གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞིང་གྲོང་གི་རྨི་ལམ།

2018-08-11 09:47:34 རྣོ་ཟུར།(མགོ་ལོག) ཀློག་གྲངས། མཆན ཡོད།


སྙེ་མ་སྒུལ་ཞོར་བར་སྣང་ཁམས་སུ་རི་མོ་ཞིག་བྲིས
སོག་ཞྭ་གྱོན་པའི་བུ་མོ་དེའི་སྙིམ་མཐིལ་དུ་འཐོར་བ་ནི
ལ་གཞས་སྐྱུར་མོ་ཞིག་ལས་ཅི་ཡང་མེད
སྟོང་སང་སང་གི་ནམ་མཁའ་རུ་ཉི་མ་གཅིག་པུས་ང་ལ་གདུགས་ཕུབ
ཚ་བ་ལས་ཀྱང་ཚ་བའི་དྲན་པ
ཁྱོད་ཀྱི་ཟེགས་མས་སྐམ་པར་བཏང་ན
ང་ནི་སྙན་ངག་གི་ཐ་སྙད་གཅིག་ལ་འཐམ་ནས་ངུ་བ་ལས་ཅི་བྱ

གློག་བརྙན་དུ་ཤར་བའི་ཞིང་པ་རྒད་པོ་དེ་བཞིན
རྒྱ་མཚོའི་འདབས་སུ་གྲུ་གཟིངས་གཏོང་བའི་ཉ་པ་རྒད་པོ་དེ་བཞིན
ང་ནི་སྙེ་མའི་སྣང་མ་རུ་འཇོར་ཁུར་བའི་གླང་རྫིའི་དོར་མ་གྱོན་པའི་བུ་མོ་དེ་བཞིན
གཅིག་པུར་ཁྱོད་ཀྱི་བྱད་གཟུགས་ཁུར་ནས་གང་དུ་འགྲོ

མེ་ལོང་ངོས་སུ་དོད་པའི་སྲན་ཞིང   ཡུར་མ་ཡུར་ས་བོར་བའི་ནས་ཞིང
དེ་དག་གི་གསེང་དུ་ཉལ་བའི་གསང་བ་ནི
རྟ་ཕོ་རག་རག་ཅིག་གི་སྒལ་བར་བཞོན་པའི་ཁྱོད
གཤོག་པ་ཐོགས་པའི་གླག་མོ་བཞིན
རྨེའུ་སྲིབ་ཁང་རྒན་ཚང་གི་སྒོ་ཟུར་ནས་བབས
གཡུང་དྲུང་གཡས་འཁྱིལ་ཅིག་གི་ངོས་སུ་བབས
བླ་མ་མཁྱེན    རྟ་ཁ་སུ་ཡིས་ལེན་ཨང

བར་སྣང་གི་འདབ་ཆགས.   སྙེ་མའི་ཤག་སྒྲས
ང་ཡི་དག་ཞིང་གི་མེ་ཏོག་གློ་བུར་བཅོམས་ཏེ
ཡང་བསྐྱར་དེབ་ཐེར་རྙིང་ཀོག་འདི་ལས་འཁུན་སྒྲ་འཚོལ་འགོ་བརྩམས
མགོ་ཡི་གནམ      རྐང་འོག་གི་ས་གཞི
ཀྱེ་མ་ཀྱེ་ཧུད      འཁོར་བའི་ནང་རྟེན་ལགས
རྒྱུ་འབྲས་ལྟ་བུའི་རྒྱུ་འབྲས་ཤིག་ཡོད་དམ

དགུང་མོ་དེར་སྙེ་མ་རླུང་བུས་སྐྱོད་དུས
རྩྭ་ཐང་གི་ལུག་ཁྱུ་འུར་གྱིས་ཞོགས་ཏེ
ལྷས་ར་ཞིག་ཏུ་འཛོམས་ནས་འབའ་སྒྲ་སྒྲོག
ངས་ཞིང་ཁ་རུ་ཡན་པའི་གླུ་ཚིག་རེ་རེ་འཐུ་བཞིན
རྒྱ་བཟའ་ཀོང་ཇོའི་སེན་མོའི་བར་དུ་བརྫངས་པའི་ནས་རྡོག་དེ་དྲན
ད་ལྟའི་ཕ་ཡུལ་གྱི་ནས་རྡོག་ལས་མང་བའི་རླབས་ཆེན་གྱི་སྡུག་བསྔལ་མཐོང་དུས
ནད་པ་ངོ་མ་ནི་ཕལ་བའི་མི་སེམས་དེའོ

                              2018/8/5ཉིན་གྱི་མཚན་མོར་ཕ་ཡུལ་ནས་བྲིས།


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།