གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མར་བཟའ་བློ་སྒྲོལ་གྱི་སྙན་ངག་གསར་པ་ཁག་གསུམ།

2018-05-07 20:57:51 མར་བཟའ་བློ་སྒྲོལ།(ལྷ་ས) ཀློག་གྲངས། མཆན ཡོད།

IMG_0945.JPG                                

                     ཡིད་གདུང་།
                                       
སྙིང་ཉེ།
ཞེ་ཡི་མེ་ཏོག་མ་གས་གོང་ལ།
འདབ་མ་རེ་རེར་རབ་ཏུ་སྐྱོ་བའི་སྒྲུང་འབྲི་བ་དང་།
སྒྲུང་ནང་དུ་སྲོག་ཆགས་དག་རང་ཤི་བརྒྱབ་པའི་ཚུལ་འབྲི་བ་ལས།
མེད་མུག་གི་མྱ་ངམ་ཐང་ལ་བརྩེ་དུང་གི་ཞོགས་པ་དང་།
མ་འོངས་པའི་རྨི་ལམ་གྱི་ཁ་དོག་མི་བྲི་དོན་ཅི།

ཁང་པ་འཁྱག་པ་དེའི་ནང་གི་ཆོ་ངེ་འཇགས་ཀྱང་།
ཞེ་ཆགས་པའི་ཡིག་ཆུང་དག་བརླན་ཞིང་བཤེར་བར་གྱུར་པས།
ཕྱིར་བལྟས་དང་འཁྲེང་ཞེན་ལ་འབབ་སོ་མེད་ན་ཡང་།
ལག་པ་འཁྱག་པ་གཉིས་ཀྱིས་སེམས་པ་བསྲོས་ཏེ།
སྙིང་ཉེ་གང་དེར་ཐུགས་ཁྲལ་མེད་པ་གནང་རོགས།

འཚོ་བ་ལ་གོ་རིམ་མེད་པའི་སྐྱོ་ཡུས་མི་གླེང་རོགས།
གདོང་གི་སྐྱོ་ཤས་དང་སེམས་རྩ་གཉོམ་པོ་དེ་ལ་སྣང་འཇོག་མི་བྱ་རོགས།
ཞེ་འཁྱག་པའི་ལོ་རབས་མི་གླེང་རོགས།
དུག་ཕོགས་པའི་ཁ་པར་ལས་རོལ་མོ་འཁྱག་པ་ཞིག་ཐོངས་དང་།
སྐྱིད་སྡུག་གི་ལན་པ་རེ་ལ་མགོ་བོ་ཡར་ལ་བཀྱག་ཡོང་།

                         བར་སྐོར་གླིང་གི་གཞས།

ཡིད་ཀྱི་འཇུར་བུ་གློད་པས།།
སེམས་ཀྱི་རྟ་ཁ་ཤོར་སོང་།།
སེམས་པ་ཨ་ཆུའི་ངོས་ལ།།
མཐའ་མའི་འབབ་ཚུགས་འཁོར་བྱུང་།།

སྙིང་ལ་འཁྱག་ཤ་ལངས་པས།།
ཨོ་ལོ་སྨྲེང་ཡོང་ཞུས་པར།།
ལམ་སང་ཕེབས་ཡོང་གསུངས་པས།།
ཡིད་ཀྱི་སྤུ་རིས་འཛུམ་བྱུང་།།

མདོ་དབུས་དད་ལྡན་རྣམས་ལ།།
ལྷ་ས་དག་པའི་ཞིང་རེད།།
ང་ཡི་སྙིང་ཀར་སིམ་པ།།
ཇོ་བོ་སྙེམ་པ་རང་གྲོལ།།

ལས་ལ་བསྐོས་པ་ཡོད་ཅིང་།།
ཚེ་ལ་བསོད་ནམས་ཡོད་ན།།
མི་ཚེ་སྒྱུ་མའི་སྒྲུང་ལ།།
སྡུག་པའི་སྐྱོ་རོགས་བརྒྱག་ཡོང་།།

                      མིག་བཙུམས་རྗེས་སླར་ཡང་ལོ་ན་ཕྲ་བའི་ཁྱོད་རང་དྲན།

མེ་ལོང་དུ་ང་ལ་གཉེར་མ་བབས་འདུག
སྐྲ་དང་ངོ་མདངས་ལ་ཡང་ལུང་བ་འདིའི་ན་ཚོད་བབས་འདུག
ས་སྲོད་ལ་ཁེན་པའི་དྲན་ཤེས་ལ་ཡང་རང་དབང་མི་འདུག
སེམས་ཁ་ནང་དུ་བསྡུས་ནས་ཕྱིར་ལ་འཁོར་བ་ནི།
རྫ་བུམ་ནང་དུ་སེར་བ་བབ་པ་དང་འདྲ་ཨང་།
ཡང་ན།  
ཟངས་ནང་དུ་ཐོམ་བུ་ཆོབ་རྒྱག་བྱས་པ་དང་ཡང་འདྲ།

བྱ་ཁྱུ་འཕུར་རྗེས་ཀྱི་ཡུལ་ལྗོངས་འདིའི་ཁ་དོག་ཡལ་སོང་།
ཆུ་རིས་ཀྱི་སོར་མོ་གཡོ་སྟངས་རེ་ཡིས་མུན་པ་དང་ཁ་ཐག་ཉེ་རུ་བཏང་།
སེམས་ཀྱི་ཁུར་བོ་དག་བཞག་ནས་ཁྱེད་ཀྱི་གཞིས་ཀ་རུ་ལྷོད་ཙམ་བྱས།
ལམ་ཆས་དང་འགྲོ་རོགས་མ་འདྲི་རོགས།
གཙང་བོ་རྒྱང་དུ་བཞུད་སོང་།

ང་རང་ཡུལ་ལྗོངས་འདིའི་མགྲོན་པོ་ཞིག་དང་འདྲ་མོད།
བདག་གི་ལང་ཚོའི་གསེབ་ཏུ་ཡུལ་ལྗོངས་འདིའི་གཞོན་ཤ་ལྡེམ་དོན་ཅི།

མུན་པའི་ཡོལ་ཆེན་གྱིས་དེད་ཅིང་རྫི་ན་ཡང་།
མིག་བཙུམས་རྗེས་སླར་ཡང་ལོ་ན་ཕྲ་བའི་ཁྱོད་རང་དྲན།

              

 རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།