གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་འོད་གཏུབ་པའི་མཚན་ལ།(ཞར་བཀོད་ལྔ་ཡོད)

2017-12-22 05:47:43 འབྲོག་ཤེས་རབ།(དཀར་མཛེས) ཀློག་གྲངས། མཆན ཡོད།


ཉིན་གཅིག་གི་ཤོག་ངོས་དེ་ལོ་རྒན་གཅིག
ཉི་འོད་བརྩེགས་པའི་ལྕགས་ལམ་གྱི་བརླ་ཤ་དེ་རླུང་བུའི་ཡལ་གར་འབྱར
མེ་རྡུལ་སླ་ང་རུ་བཞག་པས་ལམ་གྱི་ཆུ་མིག་སྐམ་ལ་ཉེ
ལྗོན་པའི་ངལ་དུབ་ནི་ལོ་རྒྱུས་བཞིན་ས་སྲོད་ཀྱི་མཚམས་སུ་ལྷུང
གློ་ཉལ་བྱས་པའི་ཕོ་ཧྲེང་དེ་སྤྲིན་པ་ནག་པོ་ཞིག་གི་ཁྱམས་འོག་ན
སྙི་དྲགས་པའི་དུས་ཚོད་ཀྱི་བྲང་འོག་ཏུ་འབུས
ལྕགས་བཟོས་རྩེད་ཆས་དེ་རླུང་བུ་ཡང་མོ་ཞིག་གི་གཤོག་པ་རེད
རླུང་བུ་ཡང་མོ་དེ་ཡང་ལྷ་སྒྲུང་ཞིག་གམ
རླུང་ནག་འཚུབ་མ་ནི་མྱ་ངམ་ཐང་གི་གཅན་གཟན་ཁོ་ན་རེད
གྲངས་ལས་འདས་པའི་ཉི་འོད་དམར་པོ་འཕྲོས་པ་དེ
ཁོ་མོ་ཚོའི་ནུ་མ་དང་འདྲ་བར་རྡོ་ཀ་མ་རུའི་འོད་དུ་འཚེར
ཚེ་ལས་འདས་པའི་ཐང་ཆེན་དུ་དགུང་མོར་གློ་བུར་དུ་གཉིད་སད
གློ་བུར་དུ་ས་སྲོད་ཀྱི་མིག་ནང་དུ་ཧོན་ལོག་པ་རེད་དམ
བུད་མེད་གྲངས་མེད་ཀྱིས་གནག་སྣུམ་གྱི་སྐྲ་ལོ་རིང་བོ་བཞག
ཡིན་ནའང་མྱ་ངམ་ཐང་དུ་ང་ཚོ་ལུས་ཡོད་པས་བྲོས་བྱོལ་མ་ཐུབ
མྱ་ངམ་ཐང་གི་མུ་མཐའ་མེད་པའི་ལག་ཟུང་བརྐྱང་ནས་ཡོད

