གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་ཉེ་བའི་ལམ་འགྲོ་བ།(ཞར་བཀོད་གསུམ་ཡོད)

2017-08-29 12:18:26 རྔ་བ་ཚེ་རིང་སྐྱིད། ཀློག་གྲངས། མཆན ཡོད།

DEDB66B8-A814-4A77-B207-9559BB68370B-262-000000172386FF89_tmp.JPG

ཁ་བའི་ལོ་མ་ལྷབ་ལྷུབ་འཕུར་བའི་མཚན་མོ་འདིའི་བཞིན་དུ
སྐྱེད་ཚལ་དང་སྤང་ལྗོངས་སྔོན་མོའི་མཛེས་སྡུག་མཐོང་ངམ
རྔམ་མཐུག་པའི་མཁར་རྫོང་དེ་ཚོས
ཁྱོད་ཀྱི་མིག་ཟུང་རྒྱང་དུ་ཁྲིད     སྙིང་ཉེ་བའི་ལམ་འགྲོ་བ

ངས      རང་ཉིད་རང་རྣམ་ཞིག་ཏུ་འབྲི་བཞིན
ཀ་མད་སུམ་ཅུའི་བདེ་སྡུག་དང་ཆགས་སྡང་རུམ་ནས
ལོ་ངོ་མང་པོ་ལ     འབད་འབུངས་ཀྱི་སྲོག་གིས
གངས་ནས་འོངས་ཤིང་ཁྱེད་ཉིད་བཙལ
སྙིང་ཉེ་བའི་ལམ་འགྲོ་བ       ཁྱེད་ཉིད་དང་ལྷན་གཅིག་ཏུ
ད་དུང་ཐག་རིང་དུ་འགྲོ་དགོས་ལ
གངས་དེའི་ཕ་རོལ་ཡང་བརྒལ་དགོས

མཚན་མོ་འདིའི་ལྷགས་གྲང་གི་ཕ་རོལ་ན
ཕུགས་གྱི་མཚོ་ཀློང་ཆེན་མོ་འཁྱིལ    
སྦྲ་གུར་དང་ཆོན་ཐག་ལ་ཚང་རྩིས་བརྒྱབ
བདག་གི་གཉིད་བོར་བའི་དུས་བཟང་འདི་ལ
ང་དང་ངའི་ལག་གི་སྨྱུ་གུ་འདིས
ཁྱོད་ཀྱི་རྨི་ལམ་རྙེད་སྲིད་དམ

ལམ་འགྲོ་བ    ངའི་སྙིང་ཉེ་བའི་ལམ་འགྲོ་བ
ཁྱོད་ལམ་དུ་འགྲོ་བཞིན་ཡོད་པས
ངས་ཁ་བ་འཚུབ་ཐེངས་དེ་རྨང་ནས་བརྗེད་ཅིང
ནམ་མཁའ་ལ་ལམ་དཀར་པོའི་གཏམ་རྒྱུད་བཤད
ངས་ཚུལ་འཆོས་ཀྱི་བཞོན་རྟ་ནག་པོའི་གདོང་ལ་མཆིལ་ཞགས་བཏབ་སྟེ
རྨི་ལམ་གྱི་ལྷ་བྱ་དཀར་མོ་ལ་སེམས་གསོ་བྱས
ཁྱོད་ལམ་དུ་འགྲོ་བཞིན་ཡོད་པས
ངའི་རང་སེམས་དྲོན་མོའི་ནང་གི་ཉི་ཟླ
རང་བཞིན་གྱིས་ཚེས་ལ
ངའི་འདས་ཟིན་པའི་ཁ་དོག་དག་ལའང་སྣང་བའི་འདབ་མ་རྒྱས

འདི་ལྟ་བུའི་མཚོན་མོའི་གཤོག་པ་གྲངས་མེད་བསྐྱངས་པའི་རྗེས་སུ
ཁྱོད་ལ་ཐོབ་འོས་པ་ནི་ཅི་ཞིག་ཡིན་པ
ཁྱོད་ཀྱིས་གསལ་བོ་རྟོགས་ངེས   
སྙིང་ཉེ་བའི་ལམ་འགྲོ་བ

སྒོ་ཁྱིའི་ཚོགས་ཀྱིས་བདེན་དཔང་བྱེད་ངེས
བདག་ལ་མ་དབང་བ་དང བདག་གིས་བགྲོད་དགོས་པ
ད་དུང་ཁོ་ཚོ་མི་དགའ་བའི་ལམ་དེའི་ཕྱིར་དུ
ཚེ་གཅིག་ལུས་གཅིག་ལ
ཁྱོད་ཀྱི་རྔུལ་ཆུ་དང་གཏན་ཚུགས་ཁོ་ནའི་ཀ་བ་བྱེད་ངེས
ལམ་འགྲོ་བ     ངའི་སྙིང་ཉེ་བའི་ལམ་འགྲོ་བ།

