གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚངས་དབྱངས་རྒྱ་མཚོ།

2018-01-24 15:43:28 རྡོ་རྗེ་གཞོན་ནུ། ཀློག་གྲངས། མཆན ཡོད།

 

             ཀ

ལྷ་སའི་རྩིག་པའི་ངོས་སུ་བརྩེ་འཕྲིན་ག་ཚོད་ཅིག་བྲིས་རྗེས།
བར་སྐོར་གྱི་ནང་མ་ཁང་དེར་སོང་ནས་ཆང་བརྒྱགས་ཚིམ་ཞིག་འཐུང་ཡོད་དམ།

རླངས་འཁོར་དང་གློག་སྒྲོན་གཅིག་ཀྱང་མཐོང་རྒྱུ་མེད་པའི་སྔོན་ཆད་ཀྱི་སྲང་ལམ་དེ་གར།
ཨ་ཅག་ཚོའི་གླུ་སྐད་རླུང་གིས་ཁུར་ནས་ཁྱེད་ཀྱི་རྣ་བར་ལྷུང་ཚེ།
ཀྱེ   ཚངས་དབྱངས་རྒྱ་མཚོ།
འཁོར་བ་ནི་མིག་གིས་མི་ཟིན་པ་དེ་དག་ལ་ཟེར་རམ།
ཐར་བ་ཡང་རང་ཉིད་རང་གིས་བཀྱིགས་རྗེས་ཀྱི་ཐ་གུ་དེ་རེད་དམ།

མེ་ལོང་ཆག་རོ་དེར་ཁྱེད་ཀྱིས་རང་ཉིད་གསལ་པོར་མཐོང་ངམ།
གསེར་ཁྲིའི་སྟེང་གི་གཡུ་འབྲུག་གིས་ཞལ་ངོ་གནག་སྟེ་ཁྱེད་ལ་ལེ་བདའ་བྱས་སོང་ངམ།
མདོར་ན་ཁྱེད་ཀྱི་མགྲིན་པ་བརྣངས་པས་ལྷ་སའི་ཨ་ཙག་ཚོ་ཡང་ཡང་ངུས་སོང་ངམ།

             ཁ
དུས་རབས་དེ་ནི་ཁྱེད་ཀྱི་ཆེས་མཐའ་མཇུག་གི་དུས་ཚོད་ཡིན་ཚེ།
ཁེར་རྐྱང་ནི་ཁྱེད་རང་འགྲོ་སའི་ཆེས་མཐའ་མའི་ལམ་ཀ་དེའང་ཡིན་པས།
ཚངས་དབྱངས་རྒྱ་མཚོ།  མགུར་གླུ་ངག་གིས་ཁྲོལ་ཀྱང་།
བརྩེ་གདུང་རུས་པས་ཐེག་གམ།

ཚངས་དབྱངས་རྒྱ་མཚོ།
ལས་འཕྲོར་མཐུད་པའི་ཁབ་ཤུལ་གྱི་རྨ་ཁ་ཧ་ཅང་ཟབ་པས།
བརྩེ་དུངས་ཀྱིས་གནང་བའི་གདུང་བ་ལ་ད་དུང་མགོ་སྒུར་མི་ཕོད་དོན་ཅི།
ལྷ་སའི་མཚན་མོ་ནི་ཁྱེད་ཀྱི་དྲན་པར་བསྣོལ་བའི་རེ་སྒུག་དང་ཁ་ཐག་རིང་དྲགས་པས།
ཁྱེད་ནི་སུ་ཞིག་གི་སྙིམ་པར་ལྷུང་བའི་མཐའ་མའི་མིག་ཆུ་དེ་ཨང།

གྲིབ་མ་ལས་རིང་བའི་འོད་ཀྱི་ཟེར་མས་ཁྱེད་ལ་ཁེར་རྐྱང་གི་བགོ་སྐལ་ཡོངས་སུ་བསྐངས་ཀྱང་།
ཆོས་དུང་གི་སྒྲ་དབྱངས་ལས་ཁྱེད་ལ་མཐའ་མཇུག་གི་ཞལ་འདོན་བྱེད་པའི་གོ་སྐབས་ཀྱང་མ་བསྩལ་པས།
སྙིང་ཉེ་ལྟ་བུའི་ཐ་སྙད་ཀྱི་ཚོགས་ཀྱིས་ཁྱེད་ཀྱི་མཐར་ཐུག་གི་གདུང་བ་ག་ལ་སེལ་ཨང་།

             ག

ཁྱེད་ཀྱི་སྙན་ཚིག་ནང་གི་ཨ་ཅག་དེས་ཁྱེད་ལ་འཕྲིན་ལན་བསྐུར་བྱུང་ངམ།
ཁྱེད་ཀྱི་ས་སྲོད་དང་འཁོར་བར་བབས་པའི་འདུ་བྲལ་གྱི་གར་མ་དེ་སུ་ཡིན་ནམ།
གསོན་པོར་སྙིང་བྲུས་པའི་བུ་མོ་དེ་འཇིག་རྟེན་གྱི་འཁོར་བར་ཞེན་པ་ལོག་སྲིད་དམ།
ཀྱེ   ཚངས་དབྱངས་རྒྱ་མཚོ།
སྐྱིད་ཆུ་དར་གྱིས་བཟུང་བས་ཁྱེད་ཀྱིས་སུ་ཞིག་ལ་བརྩེ་འཕྲིན་འབྲི་ཨང་།

ཚངས་དབྱངས་རྒྱ་མཚོ།
སྙིང་ཉེ་དྲན་བྱུང་ངམ།
ལྷ་སའི་མཚན་མོ་དང་སྐྱིད་ཆུར་བསྐུར་བའི་བརྩེ་གཞས་དེ་དྲན་བྱུང་ངམ།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།