གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱེ་མ་ལེབ་དེ།(ཞར་བཀོད་གསུམ་ཡོད)

2017-06-14 20:05:42 རླུང་བུ། ཀློག་གྲངས། མཆན ཡོད།


ཕྱེ་མ་ལེབ་དེ་ལྗོན་པའི་གསེབ་ནས་ཚུར་འཕུར་འོང་དུས
དམ་པའི་གསུང་རབ་ཅིག་ཁྱེར་འོང་བ་དང་འདྲ
ང་རང་ཁང་མིག་ཅིག་ཏུ་བསྡད་དེ
སྒོ་དང་སྒེའུ་ཁུང་ཕྱེས་ཏེ་ཕྱེ་མ་ལེབ་དེ་ལ་བསྒུག་ནའང
ཕྱེ་མ་ལེབ་དེ་འཕུར་ནས་ཐོན་མ་བྱུང
གློག་ཞུ་བཀར་ཞིང་དྲ་ཡོལ་ཕྱེས་ཏེ་བསྡད་ནའང
ཕྱེ་མ་ལེབ་དེ་འཕུར་ནས་ཐོན་མ་བྱུང

ངས་ཕྱེ་མ་ལེབ་དེ་འཕུར་ཡོང་བའི་ཆེད་དུ
ཁང་མིག་བཤིགས་ཤིང་མེ་ཏོག་གི་སྐྱེད་ཚལ་བཟོས
ཆར་བ་ཕབས་ཤིང་འཇའ་ཚོན་བཟོས
མེ་ཏོག་ཡང་སྣ་ཚོགས་ཤིག་གསོས་ནའང
ཕྱེ་མ་ལེབ་དེ་འཕུར་ནས་ཐོན་མ་བྱུངཕྱེ་མ་ལེབ་དེ་ཐག་རིང་ནས་ཐག་རིང་དུ་འཕུར་གིན་པ་མཐོང
ཐག་རིང་ནས་འདི་གར་འཕུར་ཙམ་བྱས་རྗེས
ཕྱིར་ཐག་རིང་དུ་འཕུར་བྱུང་བ་མཐོང
ཕྱེ་མ་ལེབ་དེ
འདི་གར་འཕུར་དུ་འཇུག་ཐུབ་པའི་ཐབས་ཅི་ཡང་མི་འདུག
འདི་གར་འཕུར་དུ་འཇུག་ཐུབ་པའི་ཐབས་ཅི་ཡང་མ་ལྡན་ནའང
གཟེབ་དྲ་འཐེན་མི་འདོད
ཕྱེ་མ་ལེབ་དེ
གཉིད་གུང་དུ་འཕུར་འོང
ལག་པ་གཉིས་ཅི་ལྟར་བསྐུམ་ནའང་འཛིན་ཐུབ་མི་འདུག
གཉིད་ལས་སད་རྗེས
རང་ཉིད་ཕང་ཕུང་དུ་གཡོ་བའི་མེ་ཏོག་གི་ཚལ་ཅིག་ཏུ་གཏོང་འདོད

                              2016.6.12ཉིན།

                             མཁའ་དབྱིངས་ཀྱི་རོལ་རྩེད།

མེ་ཏོག་གསོ་བྱེད་ཀྱི་ཆུ་དང་བརླན་གྱིས
ནམ་མཁའི་དབྱིངས་རིམ་གྱི
ཕོ་བྲང་ལས་མར་འབབ་བྱེད་ཀྱི་སྐས་རྡང་གི་ལྕགས་ཐག་ལ་བཙའ་ཆགས་ཏུ་བཅུག
ཉི་འོད་ཀྱི་ཐིགས་པ་མར་ཟགས་པ་དང་མཉམ་དུ་ལྷུང་གིན་པ་ནི
ལྷའི་འཁོར་ཚོགས་དང་ཁོ་ཚོའི་རོལ་དབྱངས་རེད

