གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་སྦྱོང་བ།(ཞར་བཀོད་གཉིས་ཡོད)

2018-11-24 13:56:08 ཀླུ་པད་བཟང་།(དཀར་མཛེས) ཀློག་གྲངས། མཆན ཡོད།

སེམས་ལ་སེམས་ཉིད་བརྡར་བས་ཁྱོད་རང་མཐོང་ཙམ་བྱུང
གཙང་པོའི་ཆུ་ལས་ལྡོག་འོད་འཕྲོ་བ་མིག་ཏུ་ཞེ་དྲག་འཇམ
དགུན་གཞུང་གི་སྡོང་པོས་མ་ཐེག་པར་གཡོ་བའི་འདབ་ལོ་འགའ
རླུང་གིས་བསྲུབས་པའི་ནམ་མཁའ་ལས་དལ་གྱིས་ཆུ་བོར་ལྕེབས

རླུང་ཉིད་རླུང་གིས་བསྲེགས་པའི་ཚ་བ་ལས
སྐམ་ཤ་ཟོས་ཤུལ་གྱི་ཐལ་བ་ང་ཡི་ལུས་ལ་འཚང
གཅེར་བུ་ཉི་མར་ལྡེ་བའི་གྲིབ་མ་ཕྱེད་ཀ་དེས
རུས་ཚིགས་ཀྱི་སྲ་བ་མ་ལུས་སྐད་ཅིག་གིས་གར་ལ་ཁྲིད་སོང

བརྩེ་དུངས་གླུ་རུ་ལེན་པའི་ཁེར་རྐྱང་གི་རྒྱལ་སྲས་དེས
ས་སྲོས་ཀྱི་གངས་རིའི་གཟི་མདངས་ལ་རྒྱབ་ཀྱིས་ཕྱོགས་ཚེ
སྤྲིན་པ་ལྷོད་ཀྱིས་ཆགས་པའི་བར་སྣང་དུ
གཡུ་དང་བྱི་རུའི་སྟངས་སྟབས་བྱ་རྒོད་ལྡིང་ལྡིང་།

                      2018. 11. 13

                                          འཁྲུལ་སྣང་བརྒྱ་རྩ་བརྒྱད།

ལག་པས་སེམས་ལ་བསྐུས་པའི་རྣག་ཁྲག་གི་འཇིག་རྟེན
རྡུལ་དང་ཁུ་བ་སྦྱོར་བའི་ཁ་དོག་ལས་གྲུབ་པར་བྱས
བརླ་དང་ཨོང་ཤ་མཚོན་པའི་མི་སྡུག་པ་དེ་ཉིད
དམར་སྨུག་གི་ཤམ་ཐབས་སྲབ་མོས་སྒྲིབ་ཙམ་ཐུབ་པ་བྱུང

རྒྱུ་མ་དང་མགོ་བོ་ཐོགས་པའི་ཀེང་རུས་ཆ་ཚང་དེས
འཁྲུལ་སྣང་གི་ལྕགས་ཐོ་བརྡུང་བའི་སྒྲ་དེ་ཐོས་པ་ཨེ་བྱུང
མིག་ཤེལ་གྱོན་མཁན་རྣམས་ཀྱིས་འཇིག་རྟེན་རྒྱ་མས་འཇལ་བ
སངས་རྒྱས་སེམས་སུ་འདྲེན་པ་ལས་ཤེས་ཐབས་མི་འདུག

གླེགས་བམ་གྱི་ངོས་སུ་བརྐོས་པའི་བུ་མོ་དེའི་རྒྱབ་གཟུགས
ཚིག་ལ་ཚིག་གིས་འགྲེལ་ཏེ་ཕར་ལ་བཀྱེད་ཙམ་བྱས་པས
གདུང་བས་འགྲམ་སོ་འཆའ་བའི་ཧྲགས་སྒྲ་རྩུབ་མོ་ཞིག
ཤ་སྐྱི་པགས་པའི་བར་གསེང་བརྒྱུད་དེ་སེམས་ཀྱི་ཚལ་དུ་བབས།