                               2017.2.10མཚན་དཀྱིལ་དུ་བྲིས།

                                         ངའི་ཡིད་ཀྱི་ཆུ་མིག

ངའི་ཡིད་ཀྱི་ཆུ་མིག་གནམ་སའི་བར་དུ་བཞུར་སོང་།
ངའི་ཡིད་ཀྱི་ཆུ་མིག་ལུས་ཀྱི་ཕུང་བོར་ཁྱབ་ཡོད།
སྐྱོ་བ་མང་པོ་ཞིག་གི་སྣེ་མོར།
རྒྱ་མཚོའི་ནང་དུ་བསྐུར་ཅིང་།
གསང་བ་དེ་གློག་འགྱུ་བཞིན་རླུང་ལ་ཁུར།
སྐབས་དེར།     ཁྱོད་ཀྱིས་རང་ཉིད་གཏན་ནས་འཚོལ་ཐུབ་མ་སོང་།
ཡིན་ནའང་།   ཤ་དང་རུས་པའི་གསེང་ནས་ཚོར་ཐུབ་པ་ནི།
ཡིད་ཀྱི་ཆུ་མིག་འགོ་ནས་རྙོག་བཞིན།
དྭངས་མཐའ་མེད་པའི་ཆར་བ་ཁོ་ན་ལས།
ཁྱོད་ཀྱིས།     ཐབ་ཁུང་དུ་འབར་བཞིན་པའི་མེ་ལྕེ་དེ་མཐོང་བྱུང་།
ཁྱོད་མེ་ལྕེ་དེ་ལ་ཡིད་སྨོན་ཤོར།
ཁྱོད་ལ་མིག་ཆུ་བཞུར།

ངའི་ཡིད་ཀྱི་ཆུ་མིག་ནི།
ས་གཞིའི་མེ་ཏོག་གི་ཁ་དོག་ཡིན།
སྙིང་ཉེ་བའི་སྐྱེ་དངོས་སྣ་ཚོགས་ཀྱི་འབོད་པ་ཡིན།
དེར་སྐྱབས་མགོན་མེད།
ཨ་མའང་མེད།
རྒྱུན་པར་བཞུར་ཡོང་བའི་སྐབས་སུ།
ན་ཟུག་དང་རྦ་རླབས་མཉམ་དུ་འཕྱུར།
ལྷིང་འཇགས་ཀྱི་སྐར་མའི་གོ་ལ་ངུས།
སྐབས་དེར།
ཁྱོད་ཀྱིས།    རྒྱ་མཚོའི་གཏིང་དུ་ནུབ་པའི་གྲུ་དཔོན་ཞིག་མཐོང་།
ཁྱོད་གྲུ་དཔོན་དེ་ལ་སྙིང་རྗེ་སྐྱེས།
ཁྱོད་ལ་སྐད་ཆ་མེད་སོང་།

དེ་ནི་རྔོན་པའི་ལག་གི་མདའ་མོ་ཇི་བཞིན།
ཁྱོད་ཀྱི་ཚེ་སྲོག་གི་རྩིས་ཐང་གསོད་རྩིས་བྱས།
ཁྱོད་ཀྱིས།   ད་གཟོད་རང་ཉིད་སྔ་མོ་ནས་བོར་འདུག་པ་ཚོར།
ཁྱོད་གློ་བུར་དུ་འཇིགས་ཤིང་སྐྲག་ཏེ།
ནམ་ཡང་།   ཡིད་ཀྱི་ཆུ་མིག་དེ་ཧེབ་ཀྱིས་བཏུང་དགོས་བྱུང་།
ནམ་ཡང་བཏུང་དགོས་བྱུང་།

                                   2017.3.8

                                     ཡི་གེ་འབྲི་ཤེས་པའི་ཁ་བ།

ཧི་མ་ལ་ཡའི་མགོ་ཐོག་ཏུ་ཁ་བ་ཞིག་འབབ་བཞིན་འདུག
ལོ་ཟླ་དང་ལྷགས་གྲང་གིས་ཇི་ལྟར་གཙེས་ཀྱང་།
ཡར་ཀླུང་གཙང་བོའི་བཞུར་རྒྱུན་དང་འགྲོགས་ཏེ།
དུས་རྟག་ཏུ་ཧི་མ་ལ་ཡའི་སྐྱ་ཡ་བྱས་ཡོད།

ཁ་བ་དེས་ཡི་གེ་འབྲི་ཤེས།
མིག་ཟུང་ནང་དུ་བཀུག་ཚེ།
ཁ་བས་བོད་ཡིག་ཅིག་འབྲི་བཞིན་འདུག་པ་མཐོང་ཐུབ།
རྫོགས་མཐའ་མེད་པའི་བོད་ཡིག་འབྲི་བཞིན་འདུག་ལ།
རྣམ་པར་བཀྲ་བའི་བོད་ཡིག་ཀྱང་འབྲི་བཞིན་འདུག་པ་མཐོང་ཐུབ།

ང་ཚོ་དགའ་བའི་དུས་སུ།
ཁ་བས་མཛེས་སྡུག་གི  
བརྗིད་ཉམས་ཀྱི་བོད་ཡིག་ཅིག་འབྲི་བཞིན་འདུག
ང་ཚོ་སྐྱོ་བའི་སྐབས་སུ།
ཁ་བས་ཉམ་ཆུང་གི
ནུས་མེད་ཀྱི་བོད་ཡིག་ཅིག་བཞིན་འདུག

