གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེ་བཅོལ།

2017-05-12 09:21:45 མགར་དམག ཀློག་གྲངས། མཆན ཡོད།

གལ་ཏེ
ཏག་ཏག་སྐབས་འདིར་ཁྱོད་ཀྱི་བདག་གི་ཉི་ནུབ་ལ་བལྟས་ཡོད་ཚེ
ཁྱོད་ཀྱིས་བདག་གི་དུར་ཤིང་ངོས་ཀྱི་སྐྱོ་ངལ་ལ་འོ་ཞིག་བྱ་རོགས
དུར་རྡོའི་གསེང་གི་རྩྭ་ལྡུམ་དག་བྱིལ་བྱིལ་གནང་རོགས
ཁྱོད་ཀྱིས་རླུང་ནང་གི་འཕྲིན་པ་ཚར་གཅིག་བཀླག་རོགས
དེའི་ནང་གི་མིག་ཆུ་འབྱིན་ཤེས་པའི་ཡི་གེ་དག་བྲང་ལ་སྦྱར་རོགས

ཁྱོད་ཀྱིས་བདག་གི་དབུལ་ཕོངས་ཀྱི་ལོ་ཟླ་ཉི་འོད་ཀྱི་ངོགས་སུ་བྲི་རོགས
ཁྱོད་ཀྱིས་བདག་གི་ཁེར་ཧྲེང་གི་རོལ་མོ་མཆོད་རྐོང་གི་མར་མེ་རུ་བསྒྲོན་རོགས
ཁྱོད་ཀྱིས་བདག་གི་ལུས་སྟེང་གི་རྨ་ཁ་མེ་ཏོག་གི་ཚལ་དུ་འཇོག་རོགས
རྨ་ཁའི་ནང་གི་རི་དྭགས་དག་མཐའ་ཡས་པའི་རྩྭ་ཐང་ལ་གཏོང་རོགས

ཁྱོད་ཀྱིས་བདག་གི་ང་རྒྱལ་དང་སྤོབས་པ་ཤི་བོ་དཀོན་མཆོག་ལ་ཕུལ་ཏེ
བདག་གི་ཚབ་ཏུ་དགོངས་ཡངས་ཞུ་རོགས

ཁྱོད་ཀྱིས་བདག་གི་སེང་གེ་དང་གངས་རི་རང་བྱུང་ལ་ཕུལ་རོགས
ཁྱོད་ཀྱིས་བདག་གི་བརྩེ་བ་དང་རེ་སྒུག་དུས་ཚོད་ལ་ཕུལ་རོགས

ཁྱོད་ཀྱིས་བདག་གི་ས་གཞི་དང་ནམ་མཁའ
ཁྱོད་ཀྱིས་བདག་གི་ས་བོན་དང་འབྲས་བུ
ཁྱོད་ཀྱིས་བདག་གི་ཡལ་ག་དང་གཤོག་པ
ཁྱོད་ཀྱི་བདག་གི་རྣམ་ཤེས་དང་ལུས་པོ
ཁྱོད་ཀྱིས་ས་ཁྲའི་ངོས་ཀྱི་བདག་གི་རྐང་རྗེས་དང་བཅས་པ
ཁྱོད་ཀྱིས་༼   ཆང་ཕོར་ནང་གི་བདག་གི་ཟླ་བ ༽དང་བཅས་པ
ཁྱོད་ཀྱིས་བུ་མོ་ཚོའི་སྦྲུམ་སྣོད་ནང་གི་བདག་གི་སྐྱེས་རྒྱུད་དང་བཅས་པ
ཁྱོད་ཀྱིས་ཁྱོད་ཀྱི་དྲན་པའི་ནང་གི་བདག་གི་མིང་ཡིག་དང་བཅས་པ
ཐེར་ཁེ་གཙང་བོའི་འགྲམ་གྱི་བྱེ་ཟགས་ནང་གཟིམ་པའི་བྱིས་པ་དེ་ཡི་རྨི་ལམ་དུ་འཇོག་རོགས
མཚོ་སྔོན་པོའི་རླབས་སུ་གཟིམ་པའི་གཞོན་ནུ་དེ་ཡི་ནང་སེམས་ཀྱི་སང་ཉིན་ལ་ཕུལ་ཞུ


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།