གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁེར་རྐྱང་དང་ཁ་བ།(ཞར་བཀོད་བཞི་ཡོད)

2017-09-09 11:21:12 སྒྲེ་བོ། ཀློག་གྲངས། མཆན ཡོད།


ཁེར་རྐྱང་ནི་ཁ་བ་ལྟར་དཀར་ལ
ཁ་བ་ལྟར་འཁྱག
མཚན་མོ་ནག་པོ་འདིའི་སྔུན་དུ
དཀར་ལམ་ལམ་དང་འཁྱག་སིབ་སིབ་ཀྱིས
ཁེར་རྐྱང་གི་ཕྱི་ནང་གཉིས་ཀ་དམ་དུ་བཟུང་འདུག

རྒྱང་རིང་ཞིག་ན
ཁྱོད་རང་ཟེར་བ་ཞིག་ཡོད་སྣང
དེ་ནི་རྒྱང་རིང་གི་རྨི་ལམ་ཞིག་ཡིན་སྣང

ཁ་དོག་དཀར་པོ
སྣང་བ་འཁྱག་པོ
ང་ཡི་ད་ལྟ་བ

               29/08/17

                                    རྡ་སའི་ཆར་བ།

དྲན་པ་ཐ་དག་ཆར་བས་འཁྲུད་ནས་ཡོང་དུས
འཕྲད་མྱོང་བ་དང
བྲལ་འགྲོ་བ
དུས་ཚོད་འདི་ཡི་ཕྱི་ཤུན་དུ་མི་སྙམ
དངོས་གནས་རང་དབང་ཅི

ཆར་ཐིགས་རེ་རེ
ལག་པའི་སྙིམ་པར་འཐོར་འོང་དུས
དྲོད་ཀྱི་ནེམ་ཤ་འདུག་ལ
འཁྱག་པའི་རྩུབ་རེག་ཀྱང་འདུག
འདི་ནི་ཁྱོད་ཀྱི་མིག་ཀོང་ན་འཁྱིལ་བའི
བརྩེ་སེམས་ཀྱི་ཆར་བ་མིན་པ
ང་ཡིས་ཁ་ཚོན་ཇི་ལྟར་གཅོད

ཆར་གྱིས་བརླན་འགྲོ་བ
རློན་བཞིན་པ་ཐ་དག་མ་རེད
སེམས་ཀྱི་ཕབ་རྗེས་དང
གཟུགས་མེད་པའི་གཤོག་པ་དམར་པོ་རེད

ཆར་གྱིས་རྒྱང་རིང་བརླན་སོང
དུས་ཚོད་འདི་རྒྱང་རིང་ན་ཡོད

            11/08/17

                                     ས་སྲོད།

སེམས་པ་སྨྲེང་དོན
ཕ་ཡུལ་ཡོད་པས་ཡིན
ཁེར་རྐྱང་ཡིན་དོན
ཕ་ཡུལ་མེད་པས་ཡིན

ཐག་རིང་གི་ཉི་འོད་ལག་པས་མི་ཟིན
ཉེ་འཁྲིས་ཀྱི་ཟླ་འོད་སེམས་ཀྱིས་མི་ཟིན
ས་སྲོད་དང་ས་སྲོད
མཚན་མོ་དང་མཚན་མོ
ང་ཡི་སྨྲེང་བའི་སྐར་ཚོགས
རབ་རིབ་ངང
གང་དུ་བུད་སོང

ས་སྲོད་ལ
ཡི་གེ་ཁ་ཤས་འབྲི་ནོར་ཡང་ཡང་ཤོར
སྤྲིན་པའི་གཟུགས་དང
གྲིབ་མའི་དབྱིབས
སྨུག་པའི་རླངས་པ་ལྟ་བུའི
བྲིས་ནོར་ཤོར་བའི་ཡི་གེ་འདི་དག

བྲིས་ནས་ཚར་སོང་ན
ང་རང་ཕངས

                    08/08/17

                                    བྱེའུ།  

རྡ་ས་ན་སྨུག་པ་འཐིབས
མི་ཚོགས་ཀྱི་ཁ་རླངས
ཕན་ཚུན་གྱི་གདོང་ལ་གཙུབ

བྱེའུ་ཞིག་གཤོག་པ་རྡེབ་ཙམ་རྡེབ་ཙམ་གྱིས
མཚན་མོའི་ཚང་ལ་ལོག་པའི་གྲབས་གཤོམ
སྲང་ལམ་གྱི་ཐ་སྙད་འཁྱག་པ་རེ་རེ
རྒུན་འབུ་བཞིན་མཆུ་ཏོས་ཟིན་ཡང
ལོག་པའི་ལམ་ན་སྨྲེང་བ་སྣ་ཚོགས
ནགས་ཚལ་ལོ་མའི་གྲིབ་མར་བལྟེབས

སྒྲོ་སྤུ་རེ་ལ་ཆར་གྱི་ཟིལ་བ་བབས
མིག་གི་མཐོང་ལམ་ན
རང་གི་གྲིབ་མ་ནག་པོ་མ་རེད
སྲང་ལམ་དོག་པ་བཞིན
རང་སེམས་རང་ལ་དོག

ང་རང་གྲོགས་པོ་ཞིག་དང་འཕྲད་བྱུང
ཁོས་ང་རང་བྱེའུ་ཞིག་ཡིན་པ་ཤེས་མི་སྲིད
མ་ཤེས་པས
ང་ཡི་གཤོག་པར་ཀུ་རེ་རྩེད་བྱུང

                 05/08/17

                                      དེ་རིང་།

དེ་རིང
འཆར་གཞི་འདི་དག
དཔེ་ཆ་ཞིག་ཡིན་པ་ལྟར་ཀློག
མིང་མཛོད་ལྟ་བུའི་བསམ་གཞིག
ཡང་ཁ་བརྒྱབ  ཡང་ཁ་ཕྱེ
ཁོམ་གླགས་འདིའི་ཕྱི་ནང
བསམ་གཞིག་གིས
ཡང་ཡང་བཀྲུས་ཤིང་ཡང་ཡང་བཤལ
མཐའ་མཇུག
ལྷོད་ཅིང་ནེམ་པའི་རོལ་དབྱངས་འདི་དང་ལྷན་དུ
སེམས་ཀྱི་ཕྱི་རོལ་ཀྱི་ག་ཤེད་དུ་བྱོ

                    05/08/17


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།