གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངལ་རྫིའི་སྙན་ངག་གསར་བ། ཉིན་མོའི་སྙན་ངག

2017-08-01 15:03:47 ངལ་རྫི། ཀློག་གྲངས། མཆན ཡོད།


ཉིན་མོའི་ཉི་ཟེར་ཚ་ལམ་ལམ་བྱེད
ནམ་མཁར་སྤྲིན་པ་བྱེའུ་མགོ་ཙམ་ཡང་ལྷག་མི་འདུག
རླུང་ནི་སྟོང་བས་ཟིན་པས་ད་ནི་ཀུན་ནས་སྟོངས
ནམ་མཁའ་ན་ཉི་མ་རང་ལས་ཅི་དང་གང་ཡང་མེད

ནམ་མཁའ་ཁ་དོག་གཅིག་གིས་གྲུབ་འདུག
ཁ་དོག་དེ་གཞན་ལ་སྒྱུར་མཁན་ས་ཐོག་ན་མེད
སྐྱེ་རྒུ་ཀུན་ཁ་དོག་གཅིག་གི་འོག་ནས་ནར་སོན
བུ་ལོན་དང་དྲིན་ལན་ཡོངས་རྫོགས་ནམ་མཁར་བསྔོ

ཁ་དོག་ནི་དུས་ཚིགས་ཀྱི་དབང་གིས་ཡིན་ནའང་
ད་ལྟ་དུས་ཚིགས་ལ་ཡང་རང་དབང་མི་འདུག
ཉི་མ་སྔར་བཞིན་ཤིན་ཏུ་ཚ་ཞིང་འབར
མིའུ་དང་སྒོ་ཟོག་རྣམས་དུད་དེ་འགྲོ

ནམ་མཁའི་ཁ་དོག་གནའ་སྔ་མོ་ནས་འདི་ལྟར་ཡིན་ཟེར
གནའ་དུས་ཀྱི་གནས་ཚུལ་རྣམས་མེས་པོ་ཚོས་རྒྱང་ལ་ཁྱེར
ད་ལྟ་ལྷག་ཡོད་པ་ནི་འགྱུར་མེད་ཀྱི་གཏན་ཚིགས་དག་ཡིན
སྒེར་ལ་རྨིས་པའི་རྨི་ལམ་གཅིག་པོ་ཡང་ཁ་དོག་སྣ་གཅིག་ཡིན

ཡིན་ཀྱང་མཚན་མོ་ཟེར་བའི་གཏམ་རྒྱུད་ཅིག་གོ་མྱོང་
དེ་ནི་འཁྱམ་པོའི་མིག་གོང་ལས་བཞུར་འོང་བའི་གདུང་བ་ཡིན
ཁོ་ཚོ་རྒྱང་ཐག་རིང་བའི་ཕ་རོལ་ནས་ལམ་ལ་ཆས་དུས
བརྩེ་དུང་དུ་འབོད་པའི་རྒྱགས་བྲོ་རུམ་གང་བཅུག་ཡོད

བརྩེ་དུང་ཟེར་བ་ཁ་དོག་གཞན་ཞིག་ཡིན་ནམ
ཡུལ་མི་ཚོས་བློ་རྟོག་ཙམ་ལས་བསམ་གཞིག་ག་ལ་ཕོད
ཡུལ་བ་ཚོས་མཚན་མོ་ཟེར་དུས་འོད་སྣང་དྲན་པ་ལས
འོད་སྣང་ཕན་ཆད་ལ་རེ་ལྟོས་བྱས་མྱོང་མེད

མཚན་མོ་ནི་ཉི་མའི་རྒྱབ་ལོགས་ཀྱི་ལོག་ལྟར་ངོས་འཛིན་བྱེད
ཁྱེད་ཚོས་མིག་ཟུང་ལོང་བར་གྱུར་ན་མ་གཏོགས་མཐོང་མི་སྲིད
ཁྱེད་ཚོ་འཆི་བས་བརླག་སྲིད་ཀྱང་མཚན་མོས་མིན
རྨི་ལམ་ནི་ལོག་སྤྱོད་ཀྱིས་དྲངས་པའི་རྣམ་སྨིན་ལ་གོ་བ་ལེན

འགྲོ་བ་མི་རྣམས་བཙལ་ན་རྙེད་ཅིང་བཙུགས་ནའང་སྐྱེ
སྐྱེ་བོ་རྣམས་གཏོར་ན་ཐོར་ཅིང་བཅུམ་ནའང་ཡོང་
ཁོ་ཚོའི་མིང་ལ་མིང་ཟེར་རུས་ལ་རུས་སུ་འབོད
ཁོ་ཚོའི་ཕ་ནི་འོད་དང་མ་ནི་ཟེར་ལ་གཏད

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།