ཡི་གེ་འབྲི་ཤེས་པའི་ཁ་བ་དེ།
མི་རིགས་ཤིག་གི་བདེ་སྡུག་དང་མཚུངས་ལ།
རྒྱལ་ཁབ་ཅིག་གི་ཆག་འཇིག་དང་ཡང་མཚུངས།

གོ་ལ་འདིར་ཡི་གེ་འབྲི་ཤེས་མཁན་མང་པོ་ཡོད་མོད།
རང་གི་བདེ་སྡུག་ཁུར་བའི་ཁ་བ་དེས།
ངའི་ནམ་གུང་གི་རྨི་ལམ་དཀྲོགས་ཤིང་།
ང་ལ་མཐའ་མཇུག་དང་འདྲ་བའི།
ཡུམ་སྐད་མང་པོ་མང་པོ་ཞིག་ལབ་བྱུང་།

                              2017.3.12 མཚན།

                                   ང་ནི་རྩྭ་ཐང་གི་བུ་མོ་ཞིག

རྩྭ་ཐང་གི་གར་སྟེགས་སུ།
གླུ་སྐད་དང་འདྲ་བའི་དགོད་སྒྲ་གཉོམ་པོ་ཞིག
ངའི་བདེ་སྐྱིད་ཀྱི་རྣ་བས་ཐོས།
དགུན་གཞུང་དུ་འཁྲུངས་བའི་མེ་ཏོག་ཅིག
ཁོང་གི་བློ་ཁོག་ཡངས་མོས་གསོ་བར་བྱེད་ཅིང་།
བསམ་ཡུལ་ལས་འདས་པའི་རྩྭ་ཐང་འདི་རུ།
འགྱོད་གདུང་དང་འཁོན་སེམས་མེད།
(རྩྭ་ཐང་། རྩྭ་ཐང་། ང་ནི་རྩྭ་ཐང་གི་བུ་མོ་ཞིག)

ང་ནི་རྩྭ་ཐང་གི་བུ་མོ་ཞིག
རྩྭ་ཐང་ཁོ་ནས་ངའི་ཁ་ལོ་བསྒྱུར་ཆོག་ལ།
བརྩེ་བའི་ཉི་ཟེར་དྲོན་མོས།
ང་རང་ཡོངས་སུ་བཀླུབས་སོང་།
ཆོད་སེམས་གཙང་མ་བཅངས་ཏེ།
རང་ཉིད་ཀྱི་ལས་དབང་ལ་དབུ་ཁྱུད་འབྲི་དང་།
མདུན་སྐྱོད་ཀྱི་གོམ་ཁ་མི་ལྷོད་པར།
དེ་རིང་ནས་ལམ་ལ་ཆས་དང་།
རྩྭ་ཐང་གི་བརྩེ་འདང་ང་ལ་དབང་ངེས།
(རྩྭ་ཐང་། རྩྭ་ཐང་། ང་ནི་རྩྭ་ཐང་གི་བུ་མོ་ཞིག)

རྩྭ་ཐང་གི་གར་སྟེགས་སུ།
གླུ་སྐད་དང་འདྲ་བའི་དགོད་སྒྲ་གཉོམ་པོ་ཞིག
ངའི་བདེ་སྐྱིད་ཀྱི་རྣ་བས་ཐོས།
དབྱར་གཞུང་དུ་ཆགས་པའི་དར་འཁྱག་དེ།
ཁོང་གི་གྲིབ་བསིལ་འཇམ་པོས་སྲུང་མ་བྱེད་ཅིང་།
ངོ་མཚར་གྱི་རྩྭ་ཐང་འདི་རུ།
དམག་འཁྲུག་དང་ནད་ཡམས་མེད།
(རྩྭ་ཐང་། རྩྭ་ཐང་། ང་ནི་རྩྭ་ཐང་གིི་བུ་མོ་ཞིག)

ང་ནི་རྩྭ་ཐང་གི་བུ་མོ་ཞིག
རྩྭ་ཐང་ཁོ་ནས་ངའི་ཁ་ལོ་བསྒྱུར་ཆོག་ལ།
སྐྱིད་ཀྱི་རྟ་ཕོ་ཅིབས་མྱོང་།
གཡང་གི་འབྲི་མོ་བཞོ་མྱོང་།
ཆོད་སེམས་གཙང་མ་བཅངས་ཏེ།
རང་ཉིད་ཀྱི་ལས་དབང་ལ་དབུ་ཁྱུད་འབྲི་དང་།
མདུན་སྐྱོད་ཀྱི་གོམ་ཁ་མི་ལྷོད་པར།
དེ་རིང་ནས་ལམ་ལ་ཆས་དང་།
རྩྭ་ཐང་གི་ཕྱི་ཐག་ང་ལ་དབང་ངེས།
(རྩྭ་ཐང་། རྩྭ་ཐང་། ང་ནི་རྩྭ་ཐང་གི་བུ་མོ་ཞིག)

                                   2017.8.7


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)




རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།