གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩིག་ལྡེབས་སུ་འབྱར་བའི་ཕྲ་ཕུང་།

2019-12-12 16:30:32 གུ་དཔལ་ཤིས།(ཟི་ལིང) ཀློག་གྲངས། མཆན ཡོད།

ཉག་ཕྲ་བའི་ངག་སྒྲོས་ནང་གི་མདོག་ཡལ་བའི་འཆར་སྒོ་དེ་ཚོ
ད་ནི་དྲན་པའི་ཨམ་ཕྲག་ཏུ་བཅུག་ནས་ཅི་ཞིག་བྱ་དགོས་སམ
ཁ་བའི་རེག་བྱ་ལ་དྭངས་གཙང་གི་འཇམ་ཤ་བོར་བའི་སྡུག་གི་གངས་ཆར
སེམས་ཀྱི་མིག་ལམ་ནས་རིང་དུ་བྱོས་ཤིག
བློ་ཕབ་སྟེ་ཉན་པའི་སྒྲ་དབྱངས་ཀྱི་ཚོགས
ལྕེ་ཤེས་ཀྱིས་རྡུང་བཞིན་ཡིད་ཀྱི་རོལ་མོའི་ཚོགས་ཀྱང་མག་མོག་གྱུར

མིག་གི་དུངས་ཀར་ལྷུང་བའི་དུས་ཚོད་ཀྱི་ནད་པ
ས་སྲོད་ལྷག་མ་ཞིག་དྲུད་ནས་གང་དུ་འགྲོ་གྲབས་ཡིན
འཕྲད་པ་མེད་པའི་སེམས་དང་སེམས་བྱུང་གི་ཆར་རླུང་དེ་ཚོ
སྐྱེ་འཆི་ཡི་རི་མོ་བྲིས་ནས་ཅི་ཞིག་མཚོན་དགོས་སམ
རྟ་ཕོ་ནི་སྒྲོག་ལས་གྲོལ་ཏེ་རྒྱང་རིང་གི་གནམ་མཐའ་བརྒལ་དུས
སྨུག་པའི་རྒྱུ་ཕྱོགས་སུ་བལྟས་ནས་སྐྱོ་ངལ་གྱི་ཞེ་གླུ་རིང་དུ་ལོངས་ཤིག

ལོ་ཟླའི་གཙང་བོ་ངེས་མེད་དུ་བཞུར་འགྲོ་བ་མངོན་གསལ་རེད
ཁྲེལ་གཞུང་གི་ཕྱི་ཐག་སྐད་ཅིག་གིས་ཡལ་འགྲོ་བ་ཆོད་ཉིད་རེད
འཇགས་པ་མེད་པའི་མཐའ་ཀླས་པའི་གྲིབ་མ་དང་རླུང་བུའི་ཚོགས
རྩིག་ལྡེབས་ཀྱི་ནམ་མཁའ་འདི་རུ་བྲིས་ཀྱང་ཤོང་ཚོད་མ་རེད
དྲན་པའི་མཚོ་མོ་རུ་དཔྱང་བའི་མིག་གི་དཀྱིལ་འཁོར
སྐྱེ་མཆེད་ཀྱི་རྡུལ་ཚོན་མ་གོས་པའི་གངས་རི་སྔོན་པོ
འབྱམས་ཀླས་པའི་མེ་ལོང་གི་མཐོངས་སུ
སུ་ལ་ཡང་བརྗོད་ཐབས་བྲལ་བའི་ངག་གི་སྤྲིན་ཕུང་ལང་ལོང
དུས་རབས་འདིའི་ཁ་དབུགས་ཤིན་ཏུ་དོག་དྲག་པས
གློ་ཉེ་བའི་ཆར་འབྲུ་ཙམ་ཡང་འཐོར་ཐབས་མི་འདུག

                ༢༠༡༩ ༡༢ ༣ སུའུ་ཀྲུའུ་གྲོང་ཁྱེར་ནས།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།