གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་འདས་ཤིག་ལ་བསྐུར་བའི་འཕྲིན།

2018-06-22 11:44:27 ཐ་སྐར།(མགོ་ལོག) ཀློག་གྲངས། མཆན ཡོད།


ད་ལྟ་ང་ཡི་མིག་ལམ་དུ་ཁྱོད་ཀྱི་རྒྱབ་གཟུགས་མི་འདུག
མུན་ནག་ནང་ནས་གསོལ་བ་མང་དུ་འདེབས་ཞོར
འཁྲུལ་སྣང་གི་བཤམས་སྟོན་ཁང་དུ་ཁྱེད་རང་ཕེབས་པར་སྒུག་ནས་འདུག

ངས་ཉི་མ་འདི་དག་ལ
ཁྱེད་ཀྱི་ཆེད་དུ་ཐོས་གྲོལ་བཏོན་པ་ཡིན
དེ་ཁྱོད་ལ་ཨེ་འཕྲོད་ཐ   ད་དུང
ས་སྲོས་ཀྱི་ཉི་འོད་དང་སྤྲིན་དམར་གྱི་བར་གསེང་ལ་བལྟས་ནས
མཎ་རྡོག་རེ་འགའ་ཡང་བཟླས་ཡོད

ཁྱོད་ཀྱི་སྒྱུ་ལུས་ཀྱི་ཕུང་པོ་དེ
སྲང་ལམ་འདི་དང་མི་ཚོགས་འདི་དང་གཏན་དུ་ཁ་བྲལ་བས
ཁྱོད་ཀྱི་ཨ་ཕྱི་དང་གཉེན་འདུན
ཤ་ཁྲག་དང་འབྲེལ་བའི་གཅེས་ཕྲུག་དེ་དག་གིས
གདུང་ཤུགས་དྲག་པོས་སྐྱོ་གདུང་གི་མིག་ཆུ་གཏོར་གིན་འདུག

གཅེར་བུར་བུད་པའི་ཉམ་ཆུང་གི་ལུས་པོ་འདི
དྲོད་ཁོལ་གྱིས་ཀུན་ནས་དབེན་པར་གྱུར
དུར་ཁྲོད་གཙང་ས་ཞིག་དུ་བསྐྱལ་རྗེས
ངའི་སེམས་པ་ཁེར་རྐྱང་ལ་ཕྱོགས་པའི་སྡུག་ཅིག་བསྐྲུན

མི་སུ་ཡིན་ཡང་ནམ་ཞིག
འདི་ཕྱིའི་དབྱེ་མཚམས་བརྟོལ་ནས་འགྲོ་དགོས་པས
ཁྱེད་རང་སྐྲག་དགོས་དོན་མི་འདུག
ཤུལ་དུ་ལུས་པའི་གཉེན་ཉེ་དག་གིས་དཀོན་མཆོག་གསུམ་ལ་སྐྱབས་འཇུག་ཞུ་ཡི་འདུག

ནམ་ཞིག་ཁྱོད་རང་གནས་འདི་རུ་འཆམ་འཆམ་དུ་ཡོང་སྲིད་དམ
དེ་དུས་ང་ངོ་ཤེས་སྲིད་དམ
འཆི་བ་ནི་ཁྱོད་བགྲོད་མྱོང་བའི་ལམ་ཐིག་ཏེ་བསུབ་པའོ
དེ་ཕྱིར་ཁྱོད་ཀྱིས་ང་ངོ་ཤེས་མི་སྲིད

ཡུལ་ལ་ལོག་པའི་ལམ་ཐག་ཧ་ཅང་རིང་བས
ཁྱོད་ཀྱིས་ཕ་ཡུལ་གྱི་གངས་རི་དང་ནམ་མཁའ་མཐོང་མི་སྲིད

                                       2018/6/12


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།