གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ཅིག་ལ་སྒུག་པ།

2018-05-25 09:48:51 ཆར་ཐིགས།(རྨ་ཆུ) ཀློག་གྲངས། མཆན ཡོད།


ས་སྲོས་ཀྱི་ཉི་ནུབ་དང་སྤྲིན་དམར་གྱི་བར་གསེང་ལ་བལྟས་ནས།
སྐྱེ་འཆི་དང་དགའ་སྡུག་གི་ངོ་བོ་སྙིང་ཁར་ཆུ་ནང་གཟུགས་བཞིན་འཆར།
ངས་སྙན་ངག་ཅིག་གིས་འཁྱེར་འོང་བའི་ཁ་དོག་དང་རྣམ་པ་ཁོ་ནར་སྒུག་ཡོད།

མངོན་ལྐོག་གི་ལས་གར་དག་སྙིང་ཁར་རྦབ་རྡོ་བཞིན་འདྲིལ་ནས་འོང་།
མི་ཚོགས་ཆ་མེད་དག་ཆ་ཡོད་བཞིན་རྟོགས་པར་གྱུར་རྗེས།
སྡུག་བསྔལ་ལ་མེ་ཁ་གསོ་བའི་ཁེར་རྐྱང་གི་སྣང་བ་ཡིས་སྙན་ངག་ཅིག་ལ་སྒུག་ནས་འདུག

ཞེ་སེམས་ནད་པ་དེར་བསིལ་རླུང་ལྡང་བའི་ཞོགས་པ་དག་ཏུ།
རྩྭ་རྩེའི་ཆུ་ཟིལ་ལྟར་གྱི་སྲིད་པའི་འཁོར་བ་ལ་ཞེད་སྣང་སྐྱེས་འོང་།
ངས་ཞོགས་ཀའི་སྲང་ལམ་གྱི་ལྷིང་འཇགས་ཁོ་ན་བདེ་སྐྱིད་ཀྱི་སྙན་ངག་ཅིག་ཏུ་འཁྲུལ་བཞིན་བརྒལ།

ཁྱོད་དང་ང་ལ་འབྲེལ་བ་ཡོད་བཞིན་གྱི་ངོ་གདོང་རེ་རེའང་།
ཞོགས་ཀའི་ཉི་རྩེ་བཞིན་འཆར་ལ་སྲོས་ཀྱི་ཉི་འོད་བཞིན་ནུབ་པར་འགྱུར་འགྲོ་ཕྱིར།
དགའ་སྡུག་གི་བཤམས་སྟོན་ཁང་དུ་ཐམས་ཅད་ཆོས་ཉིད་ལྟར་སྣང་བའི་སྙན་ངག་ཅིག་སྒུག་ནས་ཡོད།

                                    ༢༠༡༨-༥-༢༤

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།