                     2018. 11. 12

                                           ཨ་མ་ལགས།  ཕ་ཡུལ་དུ་ཁ་བ་བབས་བྱུང་ངམ།

ཨ་མ་ལགས  ཕ་ཡུལ་དུ་ཁ་བ་བབས་བྱུང་ངམ
ཁ་བ་འཁྱག་གིས་བསྡམས་པས་ཁྱོད་ཀྱི་ཆུ་ཐག་རིང་དུ་གྱུར་སོང་ངམ
ཁ་བ་རྡོག་པས་བརྫིས་དུས་ཧྲག་སྒྲ་རྣ་བས་ཐོས་བྱུང་ངམ
ཁ་བ་བུ་ཡུག་འཚུབ་དུས་དབྱར་ཟླ་དཀྱིལ་མའི་འཇམ་ཤ་དྲན་བྱུང་ངམ
ཁྱོད་ཀྱིས་དྲན་པའི་ཟབ་ཚད་སྤྱད་དེ་བུ་ཆུང་འཚོལ་བཞིན་ཡོད་དམ

དབྱར་ཟླ་དཀྱིལ་མའི་འཇམ་རླུང་ཁྲོད
ཁྱོད་ཀྱི་མངལ་ཁ་མྱུར་སྟོབས་ཀྱིས་ཕྱེས་ནས
བུ་ཆུང་གིས་ངུ་སྒྲ་དང་གཤེར་ཁུ་ལྷན་གཅིག་ཁྱོད་ཀྱི་པང་དུ་བྱོས་པ
ད་ལྟ་ང་ཡི་དྲན་པའི་ནམ་མཁའ་ན་མི་འདུག་ཀྱང
ཁྱོད་ཀྱི་གསལ་ཐང་ཐང་གི་མིག་མདངས་སྙོམས་པོ་རུ་བབས་འདུག

ད་ལྟ་བདག་གིས་ཡིན་མདོག་གི་ལག་ཟུང་བརྐྱངས་ཏེ
《དབུ་མ་རྩ་བ་ཤེས་རབ》མཆན་འོག་ཏུ་བཅུག་ནས
སྒྱུ་མ་ལྟ་བུའི་ཆོས་ཁྲིད་ཉན་པར་ལམ་ལ་ཆས་ཀྱང
མངོན་སུམ་གྱི་ཁ་བ་སྟུག་པོས་ཁྱོད་ཀྱི་ཞལ་རས་ཡིད་ངོར་བརྫང་ཡོང
ཉམ་ཐག་པའི་ཞལ་རས་དེ་འཁྱག་སྣང་གིས་ཁེངས་པ་ལ་ཨང

ཟླ་བ་དགུ་པའི་གནམ་གཤིས་ཀྱི་འགྱུར་བག་ཁྲོད
རང་ཚང་མ་རྙེད་པའི་བྱེའུ་དག་ལ་ཁ་བས་སྐྱོ་རོགས་བྱས
ང་ཡིས་སྨྲ་བ་འཇམ་ཅག་གེར་བླ་མའི་བཀའ་ཁྲིད་ལ་ཉན་ཚུལ་བསྟན་ཀྱང
བླ་མས“མ་ཤེས་དྲིན་དྲན”གྱི་གདམས་ངག་ཆུ་བཞུར་བཞུར་འཆད་དུས
ནོར་ལུག་གི་རྗེས་སུ་འདུར་བཞིན་པའི་ཁྱོད་ཀྱི་གྲང་ངར་སྙིང་ལ་འཚུབ་ཡོང

ཆུ་ཁོལ་ཕོར་གང་ལ་སྤྲིས་མ་ཡོད་སྣང་གིས་ཕུ་བཏབ་ནས
འཚབ་འཚུབ་མེད་པར་ཧུབ་ཀྱིས་ཁམ་གང་མིད་དུས
རྩུབ་པའི་ཕྱག་ཟུང་གིས་བཏེགས་པའི་དཀར་ཡོལ་འབྲུག་རིས་མ
ཚ་བེར་བེར་གྱིས་བདག་གི་ཡིད་དུ་མངོན་ཙམ་བྱེད་པས
སེམས་ཉིད་སྐད་ཅིག་གིས་མེ་ལ་འཕྲད་པ་དང་འདྲ་བོ་གདའ།

                         2018. 11. 6

 

རྩོམ་སྒྲིག་པ། དབང་མོ།

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)    

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།