གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླུང་ནང་གི་བྱ་སྒྲོ།(ཞར་བཀོད་གསུམ་ཡོད)

2019-09-29 08:41:58 མུན་པ་རང་གྲོལ།(རྨ་ཆུ) ཀློག་གྲངས། མཆན ཡོད།

གླུ་དབྱངས་ཤིག་ལ་ཉན་དུས།
ལྦུ་རག་གི་ལྕགས་དམ་ལག་ལ་འཇམ།
སྒེའུ་ཁུང་གི་གམ་ནས་ཕྱི་རོལ་ལ་ལྟ་ཞོར།
སེམས་པ་དགག་བྱེད་ཀྱི་ཐག་པ་དག་བཅད་དེ།
ཀོང་ཇོ་དང་མཛེས་མ་རྣམས་ཁབ་ཏུ་བཞེས།
བདུད་རྩིའི་རོ་མངར་གྱིས་བསྐྲུན་པའི།
འཇིག་རྟེན་རྒྱ་ཡངས་ཀྱང་།
གྲིབ་མ་ང་ཚོའི་རྗེས་སུ་འབྲངས་པ་ཇི་བཞིན།
མི་རྣམས་ཆུ་ཚོད་ཀྱི་རྗེས་སུ་འབྲངས།
སང་ཉིན་ཉི་མ་སྔར་བཞིན་ཤར་ནའང་།
གོ་སྐབས་མ་ཟིན་པའི་ལྗང་མྱུག
སླར་གླུ་དབྱངས་དང་ལྷན་དུ་སྨིན་མི་སྲིད།
                           ༢༠༡༩/༦/༥
 
ཕ་ལོ།
 
 
མི་ལོ་བཞི་བཅུའི་ཡར་སྔོན་དུ།
བལ་དཀར་འཇིལ་ལི་ཅན་གྱི་ཆུ་ཕྱིང་གོན་ནས།
དཔའ་ངར་གྱི་ངོ་གདོང་སྨུག་གཟེངས་ངེར།
རྟ་མཆོག་རྐྱང་དམར་རི་ནས་བཟུང་སྟེ།
ཁ་ཤ་དགོ་བ་ཞོར་ནས་བསད་དེ།
སྡེ་འདབས་སུ་ཐོན་དུས།
ཁྱེད་སྨན་ཤར་ཚོའི་ཟུར་མིག་དང་དུངས་སེམས་ཤོར་ས་རེད།
ཁྱེད་སྟག་ཤར་ཚོའི་སྨོན་པ་དང་ཕྲག་དོག་བྱེད་ས་རེད།
 
ལོ་ཟླ་ཁད་ཀྱིས་བསྐྱལ་བའི་དེ་རིང་།
རྨ་ལུ་མའི་རླབས་རྒྱུན་གྱི་ལོ་རྒྱུས།
ཁྱེད་ཀྱི་བྱང་ཁོག་ན་གསལ་གྱི་ལེ་ཡོད་ཀྱང་།
ཅི་ཡང་མི་མཁྱེན་པའི་ཚུལ་གྱིས་བཞུགས་ཏེ།
ཕམ་ཉེས་ཀྱི་ཕྱག་ཟུང་བཀའ་བསྟན་གྱི་འཁོར་ཆེན་ལ་འཇུས་ཏེ།
དགོན་འདབས་སུ་ཐོན་དུས།
ཁྱེད་ན་གཞོན་ཚོས་པར་ཆས་གཏད་ས་རེད།
ཁྱེད་བྱིས་པ་ཚོས་གནའ་སྒྲུང་འདྲི་ས་རེད།
                       ༢༠༡༩/༦/༡༦
 
 ལམ་འགྲམ་ནས་ཁྱེད་ལ་འཕྲད་པ།
                       
རླངས་འཁོར་རྦབ་རྡོ་ལྟར།
ཐུད་དུ་འདྲིལ་བའི་ལམ་འགྲམ་ནས།
ཁྱེད་ལྡེམ་ལྡེམ་གྱིས་གཡོ་བ།
ངའི་ཡིད་སེམས་ལ་མེ་ཏོག་བཞིན་བཞད།
གཡུ་སྦྲང་ཆ་གཅིག་གི་འཕུར་ལྡིང་།
གེ་སར་གྱི་གམ་ལ་འཁོར་དུས།
ཁྱེད་རླངས་འཁོར་གྱི་སྒེའུ་ཁུང་ལས།
ཉི་མ་ལྟར་ཚེས་བྱུང་།
འོད་ཀྱི་ཐིག་ལེ་རེ་རེ་མིག་ལ་འཚེར་བས།
ཉིད་ཀྱིས་རང་དབང་མེད་པར་མགོ་བོ་སྒུར་ཙམ་བྱས།
ཁྱེད་ཅི་ཞིག་ལ་འདྲོགས་འདྲའི་ཉམས་ཚུལ་དེས།
ང་ཡི་བརྗོད་འདོད་ཀྱི་སྐད་ཆ་ལའང་མིང་མི་ཐོགས་པར་གྱུར།
                     ༢༠༡༩/༧/༡ མཚན་མོར།
 
 རང་བྱུང་བུ་མོ་ལུས་འཇམ་མ།
                     
སྤྲིན་པ་དཀར་ནག་གིས་གར་བྱེད་བཞིན།
གནམ་གྱི་མཐའ་མཚམས་ནས་ཟུར་གྱིས་བསྔས།
ཉི་འོད་ཀྱི་ཐིག་པས་ནོར་འཛིན་གྱི་བུ་མོར།
གསེར་གྱི་སྐེ་རྒྱན་དང་རྣ་ལོང་བཏགས།
 
བྱིའུ་ཅོ་ཀའི་སྐད་སྙན།
ང་ལ་བཏང་བའི་རོལ་དབྱངས་སུ་གྱུར།
སྲོད་དུས་ནོར་ནག་གི་ངུར་སྒྲས།
རོལ་དབྱངས་དེའི་བདེ་སྣང་མ་དཀྲོག་གོང་།
ངས་སྤྲིན་གསེབ་ནས་ཁྱེད་མཐོང་སྲིད་ལ།
སྤང་གཤོངས་ནས་ཁྱེད་ལ་འཐམ་འཁྱུད་བྱས།
                           ༢༠༡༩/༧/༡༦
 
རྩོམ་སྒྲིག་པ། དབང་མོ།


 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།