གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚིག་གི་རོལ་རྩེད།(ཞར་བཀོད་གཉིས་ཡོད)

2019-12-11 14:20:31 ཀླུ་པད་བཟང་།(དཀར་མཛེས) ཀློག་གྲངས། མཆན ཡོད།
བདག་གིས་བླ་མར་ཞུ་བ
ས་གཞི་ནི་ཅི་ཞིག་ལགས
བླ་མས་བཀའ་བསྩལ་བ
དེ་ནི་ཀེང་རུས་ཀྱིས་གང་བའོ

ཡང་བདག་གིས་ཞུ་བ
བུད་མེད་ནི་ཅི་ཞིག་ལགས
བླ་མས་བཀའ་བསྩལ་བ
དེ་ནི་ཀེང་རུས་ཆ་ཚང་བ་ཞིག་གོ

ཡང་བདག་གིས་ནན་གྱིས་ཞུ་བ
དམར་རྗེན་རྗེན་གྱི་མཆུ་སྒྲོས་དང་དཀར་འཇམ་གྱི་བརླ་ཤ
ཟག་བཅས་བདེ་སྦྱིན་གྱི་མཚན་མ་ནི་ཅི་ཞིག་ལགས
བླ་མས་སྒམ་ཚུགས་ཀྱིས་སྨྲས་པ
དེ་དག་ནི་སྣང་བ་བན་བུན་ཞིག་གོ

བདག་གིས་སྨྲས་པ
བླ་མས་དེ་དག་མཐོང་བའམ་མྱོང་བ་ལགས་སམ
བླ་མས་འཛུམ་པ་དང་བཅས་སྨྲས་པ
ཁྱོད་ཀྱི་བླ་མ་ནི་གཟུགས་མི་སྡུག་ཅིང་དབང་པོ་མ་ཚང་བའོ།།
                 རྨི་ལམ་དེའི་ཕ་རོལ་ན།   

རྨི་ལམ་དེའི་ཕ་རོལ་ན
མི་རྣམས་དལ་བྲེལ་མེད་པར་གཉིད་དུ་ཡུར
མིག་གཡས་གཡོན་གཉིས་ཀྱི་བར་ཐག་ལས་མེད་པའི
ཚེ་འདི་ཕྱི་གཉིས་ཀྱི་མཚོ་ཀློང་དུ
མི་ཞིག་ཁེར་རྐྱང་ངང་ཆུ་གྲུར་ཞུགས

འདུག་མི་བཟོད་པ་ནི་ང་ཡི་ལག་ཟུང་སྟེ
ཅི་བྱ་གཏོལ་མེད་ཀྱི་དུས་སུ
ང་རང་ཐོ་ཡོར་ཇི་བཞིན་ཉིན་གཅིག་ལ་འགྲེང་ནས་སྡོད་དུ་བཅུག

ཁྱོད་ཀྱིས་རྒྱང་རིང་གི་ནམ་མཁའི་ངོས་སུ་རྨི་ལམ་བསྒྲིགས
རྨི་ལམ་དང་ང་ཡི་ལག་ཟུང་འཕྲད་ཙམ་བྱས

ལུང་བསྟན་ལྟ་བུའི་མེ་ལོང་གི་ནང་དུ
དྲན་ཤེས་ཀྱི་མིང་གིས་འབོད་པ་དག་རབ་རིབ་ཀྱི་རི་མོ་ཞིག་ཏུ་བྲིས
ང་ཡིས་ཁྱོད་རང་འཚོལ་འདོད་ཀྱིས་ལག་པ་ཕར་ལ་བསྲིངས་ཀྱང
དེས་བསྐྱེད་པའི་སྐྱོ་གདུང་གིས་ང་རང་ཡལ་དུ་བཅུག

མི་ཚེའི་སྙིང་པོ་ཅི་ཡིན་ནམ་སྙམ་པའི་སེམས་ཁྲལ་དེས
གཉིད་དུ་ཡུར་ཚེ་རྨི་ལམ་ཡང་སད་པར་བྱས
གཅིག་པུར་མཚན་ལམ་བརྒལ་དུས  ཐོལ་གྱིས་དྲན་ཡོང་བ་དང
སྐད་ཅིག་མའི་སྐྱོ་ཤས་ཀྱིས་ཟིན་པ་འདི་དག་གིས
ང་ལ་གློ་བུར་དུ་ཡར་ལངས་ནས་འགྲོ་འདོད་ཀྱི་སེམས་པ་ཡང་ཡང་སྟེར།
                                       2019· 10·17​
​                    ཡུལ་ལ་ལོག་དུས། 

ལོ་རྒྱུས་ཀྱི་སྨུག་པ་རི་རྒྱལ་ལ་དམ་དུ་དཀྲིས་རྗེས
སྦྲ་ཡི་ཁ་ཚུབ་ན་ཆེམ་ཆེམ་དུ་འཕྲོ་བའི་ཉི་འོད་དེ
ང་ཡི་ལུས་སྟེང་གི་དྲོད་སྣང་དང་ལྷན་གཅིག་ནར་སོན
དུས་ཚོད་ཉིད་ཀྱང་ཨ་མའི་ལན་བུ་དང་འདྲ་བར་རིང་པོ་ཞིག

སྤང་ལྗོངས་འདིའི་བདག་པོ་རལ་བ་ཅན
གཉིད་ལས་སད་རྗེས་ཀྱི་མིག་ཟུང་ནམ་མཁའ་དང་འདྲ་བ་དེ
ཧི་མ་ལ་ཡ་ཟེར་བའི་རི་བོ་མཐོ་ས་དེ་ནས
བདག་གི་རྟ་ཕོ་དང་ཁྱོད་ཀྱི་ལུ་གུ་དག་གི་རྗེས་སུ་བསྙེགས་སོང

མཚན་མོར་མེ་ཕུང་སྐོར་བྲོ་རྡུང་མཁན་གྱི་མི་རྣམས
དལ་བྲེལ་མེད་པར་རང་རང་གི་མལ་དུ་འཛུལ་རྗེས
རྨི་ལམ་ནས་མཆེད་པའི་རུས་པ་དཀར་པོ་དེ
དབུས་ལམ་གྱི་ཉི་མ་ཁོ་ནས་བདག་གིར་བྱས

སྡེ་འདབས་ནས་གླུ་ཆུང་སིང་སིང་གཏོང་བའི་བུ་མོ་དེ
ཁ་སང་གྲོང་ཁྱེར་དུ་སོང་ཤུལ་ནས་ཕྱིར་ལོག་མ་བྱུང
སྤང་ལས་སྐྱེས་པའི་མལ་སྟན་འཇམ་པོ་དག
ད་ནི་དུས་ཚོད་ཀྱི་མེ་ཡིས་འཚིག་གིན་པ་ཐག་གིས་ཆོད

ལོ་རྒྱུས་ཀྱི་སྨུག་པ་རླུང་གིས་ཡང་ཡང་བསེད་རྗེས
འུར་རྡོའི་ལྕག་སྐད་ཅིག་གིས
བར་སྣང་ལ་ཁུར་སོང་བའི་བདག་གི་རྟ་ཕོ
གྲང་ཤུར་ཤུར་གྱི་སྤྲིན་པར་ཞོན་ནས་གང་དུ་བུད་སོང་ངམ།
                                  2019. 8. 21
 

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།