གྲང་ངར་ཆེ་བའི་དགུན་དུས་ནམ་མཁའ་དང་མེ་ཏོག་ཐ་དད་པས
སྐད་ཆས་མི་ཤོད་པའི་མེ་ཏོག་དག་མུན་ནག་གི་བུམ་པར་འདར་སིག་སིག
དུག་སྦྲུལ་གྱི་རོལ་རྩེད་ནི་འཆི་བའི་ལམ་ཡིག་བཞིན
སྐད་བརྡ་ཡི་དམིགས་འབེན་མེད་པ་ཙམ་ལས
དམྱལ་བའི་སྡེར་མོ་བརྐྱངས་བའི་ལྡོག་འཁོར་ངོས་སུ
དགུན་ཁ་སྐྱ་བོ་ཞིག་གི་མེ་ཏོག་ཡོད་ཚད་བཞད
གྲང་ལ་ངད་ཁ་སྐྱུག་པའི་ལྦུ་བ་དག་ཡོམ་ཡོམ་འགུལ་ནས་སྐད་ཆ་མི་ཤོད
རྡོག་ངོས་སུ་བརྫིས་པའི་དོ་ནུབ་གྲངས་མེད་ཐལ་མདོག་གི་ཕུགས་འདུན་ལྟར
སྙིང་ཐུབ་བྲིས་པའི་སྲང་ལམ་དེ་སྐད་ཆ་མི་བཤད་པའི་རྨ་ཁར་དབྲིལ
དྲོད་འཇམ་གྱིས་འཕྱོ་འཁྱག་བཙལ་ནས་རླུང་གི་རྨི་ལམ་དུ་གྱུར
ཕྱིར་ལོག་མེད་པའི་འཚོ་བར་བྱིས་སྒྲུང་གི་རྨི་ལམ་བཞད
བརྩེ་དུང་གི་མིག་མདངས་དོན་སྟོང་རུ་འཇུག་མི་ཉན་ཡང
དགུན་ཁའི་འཁྲིས་ཀྱི་གྲང་ངར་གཙང་བོའི་རྡུལ་དུ་གྲུབ

               འགྲོ་ལམ་ཉི་མའི་ཁ་ཆུ།

མགྱོགས་ལམ་ཞིག་བསྐོར་ན་འཕྲེད་ངོས་གསུམ་པའི་མདུན་དུ་ལྷུང
མི་འབོར་ཆེ་བའི་གཞུང་ལམ་ནི་གྲོག་མའི་རང་ཁྱིམ་སྟེ
གནས་མེད་ཡུལ་གྱར་དུ་སོང་བའི་ང་ཚོ་གྲོང་འཁྱེར་གྱིས་བཙིར་ནས་བྱུང
དངོས་གནས་ཕར་འཐེན་ཚུན་འཐེན་གྱིས་པའི་ལམ་རིས་དག
མཛའ་སེམས་དང་འབྲེལ་བ་མེད་པའི་འཕྲིན་ཡིག་ཅིག
རྡུལ་གྱིས་བྲིས་པའི་ཁ་རླངས་ངོས་སུ་འཇིག་རྟེན་གྱི་འཆི་གསོན་ཤར་བཞིན
ཞེད་སྣང་དང་འཁྲེང་ཞེན་གྱི་བར་ཐག་གཏོར་ནས
ཁྱེད་རང་ཕེབས་པའི་ལམ་བར་དུ་སྙིང་སྡུག་བཞིན་གྱི་རླུང་བུ་གཡོ
རྐང་འོག་གི་འགྲོ་ལམ་འདི་རྨོངས་གཉིད་ལས་སད་པའམ
བདེན་བཟང་མཛེས་གསུམ་ཀྱི་འགན་ལྗིད་པོ་དེ
སྔོན་ཆད་ཀྱི་རྐང་ལམ་དང་མི་འདྲ
སྨུག་པའི་རི་རྩེ་རུ་རྩ་སྦུབས་ཀྱི་རྔུལ་དྲི་ཐུལ
ནང་སེམས་ཀྱི་བར་སྣང་སྨྱོས་སོང་བ་ལྟར་ཉམས་ཀྱིས་འཚོལ
ཟིང་ཟིང་ཆེ་བའི་རྣ་བར་བསྔགས་མང་བཟླས
         
