གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱུ་འབྲས་མེད་པའི་མག་པ།(ཞར་བཀོད་ལྔ་ཡོད)

2018-03-03 10:06:07 གསར་བུ།(བོད་ལྗོངས་སློབ་ཆེན) ཀློག་གྲངས། མཆན ཡོད།

མོས་ཕྱི་གསལ་ནང་གསལ་གྱི་མིག་ཆུ་ཐིགས་པ་གཅིག
རང་ཉིད་ཀྱི་སྙིམ་པ་རུ་སྐྱིལ་ཏེ།
ངོ་གདོང་ལ་ལྡོག་དྲི་ཡང་ཡང་བྱས།

མོས་འུ་ཐུག་པའི་སྐད་ཆ་དུམ་བུ་འགའ།
རང་ཉིད་ཀྱི་མགྲིན་པ་རུ་ཉར་ཏེ།
ཡིད་ཆད་ཀྱི་དབུགས་རིང་ཞིག་རྒྱང་དུ་བཀྱེད།

མོས་མཐའ་འཇུག་གི་ནང་དབུགས་ཕྲ་མོ་ཞིག
རང་ཉིད་ཀྱི་ཉེ་འཁོར་དུ་དབྱུང་སྟེ།
ས་གཞིའི་སྟེང་དུ་དལ་བུར་གྱེལ།

མོ་ཤི་རྗེས།  ཕུང་པོ་ལ་ཁ་ཡ་བྱེད་མཁན་ཞིག་མ་བྱུང་།
མོ་ཤི་རྗེས།  ཐར་མདོ་ཀློག་མཁན་ཞིག་ཀྱང་མ་རྙེད།

                  ༢༠༡༧/༨/༢༢ཉིན།

                     མི།

གདོང་པ་མེ་ལོང་གི་ངོས་སུ་བཅུག་སྟེ།
ཁོག་པའི་ནང་དུ་ཐབ་རྡོ་བཙུགས།
ཁྲོ་བ་མེ་ཤིང་དུ་བྱས་ནས་མེ་ཁ་ཡང་ཡང་གསོས།

གཟུགས་པོ་སྤྲིན་ནག་གི་གསེང་དུ་བརྫངས་ཏེ།
སྨྲ་ལྕེ་ལ་བུ་རམ་གྱི་མངར་ཁ་སྤྲད།
འགྲམ་སོ་གཉིས་པོ་ནི་རུལ་ཟིན་པའི་རྒྱལ་པོ་དེ་ཡིན།

                   ༢༠༡༨/༡/༡ཉིན།

                     ལོ་གསར།

སྒྲ་དབྱངས་ཟང་ཟིང་ཞིག་གི་ལག་བརྡ།
མཐོ་དམའ་དང་བར་མ་བྱས་ཏེ།
སྐྱུར་ཆུ་བླུགས་པའི་དམ་བུའི་ཁ་གཅོད་ལ་སྙེག

དར་ལྕོག་ཐེད་པོ་ཞིག་གི་གོམ་འགྲོས།
ཡར་འགྲོ་དང་མར་འགྲོ་བྱས་ཏེ།
ཁྱི་ཚང་གི་སྒོ་གླེགས་ཤུགས་ཀྱིས་བརྡུངས།

གསུང་ལན་ལྗང་ཁུ་ཞིག་གི་སྐུད་སྣེ།
གཡས་བརྐྱངས་གཡོན་སྐུང་གི་ངང་ནས།
ངང་སྒུག་གི་རླུང་བུ་རི་སྐྱ་ལ་བསྡམས།

                  ༢༠༡༨/༢/༢ཉིན།

                    རི་གྲོང་གི་དགུན་ཁ།

ཐལ་རླུང་གིས་འདེད་པའི་ཨ་མ།
ས་རྡུལ་དང་གྲང་ངད་ཀྱི་བར་ན།
སྐྱ་མདོག་གི་ངོ་གདོང་ལ་སེར་ག་ཤོར།

གས་ཤུལ་གྱི་དམིགས་བུ་ཕྲ་མོ་ཞིག་ཏུ།
རྒུད་ཟིན་པའི་འབུ་སྲིན་གྱི་ཤུན་སྐོགས།
རླུང་བུ་དང་མཉམ་དུ་ཕྱོགས་མཐར་བྲོས།

ནམ་དུས་འདིའི་མུ་ཏོ་བའི་དཔུང་ཁག
མཁའ་དབྱིངས་སུ་ཁྱུ་དང་ཁྱུ་བྱས་ཏེ།
གྲོང་དབྲག་དང་ཞིང་ཐང་གི་ཁུ་སིམ་དཀྲོག

སྐབས་རེར། ཤི་ཟིན་པའི་ཕུང་པོ་ཁྱུ་གཅིག
རྣ་བ་ཀེར་དུས་ཀྱི་ན་ཟུག་ལན་གཅིག

སྐབས་རེར། དྲོད་ཡལ་བའི་ཁ་རླངས་རྫོབ་གཅིག
གཉིད་སད་དུས་ཀྱི་དབུགས་རིང་ཐེངས་གཅིག

                  ༢༠༡༨/༢/༤ཉིན།
   
                      ནུབ་རིའི་ཉི་མ།

རླུང་བུ་འཁྱོར་གང་འགམ་རྗེས།
ཡོལ་རས་ལྷེབ་གཅིག་གོས་སུ་བནབས་རྗེས།
ཆུ་ཀླུང་གཙང་མ་ཞིག་གི་རྨི་ལམ་ལ་སྒུག

དུས་ཚོད་ཀྱི་ཤུལ་ལམ་འདེད་ནས།
སྨག་རུམ་གྱི་གྲིབ་གཟུགས་འདེད་ནས།
ནམ་མཐའི་ས་ཚིགས་སུ་ངལ་གསོ་བཏབ།

                           ཟླ་བ་གསལ་སྒྲོན་དྲན་ཚུལ།

གྱང་ལྡེབས་སུ་པར་སྒྲོམ་གྲུ་བཞི་ཞིག
པར་སྒྲོམ་གྱི་ནང་དུ་གྲིབ་གཟུགས་ཁེར་མ་ཞིག
གྲིབ་གཟུགས་ཀྱི་མདུན་དུ་མིག་ཆུ་སྐྱུར་མོ་ཞིག
མིག་ཆུའི་གསེང་དུ་ལྷ་སྒྲུང་དཀྱུས་མ་ཞིག
ལྷ་སྒྲུང་གི་ནང་དུ་བཟི་སོང་བའི་མཚན་མོ་ཞིག


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།