གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིག་མདུན་གྱི་གཞིས་ཀ

2017-12-16 20:04:24 ཐ་སྐར། ཀློག་གྲངས། མཆན ཡོད།

འཆི་བ་མ་སླེབས་པའི་གོང་ལ
གཟན་སྣེ་སྐྱི་སེར་རླུང་གིས་གཡོ་ཙམ་གཡོ་ཙམ་བྱེད
སྨྲེང་སྐྱོ་འདྲེས་མའི་འདས་སོང་གི་ལོ་ཟླ་དག་རེ་རེ་བཞིན་ཕྱིར་བཤིག་ཚེ
སྙིང་ལ་སྡུག་པའི་ཁྱོད་ཀྱི་ངོ་གདོང་ན་མིག་ཆུ་ཤམ་ཤམ་བཞུར་བྱུང
ཉི་འོད་འཁྱག་པའི་ཕྱི་དྲོ་རེ་རེ་ནི་གློག་འཁྱུག་པ་བཞིན་ཚེ་སྲོག་གི་ཉག་མ་སྐད་ཅིག་ལ་ཡལ་འགྲོ
འཇིག་རྟེན་གཞན་ཞིག་གི་སྒོ་ཐེམ་རྡོག་པས་མནན

མལ་ཁྲི་ཞིག་གི་ཆེ་ཆུང་དང་མཉམ་པའི་འཇིག་རྟེན་འདི་ནས
ལང་ཚོ་དར་ལ་བབས་པའི་བུ་མོ་ཞིག་གི་ལུས་ལ་སེན་འབྲད་བྱས
དིང་གི་དགུན་རླུང་རབ་ཏུ་བཟི་སྟེ་གཡུག་གིན་འདུག
ཐལ་རྡུལ་དང་སྐམ་རིད་དུ་གྱུར་བའི་ལོ་མ་དག་འཁུར་གྱིན་འདུག
འཆི་བའི་ཁ་གཏད་དུ་སྡོད་སྲིད་པའི་ང་ནི
ཐལ་རྡུལ་གྱིས་ཟིན་པའི་ལམ་འགྲམ་གྱི་སྡོང་ཕྲུག་ཅིག་ལྟར
སྨྲ་བ་འགག་ནས་ཉམ་ཆུང་གི་ཟོལ་དུ་ལུས་འགྲོ

ས་གཞི་དང་གཙང་བོ་ནི་ལུས་དང་གྲིབ་མར་འབྲེལ་འདུག་ལ
ཞེན་ཆགས་ཀྱི་ཁུགས་སོར་འཐིམས་པའི་ཡིག་འབྲུ་སྣ་ཚོགས
ཆེས་བློས་མི་ཐོངས་པའི་ཐ་སྙད་འདི་དག
ཨར་འདམ་གྱི་ཐང་ཆེན་དང་རྩྭ་ཐང་ནས་ཡུན་རིང་བཙལ་ཀྱང
བཙལ་ནས་རྙེད་རྒྱུ་མེད་པའི་ཡིག་འབྲུ་དེ་དག
འབྱུང་འགྱུར་གྱི་སྙན་ངག་པ་དེར་ཐ་སྙད་ཀྱི་མུ་གེ་དང་ནམ་ཡམས་མྱོང་ངེས
ཆུ་ནང་དུ་བཞུར་སོང་བའི་ལོ་དང་ཟླ་བ  དུས་ཚོད   སྐར་མ
དེ་དག་རེ་རེ་བཞིན་ལག་པ་ཇི་ལྟར་བསྲིངས་ནའང་འཛིན་ཐབས་བྲལ

འབྲོག་གི་རྩྭ་ཐང་ནས་རྒྱུན་ཆད་མེད་པར་གླུ་གཞས་བླངས་མྱོང་
བའི་རྫི་བོ་དེས་རྨི་ལམ་དུ་སྒོ་ཕྱུགས་ཤིག་བཟོས
དབྱར་གཞུང་གི་ཉི་འོད་འཇམ་ས་རུ
ངས་ནམ་མཁའི་སྤྲིན་དཀར་ལ་བལྟས་ནས་ལུག་ཁྱུ་དྲན
རྨི་ལམ་དུ་མངོན་པར་གསལ་བའི་སྒོ་ཕྱུགས  ནམ་གསལ་རག་བར་རྩྭ་ཐང་དུ་རོལ་ཆོག
ས་སྲོད་ཀྱི་སྡུག་ཡུས་འཐུང་དུས  མི་ཚོགས་ཀྱི་ཡོ་ལང་རེ་རེས
ནམ་མཁའ་དང་ས་གཞི་སྒུལ་བྱུང

ནམ་མཁའ་རྒྱ་ཆེན་འདི་སྟོང་བ་ཁོ་ནར་འགྱུར
བྱ་དང་བྱེའུ་མཐའ་དག་ངུ་ངག་བོར་བའི་རྒྱུད་དྲུག་ཅིག་ཏུ་གྱུར
ང་ཚོར་འཇིག་རྟེན་འདིའི་སླུ་བྲིད་ཁོ་ན་འཁྲབ་སྟོན་བགྱི་བཞིན་པ་མིན་ནམ
ཕོར་གྱི་གཏིང་མཐའ་ན་མངར་སྐྱུར་ཁ་གསུམ་ཁུད
ས་རུབ་རྗེས་ང་རང་གཏན་ཏུ་ཕྱིར་འོང་མེད་པ་གྱིས་ཤིག
ཡང་བསྐྱར་གནས་འདིར་འཆམ་འཆམ་དུ་འོང་སྲིད་དམ
རང་ཉིད་ལ་དབང་བའི་ཐ་སྙད་ཀྱི་བེམ་པོའི་ཚོགས་མེ་རུ་སྒྲོན
མི་ཁྱི་གཉིས་ཀྱི་རྐང་རྗེས་གྲ་མཉམ་པ་ཞིག་ཁ་བའི་ཁྲོད་ནས་རྒྱང་རིང་དུ་འཐེན                           
                       
             2017/11/30མཚན་མོར་མཇུག་གྲུབ།


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།