གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆར་བའི་ཁྲོད། ངས་ཁྱོད་ལ་སྒུག་ཡོད།

2017-06-10 20:30:39 རྡེའུ་དཀར་ནག(པེ་ཅིང) ཀློག་གྲངས། མཆན ཡོད།


IMG_4698.JPG

ཟླ་ལྔ་པའི་མཇུག་མཐའི་ཆར་བ་དེ།
ཚོར་མེད་ངང་དལ་གྱིས་སླེབས་བྱུང་།

ཁེར་རྐྱང་སྒོས་ཆར་བའི་ཁྲོད་གོམ་པ་འཇོག་དུས།
ཁུ་སིམ་སིམ་ངང་ཁྱོད་ལ་སྒུག་ཡོད།

དལ་འབབ་ཀྱི་ཆར་ཆུ།
རང་དབང་གི་གཙང་བོ།
ངའི་གདོང་ནས་དལ་གྱིས་བཞུར་དུས།
ཚོར་བ་གསར་པའི་གླེང་བསླངས་སོང་།

ཆར་བའི་ཁྲོད་དུ།
ཁྱོད་ཀྱི་མཛེས་སྡུག་དྲན་བྱང་།
ཁྱོད་རང་མཐོང་བ་ནང་བཞིན།
ཁྱོད་ལ་ངང་གིས་སྒུག་ཡོད།

ཁྱོད་ཀྱིས་ཡང་བའི་གོམ་སྟབས་སྤོ་བཞིན།
སྨྲ་བ་དབེན་པའི་བསམ་གཞིག་དྲང་ལ་གཏད་ནས།
འཛུམ་མདངས་དང་བཅས་ང་ལ་བཅར་ཡོང་།
ངང་ཚུལ་འདི་ཅི་འདྲའི་སྙིང་དུ་སྡུག་ཨང་།

ཆར་བའི་ཁྲོད་དུ།
ངས་ཆར་གདུགས་རིང་མོ་དགུང་ལ་འདེགས་བཞིན།
ངས་དྲན་གླུ་དམར་པོ་ཐོལ་གྱིས་འགུག་བཞིན།
ཁྱོད་ལ་ངང་གིས་སྒུག་ཡོད།

ཁྱོད་རང་ངའི་མདུན་དུ་སྣང་བའི་རེག་ཟིག
ཆར་བའི་ཁྲོད་ག་ལེར་ཆས་པའི་རྒྱབ་གཟུགས།
འདས་སོང་གི་མི་ཡུལ་དང་གཅིག་ཏུ་ཟད།

ཆར་བའི་ཁྲོད་དུ།
དེ་སྔར་འཕྲད་མྱོང་བའི་གྲུ་གར་བསྙེགས་ཏེ།
མེ་ཏོག་གི་འཇིག་རྟེན་བཙལ་བ་ག་ཚོད་ཙམ།
ཁྱོད་ལ་ངང་གིས་སྒུག་ཡོད།

ལུས་པོ་གཟིར་ཐེངས་ཤིག་གིས།
ད་གཟོད་ཁྱོད་རང་གམ་དུ་མེད་པ་ཤེས།
མིག་ཟུང་མཆི་མས་བརླན་པའི་རབ་རིབ་འཇིག་རྟེན།
དལ་ཅག་གེར་ཆར་བའི་ཁྲོད་འགྲེང་ཡོད།
དེ་ནི་ཆར་རླུང་གིས་བསྩལ་བའི་གད་བདར་ཅིག་ཅི་ལ་མིན།

མ་གཞི་ཟླ་ལྔ་བའི་ཆར་བ་ནི་ཅི་འདྲའི་གདུང་ཨང་།
གདུང་སེམས་དེ་འཇམ་མཉེན་གྱི་ཚོར་འདུ་ཞིག་དང་འདྲ་བར།
ངའི་འཚོལ་སྙེག་གི་རེ་སྒུག་ཡོངས་སུ་སྒྲིབ།

ངས་དུས་ནམ་ཞིག་ལ་ཁྱོད་དང་ལག་གདང་སྦྲེལ་ཐུབ།
ཁྱོད་རང་ཤོང་བའི་མཁའ་དབྱིངས་སྔོན་མོའི་འོག
ང་རང་ཁུ་སིམ་སིམ་ངང་ལམ་ལ་ཆས་བཞིན་ཡོད།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།