གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོན་མི་ནུས་པའི་བདག་གི་སྙན་ངག

2017-12-27 11:21:18 གསར་རུ།(བོད་ལྗོངས་སློབ་ཆེན) ཀློག་གྲངས། མཆན ཡོད།


8A4CD369-BB2D-4A99-89A9-947A701FD1D2-215-00000075F220BF3A_tmp.JPG

               ༡

ཡིག་ཚོགས་ཀྱི་སྟར་ཕྲེང་བསྒྲིགས་ནས།
སྙན་ངག་ཅེས་པའི་ཕུང་པོ་ཞིག་བསྒྲུབ་སྐབས།
རྣམ་ཤེས་ཀྱི་དྲི་ཙམ་ཡང་མེད་པའི་བདག་གི་སྙན་ངག
མདང་ནུབ་ཀྱི་རྨི་ལམ་ཇི་བཞིན་འཛིན་རེག་མི་འདུག

ཚིག་རྒྱན་གྱི་ལྷན་ཐབས་སྦྱར་ནས།
རྣ་བའི་བུ་ག་རུ་གསོས་སུ་འབུལ་སྐབས།
ནང་སྙིང་གི་གཟུགས་ཙམ་ཡང་མེད་པའི་བདག་གི་སྙན་ངག
ནེ་ཙོའི་འདོན་པ་དང་འདྲ་བས་བསམ་རིན་མི་འདུག

ཡིག་སྒམ་གྱི་སྐུད་སྣེ་བརྒྱུད་ནས།
དཔེ་དེབ་ཀྱི་བར་གསེང་དུ་ཨུ་ཚུགས་བྱེད་སྐབས།
སྙན་ངག་མ་ཡིན་པའི་བདག་གི་སྙན་ངག
ཁྱེད་ཅག་གི་དགྲ་བོ་ཇི་བཞིན་ཕར་རྒྱབ་ལ་ཕུད་འདུག

གལ་ཏེ།  སྙན་ངག་དང་གྲགས་པ་མཉམ་དུ་རུམ་དགོས་ན།
གལ་ཏེ།  སྤྲེལ་ལད་དང་ངོ་དགའ་མཉམ་དུ་བསྲེས་དགོས་ན།
སྟོན་མི་ནུས་པའི་བདག་གི་ཚིག་རོ་དེ་དག
ས་གཞི་དང་མཉམ་དུ་དུར་འཇུག་བྱ་རོགས།
ན་ཟུག་དང་མཉམ་དུ་རླུང་ལ་སྤུར་རོགས།
ད་དུང་། དུར་བྱང་གི་སྟེང་དུ་འུ་ཐུག་པའི་མིག་ཆུ་ཞེས་པ་འབྲི་རོགས།

             ༢

སྐུ་ཞབས་ལྗང་བུ་ལགས།     ལོ་དེ་ལ།
ངས་ཁྱེད་རང་གཡར་ནས་སྙན་ངག་ཅིག་འབྲི་སྐབས།
མདོ་ཕྱོགས་ཀྱི་གསུང་ལན་དང་ཡར་སྐུལ་གྱི་བར་ནས།
བདག་གི་སྙན་ངག་ཉིན་རེ་ལས་མ་འདས་པར་མདུད་པ་ཐེབས།
དབྱར་དུས་སུ་ཁ་བ་འབབ་པ་ཇི་བཞིན།
དགུན་དུས་སུ་ཆར་པ་འབབ་པ་ཇི་བཞིན།

སྐུ་ཞབས་ལྗང་གཞོན་ལགས།   ལོ་དེ་ལ།
ངས་ཁྱེད་རང་གཡར་ནས་སྙན་ངག་ཅིག་འབྲི་སྐབས།
དབུས་ཕྱོགས་ཀྱི་ཐེ་བོང་དང་ཐལ་བསྔགས་ཀྱི་བར་ནས།
བདག་གི་སྙན་ངག་ཉིན་རེ་ལས་མ་འདས་པར་གཅེས་ལངས་ཤོར།
རླུང་གིས་གཡོས་པའི་དར་ལྕོག་ཇི་བཞིན།
ཆུ་ཡིས་བརླན་པའི་ས་རྡུལ་ཇི་བཞིན།

དེ་རིང་།  གཞག་ས་མ་རྙེད་པའི་སྙན་ངག་ཧྲལ་ཧྲུལ་དེ་དག
ཁྱེད་གཉིས་ཀྱི་བར་དུ་འགྲེང་བའི་ལྐུགས་པ་དེ་རེད།
ཁོ་ཅག་གི་མིག་འོག་ཏུ་གབ་པའི་གདོན་འདྲེ་དེ་རེད།

