གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༡༨་ལོའི་སྟོན་མཇུག(ཞར་བཀོད་གསུམ་ཡོད)

2018-10-29 13:19:12 ཐོ་ཡོར།(དཀར་མཛེས) ཀློག་གྲངས། མཆན ཡོད།

图片1.jpg

སྙིང་བོ་གཞན་ཅི་ཡང་འཚོལ་ཁོམ་མ་བྱུང་ཡང
སྟོན་མཇུག་འདི་དྲན་པས་ཟིན་པ་ཙམ་བྱུང

རྒྱུན་རིང་བའི་དུས་ཚོད་ཀྱིས་འཛུམ་མདངས་ཁུར་ཏེ
ས་སྲོད་ནས་མུན་ནག་ཏུ་གཏུགས
རིམ་གྱིས་བརྗེད་ངེས་ཀྱི་རླུང
ཉི་ནུབ་ནས་ཉི་ཤར་དུ་གཡུག
སྣང་ལ་མ་ངེས་པའི་རྨི་ལམ་མང་པོ་འཁྱུགས་པའི་འོད
སུན་སྣང་གི་ཕུང་པོ་གཏོས་ཆེ་བ་ཞིག་ཏུ་གྲུབ
ངག་ལྐུགས་པའི་བླུན་རྨོངས་ཀྱིས
དབྱར་དགུན་སྟོན་དཔྱིད་བསྐོར

གཏིང་ཟབ་པའི་རྣམ་གཡེང་གི
ཐོགས་རེག་བྲལ་བའི་སེམས་ཀྱི་རྒུད་པ
དང་ཐོག་དཔྱིད་ཀའི་ལྗང་མྱུག་གིས་བསུབས་ཀྱང
དེའི་རྗེས་སྟོན་གྱི་བ་མོའི་གདུག་རྩུབ་ལས་སླར་ཡང་མངོན

ཡུར་གྱར་དུ་ཕྱིན་པའི་གཉེན་ཉེ་ཞིག
ཡུན་རིང་འགོར་བའི་རྗེས་ཀྱི་སྟོན་མཇུག་འདིར་འདས་པ་བཞིན

འགྱོད་གདུང་གིས་མ་ཐེགས་པའི་སྟོང་ཁམས
སྟོན་མཇུག་གི་གསེར་མདོག་གིས་ཁེངས

དགའ་སྡུག་གིས་རྨས་པའི་སྟོན་མཇུག་འདིར
ན་ཟུག་ཅིག་འདུན་པའི་རྩ་བར་ཟུག
གཏིང་ཟབ་བམ་ཞེས་འདྲི་དུས
དགུན་ཁར་སླེབས་འདུག

               ༢༠༡༨་༡༠་༡༧་ཉིན་བྲིས།

                      ༢༠༡༨་ལོའི་སྟོན་མཇུག(གཉིས་པ།)

ཤིན་ཏུ་སྐྱོ་ཨང
སྟོན་མཇུག་གི་གསེར་མདོག་གིས་བག་ཕེབས་པའི་ཉམས་ཤིག་སྟེར་ཡང
ཁྱེད་ཀྱི་རྒྱབས་གཟུགས་ཁྲོད་ནས་ཁྲུང་ཁྲུང་དག་རྒྱང་ལ་འཕུར

སང་ཉིན་སླར་སླར་མཇལ་གསུང་རྗེས་ཀྱི་ཁུ་སིམ
རྟག་བརྟན་གྱི་ཁེར་རྐྱང་ལ་ཐིམ་སོང

ལམ་འགྲམ་གྱི་ལྕགས་རའི་སྟེང་བབས་པའི
བྱེའུ་དེར་བལྟས་དྲགས་པས་ཡིན་ནམ
འདུག་བཟོད་མེད་པའི་ཚོར་བ་ཅིག་བྱུང

སྔོན་ཆད་ངས་གཅིག་པུར་འཇམ་ཐིང་ངེར
སྟོན་ཁ་ཉི་ཤུ་ལྷག་ངང་རིང་བོའི་ངང་བསྐྱལ་མྱོང
ཡིན་ཡང་ད་ལོའི་ཐང་གཤོང་ལྟ་བུའི་ཁེར་རྐྱང་འདི
སྟོན་དུས་ཧྲིལ་བོར་སོང་ཡང་སླེབས་རྒྱུ་མི་འདུག