                                2016.7.14ཉིན།

                            འབའ་ཐང་ལ་སླེབས་པ།

ས་རྨིགས་ཤིག་གིས
སྐྱེ་བོ་ལྔ་ཡི་སྡུག་བསྔལ་ཁུར་ཏེ་འབའ་ཆུའི་འགྲམ་ལ་ཆས
རླུང་ནང་གི་དཀོན་མཆོག་ཉིད
ཚ་བའི་དབང་གིས
མཛུབ་རྩེ་ན་འོད་འཚེར་བའི་མི་དག་གི་ལག་ལ
ཞེ་སྡང་གིས་འགྱིག་གི་ཆར་གདུགས་རེ་གནང
ཁོ་ཚོའི་བསླབ་དེབ་ནི
ཁ་པར་ཨང་གྲངས་དང་སྡོད་དམངས་ལག་འཁྱེར་སྟེང་དུ་འདུག
འཕུར་ཤེས་པའི་ཉི་འོད་ཀྱིས
བྲག་རི་ལས་ཀྱང་མཁྲེགས་པའི་མི་ཡི་བྲང་ཁོག་ཏུ
ལུ་གུ་རྩེད་ལྡིང་གི་རྗེས་ཤུལ་ཏུ་རྣོ་ལྕགས་ཀྱི་བཟོ་གྲྭ་བཏབ
ཞོགས་པ་དང་སྲོད་ཁ་ཡི་དུས་སུ
འབྲི་མོའི་འོ་མ་འཇོ་བའི་ཁྲོད
ཉི་ཟེར་དང་མིག་ཆུས
དབྱངས་རྟ་ཞིག་ཡར་ནས་ཡར་ལ་བཀྱགས
སྦྲང་མ་ཞིག་བང་སྒྲ་དང་བཅས་ལུས་སྟེང་དུ་འབབ་དུས
མེ་ནང་གི་ཟེའུ་འབྲུ་གང་སར་འཐོར
དུས་ཀྱི་དེད་པའི་ངའི་ཕ་ཡུལ་ལ་མིང་གཉིས་ཡོད་པ་བརྗེད་པར་གྱིས

                            ༢༠༡༦-༨-༣ཉིན།

                            མེ་འཁོར་ས་ཚུགས་ནས་ཁྱེད་རང་ངུས་པ།

མཛའ་མོ  ལག་པ་གློད་དེ་མེ་ཏོག་གཉོར
མི་ཚོགས་ཀྱི་སྒྲིབ་ཡོལ་ལས
ངའི་རྒྱབ་གཟུགས་མཐོང་མ་ཐུབ་པ་རྗེས་ཀྱི་ཁ་པར་ལས་ཐོས
མེ་འཁོར་དལ་མོའི་འགྲོས་ཀྱིའི་ཕར་སོང་བ་ཙམ་གྱིས
མགྱོགས་པར་བགྲོད་སོང  སྐྱེ་བ་སྔ་ཕྱི་ཅིང་བརྗེས་སོང
འཁོར་ལོས་གཙུབ་པའི་མེ་སྟག་དང་མེ་ཏོག་གི་འདབ་མ་གཉིས་ཀྱིས
འུ་གཉིས་སྡོད་སའི་མཐའ་འཁོབ་དེ་རུ་འཁྲིད་སྲིད་མོད
ལུས་སྟེང་དུ་མིག་ཆུ་འབབ་ས་མི་འདུག
ཁྱེད་ཕྱོགས་སུ་བསྐྱུར་བའི་གྲིབ་མ་དེའི་ནང་དུ
ལྗན་ལྗིན་གྱི་རྩྭ་ལྡུམ་ཁ་ཤས་སྐྱེས་ཏེ
མིག་མཐའ་དམར་པོར་བསྒྱུར་འདུག་པ་དེ་རིང་རྟོགས
འདི་ཕྱོགས་ཀྱི་ཡུལ་གྲུ་ཁྱེད་སྡོད་སའི་གནམ་མཐའི་ཕྱོགས་སུ་བསྐྱོད
བདག་གི་མཛའ་མོ ལག་པ་གློད་དེ་མེ་ཏོག་གཉོར

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།