                                       2017.12.13ཉིན་ལན་ཀྲུ་ནས།

               བྱིས་དུས།


ཕྱིར་ལ་སོང་དུས་ཁྱོད་ཉིད་འོད་ཞིག་ཏུ་གྱུར་ཐུབ
འདས་པའི་དུས་རབས་ཀྱི་བྱིས་པ་དག་གིས་བཙན་ས་བཟུང་ནས
 ཞོགས་པ་སྔོག་བཞིན་དུས་ཚོད་ཀྱི་འཁོར་ལོ་ཆུང་ངུར་བཏང
ཉི་འོད་ལས་རྒྱ་སེའི་མེ་ཏོག་དང་འཁོས་ངན་པའི་བྱ་བ་དེ་ལས
ཉི་མའི་རྗེས་སུ་ལུས་པའི་ངའི་སྒེའུ་ཁུང་གི་འགྲམ་དུ
ཚོས་མདངས་མེད་པའི་རེ་བ་བཟུང་ནས་རང་ཉིད་ཀྱི་གྲིབ་མ་བསུབ
ཁྱོད་ཀྱི་མིག་སྔར་ཀྱི་ནགས་ཚལ་ཆུ་ཟོམ་གྱི་འགྲེལ་བཤད་ཉིད
ང་ནི་ཁྱོད་ཀྱི་རྐང་བའི་ས་རྡུལ་ལྟར་སྨྱུང་གནས་ཀྱི་འོག་ཏུ་ཚུད
དུས་ཀྱི་ས་གཞིར་རོལ་དབྱངས་དམར་པོར་སྐྱེས་པ་དེ
བྱིས་པའི་ཡན་ལག་བརྒྱད་ལྡན་སྲ་གཟུགས་སུ་མཐོང
ཁང་བའི་རྩིག་ངོས་སུ་སྐབས་རེར་མོ་སྐྱེས་ཟླ་མེད་ཀྱི་རླངས་པ་ཐུལ
བྱིས་དུས་ནི་གློག་ཞུའི་ཤེལ་ཏོག་བཞིན་རང་གཟུགས་དམར་རྗེན་དུ་གསལ

              ཕུགས་བསམ་རི།

ཉི་མ་མི་འཁྱོལ་བའི་ལམ་འགྲོ་བ་ཙམ་རེད
རྒྱང་རིང་གི་ཡུལ་ལྗོངས་དེ་དག
མཛའ་གཞས་ཆག་རོ་ལས་གབ་པ་མང་དྲགས་པས
ང་ལ་མཚོན་ན་ཡོད་ཡོད་མེད་མེད་འདྲ
                                      
                     2017.12.10 ཀྲུང་ཧྲན་ཆོའོ་ནས།


              ཚེ་སྲོག་གི་དུས་ཚིགས།

རླུང་ནང་དུ རྒྱ་རྙི་སྐོར་བའི་ལུས་སེམས་དེ་འགྲུལ་བའི་སེམས་མགོར་ལྷུང
དུས་ཚིགས་གཅིག་གི་མཐའ་མཇུག་ནི་རྒྱ་སེ་གྲངས་མེད་ཤི་བའི་ས་སྲོས་ཏེ
ཁ་བའི་སྙིང་ལ་ཁེན་པའི་རྨི་ལམ་དུ
གངས་ཀྱི་འདབ་མར་རླུང་དང་ཟླ་བ་ཐོགས
ནམ་མཁའ་དང་ས་གཞིའི་བར
དུས་བཞིའི་འབྱེད་པའི་འཁོར་བའི་ཁྲོད
ང་ཚོ་ནི་ལོ་མ་བཞིན
སུས་ཀྱང་མི་ཤེས་པའི་ངང་མར་ལྷུང་སྲིད
                                                   
                                             2017.11.9
                                                                                 

               འབྲོག་ས།

ཟླ་བ་སྐར་མ་ཕྱུགས་ཟོག་བཞིན
ངས་ཕྱུགས་འཚོས་པའི་ཕུགས་བསམ་གཉེར
ང་ཚོས་རྒྱུན་དུ་མཚན་མོ་འདི་ཡི་སྦུབས་སུ་ཕྱུགས་ར་ཆེན་པོ་བཟོས

སྐབས་རེར ངས་སྟོང་པ་ཉིད་ཀྱིས་གནམ་ལ་བལྟས
ནམ་མཁའ་ནི་ས་སྟོང་དུ་ལུས་པའི་མཚེར་ས་བཞིན
ཕན་ཚུན་ལ་བལྟས་ནས་གཉིས་ཀ་སུན་སུན་པོར་བཏང
                                                        

                                   2017.12.2


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།