ལྷ་ས་ནས་གྱེས་དུས།

འཕན་ཕྲུག་ཆོས་འཕེལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-10-26

                       ____དགའ་མ་འཆི་མེད་ལྷ་མོར་བྲིས།

ཐ་སྙད་བརྒྱ་ཕྲག་གི་རྫོངས་པ་འཁུར་ནས། ཁྱེད་རང་གྱེས་སོང་།
ལོ་མང་པོའི་རིང་ཆེས་འཁྱག་པའི་ཕྱི་དྲོ་ཞིག
ཁུ་སིམ་དུ་ལུས་པའི་ལོ་མ་དང་རྡོ་བ་བཞིན་འགུལ་རྒྱུ་མེད་པའི་ཉི་འོད་ལ་ཟུར་མིག་འཕངས་རྗེས།
ལྷ་ས་ནི། གྱེས་པའི་མིག་ཆུ་འཁྱིལ་ས་དེ་རེད།

ཁ་རོག་གེར། མིག་ཟུང་འོད་ཆིལ་ཆིལ་དུ།
ལྗིད་ཆེ་བའི་གོམ་སྣེ་བྱང་ལ་འཐེན་སྐབས།
ཁྱེད་ཀྱི་རུམ་དུ་བཅུག་པའི་སྐད་ཆ་རེ་རེ་འཁྱག་ཏུ་མ་ཆུགས།
ཚངས་མགུར་དབྱངས་ལ་བསྲེས་འདྲའི་སྐད་ཆ་དེ་ཚོ་ངུ་རུ་མ་ཆུགས།
ལམ་ནས་སྐོམ་ཆང་བཞེས་དུས། མིང་དང་ཐ་སྙད་ཡོད་ཚད།
ང་ཚོའི་ཕ་མས་བཏབ་པའི་ལས་ཀྱི་ནས་དཀར་དུ་སྒོམས་ཤིག
བཙག་ཀྱང་རྫོགས་རྒྱུ་མེད་པའི་ཐིགས་པ་རེ་རེ་སྙིང་གི་སྦུབས་སུ་ཉར་རོགས།

མཚམས་དེ་ནས། འགུལ་རྒྱུ་མེད་པའི་སྙིང་གི་འཕར་སྒྲ་ཞིག་ལས།
མིག་ཆུས་བཀྲུས་པའི་སེམས་ཀྱི་དཀྱིལ་འཁོར་ཁོ་ནས་ཁྱེད་ལ་སྐྱེལ་མ་ཞུས།
སྣུམ་ཤིག་ཤིག་གི་འཇིག་རྟེན་ཞིག་ནས་སྐྱ་ཐེར་ཐེར་གྱི་རྨ་ཁ་གསོ་དུས།
སྟོན་ཁའི་མཇུག་ནས་དགུན་ཁར་བུས་ཤིང་འཐུ་བ་བཞིན།
མེ་སྟག་དེ་ཁྱེད་ཀྱི་མིག་ཟུར་ལས་ཟགས།

ཐ་སྙད་དེ་དག་ལྗིད་ཆེ་བས། ཁྱེད་རང་ངལ་དུབ་ཀྱིས་མནར་སྲིད།
སྒོག་ཙོང་ལྟ་བུའི་སྣང་བ་ཞིག་གིས་ཁྱེད་རང་བཟི་ནས་གཉིད་ལ་ཡུར་འགྲོ།
མེ་འཁོར་ནང་དུ་མི་ཚོགས་ཀྱི་སྐད་ཅོར་དང་དྲི་མ་སྣ་ཚོགས་ཡོད་པས།
ཁྱེད་རང་ཞེ་མེར་བའམ་བསུན་སྣང་ཞིག་གིས་གཙེས་ཏེ།
ལྷ་སའི་ལམ་ཁར་ལུས་པའི་མི་དེར་ཡང་ཡང་བལྟ་དགོས་ན་ཡང་ཐང་།

