གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《ངོས་སྣ་ཚོགས་སྟེང་གི་སྒྱུ་འཕྲུལ》སོགས་སྙན་ངག་ཁག་གསུམ།

2019-04-19 08:46:14 རོང་བོ་གངས་དཀར། ཀློག་གྲངས། མཆན ཡོད།
ངོས་སྣ་ཚོགས་སྟེང་གི་སྒྱུ་འཕྲུལ།

སྤྲིན་པའི་གསེང་ནས།
ངས་ཁྱོད་ལ་ཟླ་བ་ཞེས་བོས་ཤིང་།
མེ་ཏོག་གི་གསེབ་ནས།
ངས་ཁྱོད་ལ་སྦྲང་མ་ཞེས་བོས།

རི་ཚོགས་ཀྱི་གསེང་ནས།
ངས་ཁྱོད་ལ་ཏེ་སེ་ཞེས་བོས་ཤིང་།
རྩྭ་ཐང་གི་དཀྱིལ་ནས།
ངས་ཁྱོད་ལ་གཡང་དཀར་ཞེས་བོས།

དགོན་པ་ཡི་འདབས་ནས།
ངས་ཁྱོད་ལ་ཆོས་འཕེལ་ཞེས་བོས་ཤིང་།
མཆོད་རྟེན་གྱི་མཐའ་ནས།
ངས་ཁྱོད་ལ་གཡེར་དྲིལ་ཞེས་བོས།

མི་ཚོགས་ཀྱི་དཀྱིལ་ནས།
ངས་ཁྱོད་ལ་གདུང་མ་ཞེས་བོས་ཤིང་།
ལམ་ཕྲན་ནས་ཐུག་དུས།
ངས་ཁྱོད་ལ་འོ་སྤྲི་ཞེས་བོས།

དཔེ་ཆ་ཡི་གསེང་ནས།
ངས་ཁྱོད་ལ་ལོ་རྒྱུས་ཞེས་བོས་ཤིང་།
གློག་ཀླད་ཀྱི་ངོས་ནས།
ངས་ཁྱོད་ལ་སྙན་ངག་ཅེས་བཏགས།

                                2019,04,17
 རྟ་ཕོ་ལགས། བདག་གི་རྟ་ཕོ།

རྟ་ཕོ་རྟ་ཕོ་ཁྱོད་ནི་གང་ན་ཡོད།།
དེ་རིང་གློ་བུར་ཉིད་དུ་ཁྱོད་རང་དྲན།།
དཔྱིད་ཀྱི་མེ་ཏོག་གང་སར་བཞད་ཀྱིན་འདུག།།
བྱེའུ་ཆུང་མང་པོས་ཀྱུར་ཀྱུར་སྒྲོགས་བཞིན་འདུག།

ང་ནི་ཉི་མ་བདུན་ལ་ནང་དུ་འཛུལ།།
དཔེ་ཆ་བལྟས་ནས་མིག་ཀྱང་རབ་རིབ་ཆགས།།
ད་ནི་སྐེ་ཚིགས་རྐེད་པ་ཐམས་ཅད་ན།།
ཕྱི་ལ་འཆམ་འཆམ་བྱེད་དུ་འགྲོ་དགོས་སྙམ།།

རྟ་ཕོ་རྟ་ཕོ་ཁྱོད་རང་གང་དུ་ཡོད།།
ཚུར་ལ་ཤོག་དང་མཉམ་དུ་རྒྱ་སྲང་ཉུལ།།
ཡང་ན་ཇ་ཁང་ཡང་ན་གློག་བརྙན་ལ།།
བལྟ་བར་འགྲོའོ་བདག་གི་རྟ་ཕོ་ལགས།།

                          2019,04,13
སྤོས་ལྡན་གྲོང་ནས་ཞག་ཆར་གྱི་སྒྲ་ལ་ཉན་པ།

འདི་ཡང་མི་ཚེའི་ནང་གི་སྤྱིར་བཏང་གི།
མཚན་མོ་ཞིག་སྟེ་མཚན་མོ་འདི་ཉིད་ལ།།
ང་ཡི་དབུགས་ཀྱི་རྒྱུ་བ་ལྷེམ་ལྷེམ་དུ།།
གཏོང་བཞིན་གཏོང་བཞིན་མཚན་གྱི་སྨག་རུམ་བསུས།།

རང་རང་ས་རུ་ཙོག་པའི་གྲོགས་གཉིས་ཀྱིས།།
རང་རང་ས་ན་དཔེ་ཆར་ལྟ་བཞིན་འདུག།
ཁུ་སིམ་སིམ་དུ་འཁོད་པའི་ཁོར་ཡུག་འདི།
ང་ཡིས་བཙལ་བའི་ལྷ་ཡུལ་ཡིན་པ་འདྲ།།

མཚན་མོའི་གཏིང་ན་འཁྱིལ་བའི་དབྱངས་རྟ་ལ།།
ང་ཡིས་གོ་བ་ཟབ་མོ་ལོན་སོང་ལ།།
སྐབས་འདིར་ཐག་ཐག་འབབ་པའི་ཆར་སྒྲར་ཡང་།།
མཛེས་པ་གཞན་ཞིག་བརྟས་པ་ང་ཡིས་ཚོར།།

གློ་བུར་རྒྱང་རིང་ས་མཐའི་ཡུལ་ཞིག་གི།
ཉི་མ་དྲོ་སའི་ས་ཞིག་དྲན་བྱེད་ཅིང་།།
མཆོད་རྟེན་ཞིག་རོ་ཞིག་དང་ཁྱི་ལྡོམ་འགའ།།
མ་ཎི་བཟློ་བའི་རྒན་རྒོན་འགའ་བཅས་དྲན།།

                     2019,03,23

 

རྩོམ་སྒྲིག་པ། གངས་དགའ།


  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།