གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངལ་རྫིའི་སྙན་ངག་གསར་པ་ཁག་གཉིས།

2018-04-06 10:20:32 ངལ་རྫི།(ཟི་ལིང) ཀློག་གྲངས། མཆན ཡོད།


            དཔྱིད།

མཚན་མོ་ནི་འཆི་བས་དྲུད་འོང་བའི་ཡོལ་བ་དེ་ཡིན་ན
སྔོ་རྩྭ་ནི་རེ་བ་ཏོག་ཙམ་བསྒོས་པའི་ཐེ་ཚོམ་དེ་ཡིན་ན
ཞུན་ཆུ་ནི་སེམས་གཅོང་ཞི་ཤུལ་གྱི་ཕྱིར་དྲན་དེ་ཡིན་ན
གླུ་སྐད་ནི་ན་ཟུག་ཡལ་རྗེས་ཀྱི་ལྷིང་འཇགས་དེ་ཡིན་ན

བདག་བློ་མུན་པའི་སྒོ་མོ་ཤིན་ཏུ་དམ
འདས་པའི་སྨྲ་བ་སྣ་ཚོགས་ཡལ་ཀ་ནས་ཡལ་ཀར་བཞད
སྐྱི་པགས་ལ་སིམ་པའི་མཁའ་རླུང་སྟུག་པོ་དེ་ཉིད
ཆུང་འདྲིས་དགའ་མའི་གཡབ་གཡུག་མཐའ་མ་དེ་ཡིན་ནམ

ཉིན་མོའི་རྩྭ་ཐང་ཁ་ཡངས་ཁོབས་ཡངས
སེམས་ཀྱི་ཁུག་རྟ་ཡལ་ཟིན་པའི་ཆར་ཞོད་ཅིག་གི་རྗེས་སུ་སྙེག
མི་ཚེའི་ཁ་ཆད་ལ་བཞག་འདོད་ཀྱི་འཇའ་རིས་དར་ཚོན་སྣ་ལྔ
རྒྱུས་མེད་ཀྱི་ཡུལ་ལུང་གཉིས་ལ་ཇི་ལྟར་སྦྲེལ

དགུན་གྱི་དྲན་པར་ལུས་པའི་གསེར་ཉ་དེ་དག་གང་ན་འཚོ
ཐབ་ཀྱི་མེ་ལྕེ་ལས་དྲོ་བའི་གཏམ་རྒྱུད་དག་ཇི་ལྟར་མཇལ
ལག་ཟུང་དབང་མེད་དུ་ས་ཁའི་ན་བུན་ལ་བསྲིང་དུས
འཇིག་རྟེན་བྱེད་པོའི་མགྲིན་པ་འདམ་རྩྭ་ལྟར་གུག་འོང

བྱ་དེ་ཁྲུང་ཁྲུང་ཡང་རྒྱང་བཞུད་ཀྱི་ཁེར་རྐྱང
རྨི་ལམ་གྱི་བར་སྣང་ལ་ཞབས་ཟུང་འཁོད་པའི་ཟླ་བ་སྐྱོ་བ
ཚེ་སྲོག་དར་རྒུད་ཀྱི་ཆོས་ཉིད་ལ་འཕང་བའི་ཟུར་མིག་རྣོ་བ
བུད་མེད་ཀྱི་མཁུར་མགོ་ན་ལུས་པའི་དམར་ཁའི་གདུང་བ

འཇིག་རྟེན་འཁོར་བ་ཡང་རང་གཤིས་ཀྱི་འཁྲུལ་སྣང་
མ་འདྲིས་མ་གོམས་མ་བསམ་པའི་ལས་ཀྱི་ར་མདའ
གཏད་མེད་ཀྱི་བྲང་ཁོག་ལ་ཕོག་པའི་འདོད་པའི་མདའ་ལྔ
བསམ་ཀྱང་མི་འོང་བའི་བདེ་སྡུག་གི་རི་མོའི་སྐྱ་ཐིག

ད་ནི་ཇི་ལྟར་སེམས་ཀྱི་རི་དྭགས་རྙི་རྒྱར་ལྷུང་བས་བརླག་ཚར
འདྲིས་ཤིང་འདྲིས་པའི་ཤ་སྐྱིའི་གསང་བ་མ་གྲོས་རི་ལ་ཤོར་ཐལ
དཔྱིད་མགོའི་ཁ་བ་མ་ཞུ་སྔོན་ལ་རྫ་མགོའི་སྨུག་པ་ཆད
གཏན་གྱི་འདུན་མ་མ་ཞུས་སྔོན་ལ་མགྲིན་པ་ཆར་ཆུས་བརྣང་

བདེན་པ་བདེན་པར་འཛིན་པའི་བློ་དེའང་མི་སྐྱེས
ཅི་བྱས་དོན་མེད་འགྲོ་བའི་ལས་དེའང་ཅི་ལ་བགྱི
སྣང་བའི་ངོས་ལ་དྲོད་ཀྱི་ཐིག་ལེ་རེ་རེ་བཞིན་འབབ་དུས
དོག་མོ་ས་ནས་གླུ་སྐད་ཅིག་ཐོལ་གྱིས་གྲག་དེ་འོང་ཀྱང་སྲིད

                                       2018-3-20

            གཞན་སྟོང་།
                          
སྤྲིན་གྱི་ན་ཟུག
རླུང་གི་བང་རིམ་ལ་ཆགས

སྒོའི་ཕྱི་རོལ་དུ
མིག་ཀོང་དུ་ཆག་སྒོ་སྤུངས

གཟུགས་ཅན་མཐའ་དག
གཟུགས་མེད་ཀྱི་ལམ་ལ་ཞུགས

མིང་གིས་གདགས་པ་གང་ཞིག
ཡིད་ཀྱིས་གཟུང་བ་གང་ཞིག

ན་བུན་གྱི་མཐའ་ན
ཁེར་རྐྱང་གི་ཕ་བོང་ལ་གྲིབ་ཕོག

རྩིག་ལྡེབས་ཀྱི་ཉེ་སར
འབུ་ནག་གི་རྭ་ཅོ་ལ་ཚོར་བ་ཉམས

དུས་དང་དུས་སུ
ང་ནི་ཁྱོད་ཀྱི་སྡུག་ཡུས་ཙམ

མཚམས་དང་མཚམས་སུ
ཁྱོད་ནི་ངའི་འཆི་གསོན་གྱི་ལོག་འགྲེལ་ཙམ

                       2018-3-16


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།