ངས་དུས་ཚིགས་འདི་ལོང་འདུག་སྙམ
རྟག་ཏུ་མི་རྣམས་ཀྱི་དྲན་གདུང་དང་རྡུང་ག་རྒྱག་གིན་འདུག
ཡིན་ཡང   སུས་ཀྱང་ཆོམ་སྒྲ་ཐོས་ཏེ་རུབ་རྒྱག་གིན་མི་འདུག
མི་རྣམས་རང་རང་གིས་དྲུད་པའི་སྨུག་པའི་ནང་ནས་ཐག་རིང་ལ་ཆས་ཀྱིན་འདུག

                                               ༢༠༡༨་༡༠་༡༨་ཉིན་བྲིས།

             མུན་པའི་གཏིང་།

ང་ཚོའི་ལས་ཀྱི་དགུན་ཁའི་ནང་།།
མཆི་མའི་མེ་ཏོག་གས་པའི་རླུང་།།
སྲོག་གི་ལྗོན་རྩེའི་སྟེང་ནས་གཡོ།།
ལྗོན་པའི་ལོ་མ་འཐོར་བའི་གཟུགས།།
རི་མོར་བྲིས་ཏེ་སུ་ལ་སྐུར།།
སྐྱེ་འཆིའི་སྲང་ལམ་འདུས་མདོ་ནས།།
ཚིག་གི་སྒྲོག་གུ་བརྟོལ་བའི་ངག།
ཤུབ་ཤུབ་སུ་ཡི་རྣ་བར་འཆད།།
ཉམས་ཉེས་ཁུར་བའི་སྙན་ངག་གིས།།
མུན་པའི་ལ་མོ་བརྒལ་ཐུབ་ཀྱང་།།
མངོན་སུམ་ཁྲོད་ཀྱི་རྟ་ཕོ་འདི།།
སེམས་ཀྱི་ན་སྤང་གང་དུ་གཏོང་།།
ངང་ཚུལ་འདི་ལ་ཅི་ཞིག་བྱ།།
སྣ་ཚོགས་སྣང་བའི་རྒྱལ་ཁམས་ཀྱང་།།
སྐྱོ་ཡང་ཡང་ཡང་འགྲིམས་དགོས་བྱུང་།།
འཁྲུལ་བ་ཁ་འབྱམས་གྲང་བའི་ལམ།།
འཁྱག་ཀྱང་གཅིག་པུར་བགྲོད་དགོས་བྱུང་།།

                          ༢༠༡༨་༡༠་༡་ཉིན་བྲིས།

                       ལུང་བསྟན།
               
                                — གྲོགས་པོ་སྙན་ངག་པ་ཞིག་ལ།

ཙུང་ཙམ་འགོར་རྗེས རྡུལ་སྲབ་མོས་གཡོགས་པའི་ས་སྲོད་སླེབ་ཡོང་སྟེ
མདུན་གྱི་དངོས་པོ་དག་མཐོང་ལམ་ནས་འཁྱེར་སྲིད
ལན་གཅིག་མཐོང་ལམ་དུ་མངོན་པའི་དངོས་པོ་དག
མི་དགེ་བའི་གྲིབ་མ་དང་འགྲོག་ནས
ཐ་སྙད་ཀྱི་རྩིག་པའི་གསེང་དུ་ཞག་སྡོད་བྱེད་སྲིད
མངོན་སུམ་གྱི་ཐག་པ་བཅད་དེ་ཤོར་བའི་སྙན་ངག
སྐྱེ་འཆིའི་ལམ་གྱི་འགྲུལ་བཞུད་པར་འགྱུར་ངེས
ཡུན་ཐུང་གི་འགྲུལ་བཞུད་དེའི་ཁྲོད་ནས
ཁྱོད་རང་གཉིས་སུ་གྱུར་ཏེ
ཕྱེད་ཀ་དུས་ཚོད་ཀྱི་ལུས་སྟེང་ནས་ཁྱོད་དང་མཉམ་དུ་འཆི་མཁན་དང
ཕྱེད་ཀ་ཁྱོད་དང་དུས་ཚོད་ཀྱི་ལྡོག་ཕྱོགས་ནས་འགྲོ་མཁན་དུ་འགྱུར་ངེས
ཤུལ་ཏུ་ལུས་པ་ནི་ཁྱོད་ཀྱི་རྣམ་ཤེས
གཏིང་མེད་པའི་ང་རྒྱལ་དེའོ

ཅུང་ཙམ་འགོར་རྗེས གཉིད་དང་འདྲེས་པའི་མངོན་སུམ་གྱི་རྨི་ལམ་དུ
ཁྲག་རྒྱུན་གྱིས་དེད་པའི་ཐ་སྙད་ཀྱིས་མཚན་མོ་གསིལ་ཏེ་མེ་འབུད་ངེས

                                      ༢༠༡༨་༧་༣་ཉིན་བྲིས།


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།