གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་མོའི་འགྲེལ།(ཞར་བཀོད་གཉིས་ཡོད)

2017-09-13 19:51:22 མ་བྱན།(དཀར་མཛེས) ཀློག་གྲངས། མཆན ཡོད།

རྡོ་བའི་མེ་ཏོག་དྲས་པའི་ལྷ་སྒྲུང་ངག་ལ་བཏབ་ནས།
མཚན་མོ་གཙེས་པའི་རྨི་ལམ་བྲང་ཁར་བཞུས།

དོ་དགོང་། ཟླ་བ་དང་སྐར་ཚོགས་ཀྱི་གྲིབ་སོ་འཁྱགས་པར་བྱས་ཤིང་།
གྲང་ངར་གྱི་ལག་པ་མཁའ་དབྱིངས་སུ་གཏད་ནས།
གློ་སྙིང་མཆིན་གསུམ་གྱི་དབང་བོ་འདར་བར་བྱེད།

རྡོ་གཅལ་གྱི་སྲུབས་སུ་མཚན་མོ་བྲིས་ཤིང་།
མཚན་མོའི་སྡིག་སྒྲིབ་ཀྱི་མེ་དབལ་ཚ་བེར་བེར་གྱིས།
དུས་ཚིགས་ཀྱི་ངོ་གདོང་བསྲེགས་པར་བྱས།

དོ་ནུབ་ཀྱི་ཟླ་འོད་ཁོ་ན་གྲང་བར་སྐྲག་ཅིང་།
ཁེར་རྐྱང་གི་སྐྱོ་བ་མཐའ་དག་བཤད་པར་འཇིགས།

འཇགས་མ་ནུས་པའི་ཁྱི་སྤྱང་གི་ཟུག་རྔུར་འཐེན་ཞིང་།
དྲན་འཚོལ་གྱི་རྣམ་ཤེས་འཁྱམས་པའི་མི་ཚོགས་ཀྱིས།
སྔུར་སྒྲ་འཐེན་ཞོར་འཕག་འཚག་གི་དྲན་པ་འཐོར།

རྡོ་བའི་མེ་ཏོག་དྲས་པའི་ལྷ་སྒྲུང་ངག་ལ་བཏབ་ནས།
མཚན་མོ་གཙེས་པའི་རྨི་ལམ་བྲང་ཁར་བཞུས།

                                    བདེ་མོ་འཇོག་ཚུལ།
                                     
དོ་ནུབ་ཀྱི་མཚན་མོ་ལ་བརྩེ་དུང་གི་ལན་ཆགས་ཡོད་པས།
སྐྱོ་གར་རིང་ལུགས་ཀྱི་མཁར་རྫོང་རིང་བར་བཀྱགས།

ཁྱོད་ཁོ་ན།
མེ་ཏོག་གི་བསླེས་པའི་འཇའ་ཚོན་གྱི་གུར་ཁྱིམ་དུ་བསྙལ་ནས།
ཨ་འཐས་སུ་གྱུར་བའི་ལོ་ཟླའི་སྒལ་ཚིགས་སུ་བྲིས།

བདག་མི་ནུས་པའི་ཡིད་སེམས་ཀྱི་རུ་མ་རུ་ཆགས་ཤིང་།
ཚོད་མི་ཟིན་པའི་དྲན་ཤེས་ཀྱི་བང་རིམ་དུ་འཕར།

དུས་ཚོད་ཀྱི་ཕྱག་སོར་ང་ལ་གཏད་ནས།
འཁྱག་སིབ་སིབ་ཀྱི་མིག་ཆུ་འཛག་གྱིན།
ས་ལ་ཐོར་བའི་མུ་ཏིག་དེ་དག་ལ་ཅེར་ནས།
ང་ལ་ལེ་བདའ་དང་སྡང་སྡིག་བྱས།

གློག་འོད་ཀྱི་བསིལ་གྲིབ་འཁྱགས་པའི་ཁེར་ཤག་ཅིག་ཏུ།
བདེ་མོ་འཇོག་ཚུལ་གྱི་བསམ་གཞིག་སྙིང་ཁར་བཏབ་ནས།
སྨྲ་བརྗོད་ཀྱི་གྲིབ་སོ་འཁྱགས་པར་བྱས།

ཆུ་བོ་བྲུག་པའི་ལམ་འགྲམ་གྱི་གནས་ཤིག་ནས།
སྨོན་འདུན་གྱིས་མགར་བའི་བདེ་སྐྱིད་ཅིག
ཚེས་རིས་ཀྱི་ཟླ་བ་བཞིན་འོད་ཀྱིས་བཀང་བའི།
བཞུད་ཟིན་པའི་ལམ་སྣེར་བཀོད།

ང་ལའང་ངའི་དམ་ཚིག་ཡོད་པས།
རྒྱང་དུ་མི་བཀྱེད་རོགས།     ཉེ་བར་མི་བཅར་རོགས།

                                    རྒོད་པོ་ཡི་ཚོགས་ལ།
                                                          

                                                          ___དགེ་རྒན་དུས་ཆེན་ལ།
                                               

བྱིས་བློ་ཡི་འཇམ་ཤ་ལ་ཕྱག་ཟུང་གི་བྱིལ་བྱིལ་གནང་ཀྱིན
རྨི་ལམ་གྱི་མེ་ཏོག་ཅི་ཙམ་བསླེས་མྱོང་།

དྭངས་གཙང་གི་བློ་ངོར་སྦྲུམ་པའི་བདག་ཡིད་ཀྱི་དགེ་རྒན་ཀྱེ།
དབྱངས་གསལ་གྱི་བྱེ་རྡུལ་རིགས་རུས་སུ་བཏབ་ནས།
མཚན་འཁྱགས་པའི་མི་རབས་ཤིག་གི་ངོ་གདོང་ལ།
འོད་སྣང་གི་ཚ་དྲོད་ཀྱིས་སྲོ་བར་བྱས།

ཕ་སྐད་ཀྱི་དབུགས་རྒྱུན་ལ་ཚེ་སྲོག་གི་རྒྱུ་བ་བསྩལ་ཞིང་།
མ་ཡིག་གི་ལས་དབང་ལ་སྐྱོ་གར་གྱི་མིག་ཆུ་འབྱིན།
ང་ཡི་དགེ་རྒན་ལགས།    ང་ཁྱོད་ཀྱིས་སྲུབས་སུ་ཤར་ཡོད།

རྔུལ་ཆུ་དང་དཀའ་སྡུག་གི་བཙགས་པའི་མིག་ཀོང་ན།
བསམ་གཞིག་ཀློང་རུམ་དུ་ཡན་ནས།
སྙན་ངག་གི་ཚིག་ཚོགས་མེ་ལྕེ་དང་འདྲ་བར།
ཁྱེད་ཀྱིས་ཕྱོགས་སུ་སྟོབས་ཀྱིས་འབར་ཡོང་།        ང་ཡི་དགེ་རྒན་ལགས།

ཀྱེ་ཀྱེ་དགེ་རྒན་ལགས།
ཚེ་སྔོན་ལ་སྒྲུབ་པའི་ཚོགས་བསགས་ཀྱི་དར་ཚོན་དཀར་པོ།
འཆིང་ཐག་གི་མདུད་པ་སྒྲོལ་བའི་རྟ་རྐྱང་རྒོད་པོ།
དེ་རིང་ངའི་ཁྱེད་ལ་གློ་སྙིང་གི་ཕྱི་ནང་བསྟན་ནས།
རྟེན་འབྲེལ་གྱི་ཁ་གཡང་ཁྱེད་ལ་འབོད།        དགེ་རྒན་ལགས།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།