གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་མོ།(ཞར་བཀོད་གཅིག་ཡོད)

2017-11-24 15:16:46 འབྲུག་རྒྱལ་མཁར། ཀློག་གྲངས། མཆན ཡོད།


འབྲུག་རྒྱལ་མཁར།  1992ལོར་མདོ་ལྷོ་ཁུལ་ཐེ་བོ་རྫོང་ནས་སྐྱེས། 2014ལོར་ནས་ལོ་ངོ་བཞིའི་རིང་ནུབ་བྱང་མི་རིགས་སློབ་ཆེན་དུ་བོད་སྐད་ཡིག་རྩོམ་རིག་འཛིན་གྲྭར་སློབ་སྦྱོང་བྱས་ཤིང་། 2017ལོ་ནས་ད་བར་དུ་བོད་ལྗོངས་སློབ་གྲྭ་ཆེན་མོ་རུ་བོད་རྒྱ་ཡིག་སྒྱུར་འཛིན་གྲྭ་རུ་ཞིབ་འཇུག་གི་བསླབ་གནས་ལ་བརྩོན་གྱིན་ཡོད།

རླུང་དམར་ཨ་ཐང་ཆད་པའི་མཚན་མོ་འདིར།
སྲིན་བྱ་དག་ཉི་འོད་ཀྱི་དབེན་གནས་ལས་ཐར།
སྤྲིན་ནག་དུམ་བུ་འགའ་གཙུག་ལག་ཁང་གི་རྒྱ་ཕིབས་ལ་བརྡབ།
བདག་གིས་གཞུང་ཞབས་པའི་ཡིག་ཚད་ལོན་པའི་རྨི་ལམ་དེ་ཡོངས་སུ་དཀྲོགས།
སའི་སྦུབས་སུ་འཛུལ་བའི་འཕྱི་བ་དག་དལ་མོར་མགོ་བོ་མལ་ལས་བསྲིངས།
རྒན་གསོ་ཁང་དུ་ལུས་པའི་བགྲེས་པོ་ཞིག་གིས།
པོ་ཏ་ལའི་ཕྱོགས་སུ་བཅར་ཏེ།
ཚངས་མགུར་གྱེར།

                     ༢༠༡༦།༡༢།༡༨། ལྷ་ས།

                རྨིག་སྒྲ།

ཡར་ཀླུང་གི་རྨིག་སྒྲ་དང་ཀི་རིང་གིས་རྨི་ལམ་མ་དཀྲོགས་པའི་སྔོན།
སེམས་ངལ་གྱི་འོད་ཟེར་ཆེན་པོ་ཞི་སྙིང་ཁ་བས་འཇགས།
སྒེའུ་ཁུང་ནང་ནས་ང་ལ་ལྟ་བཞིན་པའི་རླུང་གི་མིག་དང་།
ནགས་གསེབ་ནས་ས་རུ་ཟགས་པའི་ལོ་མ་དག་ངལ་བས་གཙེས་ཏེ།
མཚན་ངོགས་སུ་ཁུ་སིམ་མེར་ལུས།

ལྷ་ལས་བབས་པའི་སྐྱེས་པ་དེས།
མི་རྣམས་འབངས་སུ་འཁོལ་བ་དང་།
སྲིན་པོའི་དཔུང་གིས་ས་གསུམ་སྒུལ་བ་སོགས།
གཏམ་རྒྱུད་ཀྱི་བྱུང་བ་ག་འདྲ་བརྗིད་ཀྱང་།
རྟ་ཕོའི་རྨིག་ཁས་སྤུར་བའི་རྡུལ་ལ།
ཐ་སྙད་ཀྱི་མྱ་ངན་འཁོར།

དོ་ནུབ་ཟླ་འོད་ཀྱི་ཟིལ་བ་ཆགས་སའི་ལོ་མ་དག་མི་འདུག
སྙིང་གི་ཨ་ཡིག་གྱེར་སའི་སྐུ་ཞབས་དེ་མི་འདུག
མེས་པོ་ཚོ་ས་བོན་བཞིན་དུར་ལས་མ་འབུས་པའི་སྔོན།
ཏག་ཏག་དོ་ནུབ་སྟེ།
ལྷ་སྒྲུང་ནང་གི་བུ་མོ་དེའང་ཡུགས་སར་ལུས།
ཆོས་དཔེ་ངོས་ཀྱི་ལྷ་ཡུལ་ནས།
བདག་གིས་རྟ་ཕོ་ཞིག་བཙལ།

              ༢༠༡༧།༡༡།༡༥། ཐེ་བོ།


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།