་ངར་ཡང་མ་ལངས་རོགས།
ད་དུང་རུ་ཁུག་ནས་ཁྱེད་ཀྱི་གྲགས་པ་སྐྱོར་མཁན་ཚོར་འོས་མེད་མ་བཟོ།
ཁོ་ཚོས་ཁྱེད་ཀྱི་ནང་འཁྲོལ་སྔོག་མེད་པར་ཡིད་ཆེས་བྱེད་པས།
ཁྱེད་ཀྱིས་མཐའ་མའི་རང་ངོས་དེ་ཟིན་དགོས་ཡ།

རི་ཁུག་དེ་ནས་ཁྱེར་ཡོང་བའི་དངུལ་ལོར་ཆ་བོ།
མི་ཚོགས་ཀྱིས་རང་ཚོད་ཚོད་ཀྱིས་ཁྱེད་ལ་ཕུལ་བ་ག་ལ་ཡིན།
དངུལ་ལོར་ཆུང་ཆུང་དེ་ཚོ་ཁོ་ཚོའི་ཤ་ཁྲག་ཡིན་ཡ།
ཁོ་ཚོས་ཁྱེད་ལ་གྲགས་པ་དེ་རང་འགར་སྤྲད་པ་ག་ལ་ཡིན།
གྲགས་པ་ཆུང་ཆུང་དེ་ཡིས་ཁོ་ཚོའི་རེ་བ་མཚོན་ཡོད།
དེ་ནས་ཤེལ་གྱི་ཁང་མིག་བར་ནས།
རྒྱ་མོ་མང་པོའི་བར་ནས།
གྲོང་ཁྱེར་རྫིག་པོ་རེ་ནས།
རང་ཚོད་ཚོད་ལ་སྐྱིད་པོ་མ་གཏོང་ཨ།

ཆུང་ཆུང་ཁ་གཡང་གིས་ཁྱེད་མཐོ་ས་མཐོ་ས་རུ།
དོན་དངོས་རྡོག་རྡོག་པོ་ཁྱེད་དམའ་ས་དམའ་ས་རུ།
དེ་བས་འདུག་སྟེགས་མ་ནོར།
སྒོ་རྟགས་མ་ནོར།

དེ་རིང་ཁྱེད་ལྟར་ཆུང་ཆུང་ཁ་གཡང་བར་བཟི་བའི་བུ་མོ་མཛེས་མ་ཁ་ཤས་ཀྱིས་སྐྱོར་ཏེ་སྒོ་ཐེམ་དེར་འཚང་།
ངས་སྒོའི་ཕ་རོལ་ནས་ཁྱེད་ཀྱི་བཟོ་ལྟ་དེ་མཐོང་རྗེས།
སླར་ཡང་སྲང་མདོ་རུ་རུམ་ཁ་སྟོང་བའི་ནང་ན་ཕྲེང་བ་ཡོད་ཚུལ་སྒྲོག་མཁན་ཁ་ཤས་ལ་བལྟ་དགོས་བྱུང་།
ངས་ཁུ་སིམ་སིམ་ངང་ཁྱེད་ལ། གསར་བུ་འཚང་ཁ་མ་རྒྱག་ཅེས་ཤོད་དགོས་བྱུང་།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།