རྒྱུན་བུར་བརྒྱུས་པའི་ཕྲེང་བ་ལྟ་བུའི་དྲན་གདུང་རེ་རེས།
མིག་གི་མཚོ་མོ་སྐྱོམ་ནས་ཟེགས་མ་མཁའ་རུ་བོར་ཡང་།
ཆེ་ལ་སྒོར་བའི་ཁྲ་ཆུང་མིག་ལ་བྱབ་བྱབ་འགའ་བྱས་རྗེས།
སེམས་པ་བརྣལ་དུ་ཕབ་ནས་མེ་འཁོར་གྱི་སྒེའུ་ཁུང་ལས་ཕྱི་རོལ་ལ་ལྟོས་དང་།
ལྷ་ས་ནས་རྒྱང་ཐག་ཇེ་རིང་དུ་བུད་འགྲོ་བ་ཡང་མཛེས་པ་ཞིག་ཡིན།
མཛེས་པ་དེའི་མདུན་ན་བྱིས་པ་ཁྱུ་གཅིག་གིས་ཁྱེད་ལ་སྒུག་ཡོད་ཅིང་།
མཛེས་པ་དེའི་རྒྱབ་ཏུ་སྙིང་ཉེ་བའི་མི་ཞིག་གིས་ཁྱེད་ལ་ལག་གཡུག་དང་སེམས་པ་འཁྲེང་ནས་ཡོད།

ཁྱེད་རང་བུད་ནས་ཡུན་ཙམ་སོང་རྗེས།
ངས་ལམ་ཁ་ནས་སྡོང་ལོ་ཞིག་སྒྲུག་སྟེ་དཔེ་ཆའི་ཧྲག་ཏུ་གཟེར།
ངའི་སེམས་པ་ཁྱེད་ཀྱི་སེམས་པར་བཀལ་བ་བཞིན།
ཁྱེད་ཀྱི་བརྩེ་བ་ངའི་རུས་པར་གཏན་པ་བཞིན།
ལོ་མ་དེར་སེམས་ཆུང་གིས་གཅེས་པར་བྱས།

རྒྱན་དང་བསྔགས་པས་དབུལ་བའི་དཔེ་ཆ་དེ་ནི《དུག་ཆེན་མེ་ཏོག》ཟེར་བ་ཞིག་རེད།
དཔེ་ཆ་དེ་ཀློག་དུས་ངས《ཚེར་སིལ་སྐྱ་བོ》ཟེར་བའི་སྙན་དེབ་ཅིག་དྲན།
དེའི་ནང་གི《ང་རང་ཉིད་ཀྱི་དབྱངས་ཅན་མ》ཟེར་བའི་སྙན་ངག་ཅིག་ཀྱང་གྱེར་དགོས་བྱུང་།
ཁུ་སིམ་མེར་ལུས་པའི་སྙན་ངག་གི་རུ་མ་དེར་ཁེར་རྐྱང་གི་རྐང་རྗེས་ཡོད་ཚད་དཔར་བས།
ད་གཟོད་ལས་བྱ་ཞིག་རྫོགས་པ་ལྟར་སེམས་པ་ཅུང་ཙམ་ལྷོད།

ཁོག་འདར་ལན་མང་ཤོར་བའི་ཕྱི་དྲོ་དེར།
སྟོང་ལྷང་ལྷང་གི་ཚོར་བའི་ཁོག་ནས་ལྷ་ས་བཙལ།
ལྷ་ས་འདྲ་བའི་མི་ཞིག་གི་རྒྱབ་གཟུགས་དེ་སླར་ཡང་བརྙེད་ན་བསམས།
སྐྱེ་མི་འདོད་པར་སྐྱེས་ཤིང་འཆི་མི་འདོད་པར་འཆི་བ་ལྟར།
འཛོམས་འཛོམས་བྲལ་བྲལ་གྱི་བར་ནས་ཅི་ཞིག་བོར་བ།
ལྷ་ས་ནས་གྱེས་དུས་ཀྱི་ཚོར་བ་དམིགས་བསལ་དེ་རེད།

                            2018/10/7ཉིན།

མཆན་འགྲེལ།

1.《དུག་ཆེན་མེ་ཏོག》《恶之花》བྷོ་སྒྲེ་ལེ་ཨར་གྱིས་བརྩམས།(夏尔·波德莱尔)
2.《ཚེར་སིལ་སྐྱ་བོ》གཅན་མེ་སྟག་གིས་བརྩམས།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་ས་ནས་གྱེས་དུས།

2018-10-26 འཕན་ཕྲུག་ཆོས་འཕེལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།