               ༣

ལམ་གྱ་གྱུ་དང་གཞས་ཐར་ཐོར།
ཡོད་པ་ནས་མེད་པར་འགྱུར་བའི་དྲན་པ་ར་རོ།
སུ་ཞིག་གི་ཆེད་དུ་ཟློས་གར་ཁྲབ་པ་མི་ཤེས།
སྐྱོ་གར་དང་སྤྲོ་གར་ཅི་ལ་བཅོས་མིན་ཡང་མི་ཤེས།

གསུང་ལན་རབ་རིབ་དང་འཕྲིན་པ་ཀྱག་ཀྱོག
གབ་པ་ནས་མངོན་དུ་འགྱུར་བའི་ངག་ལྡབ་ལྡིབ།
སུ་ཞིག་གིས་བསྐུར་ཡོང་བ་ལ་ཆ་མི་འཚལ།
དགེ་བ་དང་སྡིག་པ་ཅི་ལ་སོང་མིན་ཡང་ཆ་མི་འཚལ།

སྙན་ངག་གོག་ཏོ།  བདག་གི་སྙན་ངག་གོག་ཏོ།
བྲིས་པ་ནས་འབྲི་མི་ཤེས་པར་འགྲོ་ཉེན་པའི་ཚོར་བ་ཁྲ་ཁྲ།
ལམ་ཅི་འདྲ་ཞིག་ལ་མོས་པ་ཡོད་དམ།
གནས་གང་འདྲ་ཞིག་ལ་གཞིས་སུ་ཆགས་སམ།

སང་ཉིན།  བདག་དང་ཁོ་ཚོ་ལ་མཚོན་ན།
སྔར་བཞིན་སྟོན་མི་ནུས་པའི་སྙན་ངག་དེ་ཡིན་སྲིད།

              ༤

དགོངས་དག  སྙིང་ཉེ་བའི་ཀློག་པ་པོ།
བདག་གི་སྙན་ངག་ལ་སྙན་ངག་ཟེར་བ་ལས་སྙན་རོ་མེད།
ཁྱེད་རང་གི་དབུགས་ཀྱི་ཕར་ཆག་ལས་ངའི་སྙན་ངག་རིམ་པ་བཞིན་ཆད་འགྲོ།

དགོངས་དག  བརྩེ་ཆེ་བའི་གྲོགས་པོ།
བདག་གི་སྙན་ངག་ནི་ཁྱེད་རང་གི་དབུ་རྨོངས་བྱེད་དེ་ཡིན།
ཁྱེད་རང་གི་བསྟོད་ཚོགས་རེ་རེས་ངའི་སྙན་ངག་ངོ་ཚའི་གཡང་ལ་འབུད་འགྲོ།

དགོངས་དག  ཤ་ཚ་བའི་དགེ་རྒན།
བདག་གི་སྙན་ངག་ནི་ཁྱེད་རང་ཐེ་ཚོམ་ལ་འདྲེན་མཁན་དེ་ཡིན།
ཁྱེད་རང་གི་གབ་ཚིག་རེ་རེས་ངའི་སྙན་ངག་རྣམས་ཐེམ་སྟེང་ནས་འོག་མ་ལ་ལྷུང་འགྲོ།

དགོངས་དག  ནན་ཆེ་བའི་རྩོམ་སྒྲིག་པ།
བདག་གི་སྙན་ངག་ནི་ལོ་ཆུང་བའི་བྱིས་པའི་རྩེད་ཆས་དེ་ཡིན།
ཁྱེད་རང་གི་རྒྱབ་བལྟས་རེ་རེས་ངའི་སྙན་ངག་རྣམས་གད་སྙིགས་བཞིན་རུལ་འགྲོ།

སང་ཉིན།  བདག་དང་ཁྱེད་ཚོ་ལ་མཚོན་ན།
སྔར་བཞིན་སྟོན་མི་ནུས་པའི་སྙན་ངག་དེ་ཡིན་སྲིད།

              ༥

ངའི་སྙན་ངག་ནི་མཐོ་སྒང་གི་རླུང་བུ་མ་ཡིན།
ངའི་སྙན་ངག་ནི་འབྲོང་ཤི་རྐྱེན་ཡང་མ་ཡིན།
ངའི་སྙན་ངག་ནི་ནམ་ཡང་སྟོན་མི་ནུས་པའི་འཇིག་རྟེན་གྱི་དངོས་པོ་ལྷག་མ་དེ་ཡིན།        

                ༢༠༡༧/༡༡/༢༥ཉིན།


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།