གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《མི་གཅིག་གི་ལྷིང་འཇགས》དང《མེ་ལོང》

2019-03-27 17:48:36 ཐོ་ཡོར།(ཞར་བཀོད་གཅིག་ཡོད) ཀློག་གྲངས། མཆན ཡོད།

ང་རང་ཧ་ཅང་ལྷིང་འཇགས་ངང་བསྡད་ཡོད
སྐབས་རེར་ངས་རང་ཉིད་འཇིག་རྟེན་འདིར་འཚོ་བཞིན་ཡོད་མེད་ཀྱང་སྙམ

འོན་ཀྱང་ངས་ཁྱེད་ཉིད་འཇིག་རྟེན་དུ་འཚོ་ཞིང་གནས་ཡོད་པ་གསལ་བོར་རྟོགས་ཐུབ

མཚམས་རེར་ངས་དུས་ཚོད་སྔོན་གྱི་རླུང་བུར་རེག་ཐུབ་མིན་སྙམ་སོང

ལྷིང་འཇགས་ཀྱི་གཏིང་ཟབ་སར་བསྐུང་ཡོད་པ་དེ
ངས་ཁ་པར་དུ་བཏགས་ཏེ་ཁྱེད་ལ་བསྐུར་ཐབས་མི་འདུག

འོན་ཀྱང ཁྱེད་ཀྱིས་ནམ་ཡང་འཇིག་རྟེན་འདིའི་གཏིང་ཟབ་སར་བལྟ་མི་འོས

འཕྲུལ་འཁོར་གྱིས་བརྡར་ནས་ཟད་པའི་ང་ཡི་རྣམ་ཤེས
ངག་ལྐུགས་པའི་ཁྲག་རྒྱུན་གྱི་བག་ལ་ཞ་འདུག

འཕྲིན་ཡིག་འབྲི་མི་ཤེས་པའི་ང་ཡི་ལག་པ་འདི་ཡང
ལྷིང་འཇགས་ཀྱིས་ཕྱིད་འདུག

ཆེས་ཕྲ་བའི་རྡུལ་རྣམས་འུར་ཟིང་གིས་འདུས་ཏེ
མི་གཅིག་གི་ལྷིང་འཇགས་དཀྲོགས་སྲིད་ན
དེ་ནི་ཡིད་འོང་གི་དུས་ཚིགས་ཤིག་ཏུ་ངོས་འཛིན་ཆོག་གམ

                                  ༢༠༡༩་༣་༡༢་ཉིན་བྲིས།

                                          མེ་ལོང་།

རྒྱང་ནས་གངས་རིར་བལྟས་པའི་དྲན་པ་དག་ཡར་བསྒྲུགས་ནས
འུར་ཟིང་གི་ན་ཚོད་འདིར་མེ་ལོང་ཞིག་བཟོ་འདོད

མཚན་མོར མེ་ལོང་དེ་ལས
ཞི་དུལ་གྱི་ཡིག་འབྲུ་རེ་རེའི་གྲིབ་མ
ཚེ་སྲོག་གི་རྩིག་པའི་ངོས་ནས་བཞུར་བ
ཉམ་ཐག་གི་རྨི་ལམ་གྱིས་རྨིས་ཐུབ་པ་ཞིག

སྡོད་མི་ཚུགས་པའི་དུས་ཤིག་ཏུ
མེ་ལོང་དེ་ལས་གཙང་བོའི་རྒྱུན་གྱི་ཐ་སྙད་ཀྱིས
ཚོར་བ་དེ་བསྣུབས་སོང་ན་བསམ

དེ་བཞིན་མ་འོང་ན སྔར་མྱངས་བའི་སྐྱོ་སྡུག་མཐའ་དག་གིས
མེ་ལོང་དེ་སིལ་བུར་གཏོང་འདོད

མཇུག་མཐར་ངས་དེ་ལྟར་ཐག་བཅད་བྱས་ན
རྗེས་སུ་ཉིན་མཚན་གཉིས་ནི
གངས་རིའི་ཕར་ངོས་ཚུར་ངོས་ལས་མ་མཆིས་བསམ་སྲིད

                           ༢༠༡༩་༣་༢༡་ཉིན་བྲིས།

 

རྩོམ་སྒྲིག་པ། ལྷ་སྐྱིད།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།