གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱེས་ལོ་མཚོན་བྱེད་ཀྱི་དུས་ཚོད།

2018-05-11 09:17:35 མ་བྱན།(དཀར་མཛེས) ཀློག་གྲངས། མཆན ཡོད།


"སྐྱེས་ལོ་ཡི་དུས་ཚོད་དྲན་མཁན་དེ་སུ་ཡིན་ནམ།"
                                                           ----ཁ་བྱང་གི་འགྲེལ།

ཡུམ་ཆེན་གྱི་མངལ་ཁར་སྦྲུམ་ནས་ཟླ་དགུ་ཞག་བཅུ་འགོར་རྗེས།
སྐྱེས་པ་ཞིག་གི་མིག་ཟུང་འབྱེད་པའི་གཞས་ཤིག་བཏང་།

གསོན་པའང་བདེ་བའི་སྣང་བརྙན་ཙམ་དུ་གྲུབ་པས།
རྨི་ལམ་གྱི་ཚིག་སྣེར་འཇའ་གུར་ཕུབ།
སྙིང་གི་བྲང་རུས་མདུད་པའི་ལོ་དང་ཟླ་བར།
ཁ་བ་དང་གྲང་ལྷགས་ཀྱི་གཙེས་པའི་འགྲུལ་བཞུད་བཤམས།

ཀྱ་ཙེ་གོམ་ཙེ་སྤོ་བའི་བྱིས་པ་ཞིག་ཡིན་པ་དྲན་ནམ།
འབྲོག་ཐང་གི་ནོར་ལུག་འཚོ་བའི་རྫི་བོ་ཞིག་ཡིན་པ་དྲན་ནམ།
གསལ་བཤད་སུམ་ཅུའི་སྒྲོག་གུ་བསྒྲོལ་བའི་སློབ་མ་ཞིག་ཡིན་པ་དྲན་ནམ།
ཞི་དུལ་ཀྱི་ཐ་སྙད་དང་ཡིག་འབྲུའི་རེ་རེ་འབབ་ཚིགས་ལ་ཆགས་སྡང་སློང་བའི་མི་ཕོ་ཞིག་ཡིན་པ་དྲན་ནམ།

འཁོར་བའི་རི་གྲོང་གི་ལམ་ཕྲན་ཀྱག་ཀྱོག་རྡོག་པས་མནན་ཞིང་།
ཡིད་ཀྱི་གཙང་བོ་བྲུག་པའི་ཆར་ཆུ་མོད་པོ་སེམས་ཀྱིས་བརྒལ་ཏེ།
དུས་ཚོད་ཀྱི་རྟོད་ཐག་དལ་གྱིས་གློད་དེ།
དབྱར་ཁ་ལྟ་བུའི་མཛེས་ལྗོངས་ཤིག་སེམས་ཁར་བཏེགས་ནས།
ཆེས་དྭངས་གཙང་གི་ཕ་ཡུལ་གྱི་འགྲུལ་བ་ཞིག་ཏུ་བསམ།

ངའི་མིག་ཟུང་ལ་བསྒོས་པའི་འོད་ཀྱི་གོང་བུ་རེ་རེ།
ངའི་སྙིམ་པ་ལ་བསྐྱོར་བའི་ཆུ་ཡི་ཐིགས་པ་རེ་རེ།
ཡབ་མེས་ཀྱིས་གནང་བའི་ལེགས་སྐྱེས་ཤིག་སྟེ།
ངའི་ལུས་ངག་གི་སྒོ་གླེགས་འབྱེད་དེ་རྒྱུད་ལ་འཇགས་བྱུང་།
ངའི་ཡིད་སེམས་ཀྱི་བར་སྣང་བརྟོལ་ཏེ་སེམས་ལ་བབས་བྱུང་།

སྐྱེས་ལོ་ནི་ཁ་བ་འབབ་པའི་དགུན་ཁ་ཞིག་རེད།
སྐྱེས་པ་ལ་གྲང་ངར་བཅུམས་པའི་ལང་ཚོ་ཆགས་འདུག
ལོ་ལ་ཐུམ་ཞིག་བརྒྱབ་ན།
བདག་པོ་ང་ཡིས་བྱེད་ཆོག
བདག་པོ་བྱས་དང་མ་བྱས།
འགྱུར་བ་འགྲོ་དགོས་ཡོད་རེད།

                                                                                                  2018/5/10ཉིན།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།