གཉིད།

   དྲི་ངན་ཞིག་ཐུལ་ནས་འོང་།
   དྲི་ངན་ཞིག་ཐུལ་འོང་བས། མི་ཚང་མས་ཁ་ཐུམ་བརྒྱབ་འདུག
    ད་དུང་མི་སྐོར་ཞིག་གིས་ལག་ཤུབས་ཀྱང་གྱོན་འདུག ཁ་ཐུམ་མེད་པའི་མི་རྣམས་ཀྱིས་ཁ་སྣ་ལག་པས་བཏུམས་ནས་འགྲོ་བཞིན་འདུག་ལ། མིག་ཀོང་ལས་རློམ་དཀའ་བའི་མདངས་ཤིག་མངོན་ནས་འགྲོ་བཞིན་འདུག མཐའ་འཁོར་ན་མྱུར་སྐྱོབ་རླངས་འཁོར་འགའ་རེ་ཡོད་པར་བལྟས་ན་དོན་རྐྱེན་ཅི་ཞིག་བྱུང་སོང་བར་མངོན་ལ།  ཉེན་རྟོག་པའི་རླངས་འཁོར་རེ་གཉིས་ཡོད་པར་གཞིགས་ན་ཚབས་ཀྱང་ཅུང་ཟད་ཆེ་བར་སྣང་།
གང་ལྟར། སློབ་ཆེན་དེའི་མལ་ཁང་ཐོག་བརྩེགས་××××པ་དེ་ད་ལྟ་འུར་གྱིས་བཀང་འདུག
    མཚམས་འདིར།  གྲོང་ཁྱེར་འདིའི་བརྙན་འཕྲིན་གང་མང་ཞིག་ལས་དུས་མཉམ་དུ་གསར་འགོད་པ་མཛེས་མ་ཞིག་མངོན་བྱུང་ལ། མཛེས་མ་དེའི་ཁ་ནས་དུས་མཉམ་དུ་བཀྲ་མི་ཤིས་པའི་གསར་འགྱུར་ཞིག་བསྒྲགས་བྱུང་།
“ལྟ་མཁན་རྣམ་པ།  ང་ཡོད་ས་འདི་ནི་××××སློབ་ཆེན་གྱི་མལ་ཁང་ཐོག་བརྩེགས་××××པའི་ཉེ་འགྲམ་ཡིན་ལ། ངའི་ལྟག་རྒྱབ་མི་ཚོགས་ཀྱིས་བཀང་ཞིང་། དེའི་ཁྲོད་དུ་ཉེན་རྟོག་པ་དང་སྨན་པ་གང་མང་ཞིག་བྲེལ་བྲེལ་འཚུབ་འཚུབ་བྱེད་དོན་ནི། ད་ནངས་སྔ་མོའི་ཐོལ་བྱུང་དོན་རྐྱེན་ཞིག་སྟེ།ཐོག་བརྩེགས་འདིའི་མལ་ཁང་ཨང་རྟགས་༥༥༥པའི་སློབ་མ་སྐོར་ཞིག་གློ་བུར་དུ་རུལ་སོང་བའི་དོན་རྐྱེན་དེའི་དབང་གིས་རེད།
ཤ་དར་ཁྲག་དར་གྱི་ན་གཞོན་སྐོར་ཞིག་གློ་བུར་དུ་འདི་ལྟར་རུལ་འགྲོ་བ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་མོད། འོན་ཏེ། འབྲེལ་ཡོད་ཆེད་མཁས་པའི་རྩད་བཅད་པའི་སྡོམ་ཚིག་ནི་དེ་བས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་རེད། ཆེད་མཁས་པས་བརྒལ་བརྟག་བྱས་པ་ལྟར་ན།  ན་གཞོན་སློབ་ཆེན་པ་དེ་དག་རུལ་དོན་ནི་གཉིད་རྒྱུ་མང་དྲགས་སོང་བས་རེད་ཟེར་་་་་་”
རས་ཁེབ་དཀར་བོ་རེ་བཀབ་པའི་ནད་ཁྲི་གང་མང་ཞིག་མལ་ཁང་ལས་མངོན་ནས་མྱུར་སྐྱོབ་རླངས་འཁོར་དུ་ཡལ་བཞིན་འདུག
མི་ཚོགས་ཀྱི་འུར་སྒྲ་གནམ་ས་བསྒུལ་ནུས་པ་དེ་དང་རླངས་འཁོར་གྱི་ཉེན་བརྡ་སྙིང་ལ་ཟུག་འགྲོ་བ་དེས་སྐབས་དེའི་རྣམ་པ་སྔར་བས་ཀྱང་སྐྱི་གཡའ་བར་བྱས་འགྲོ། སྐབས་དེར་རླུང་བུ་པྲ་ཚགས་ཤིག་གིས་གློ་བུར་དུ་ནད་ཁྲི་ཞིག་གི་རས་ཁེབ་ཁུར་སོང་བས།  མི་རྣམས་ཀྱི་མཐོང་ལམ་དུ་གསོན་པོར་རུལ་བཞིན་པའི་ན་གཞོན་སློབ་ཆེན་པ་ཞིག་ཝ་ལེར་མངོན་འོང་།
ཨ་ཙི།  གཞོན་ཤ་དར་བའི་ལུས་ཕུང་ཡོངས་ཕལ་ཆེར་རུལ་ནས་ལྗང་ནག་ཏུ་གྱུར་འདུག་ལ། ཤ་ཚིལ་གསོག་རྒྱུ་མང་དྲགས་པའི་ཕོ་བའི་ལྟེབ་གཉེར་དང་། སྐེ་ཚུགས་ཀྱི་ཤ་གཉེར་བར་ན་ཚོམ་བུར་འདུས་པའི་འབུ་ཚོགས་རིག་རིག་ཏུ་འགུལ་བཞིན་འདུག ལན་རེར་ནད་ཁྲིའི་ལྡེམ་ཤུགས་ཆེ་དྲགས་པའི་དབང་གིས་འབུ་ཚོམ་འགའ་རེ་ས་རུ་ལྷུང་འགྲོ་ལ།   ལྷུང་ནས་ཐོར་འགྲོ།   འགའ་རེ་ལྷུང་མ་ཐག་རྡོག་པས་གཅིར་བཞིན་འདུག འགའ་རེ་ལྷུང་མ་ཐག་ཕྱོགས་ཕྱོགས་སུ་འགྲོ་བཞིན་ཡོད། 
    འབུ་ཚོམ་བཅིར་བའི་མི་རྣམས་འགྲེད་ནས་ཕར་འཁྱལ་ཚུར་འཁྱལ་བྱེད། འབུ་ཚོམ་འཐམས་པའི་ལུས་པོ་རུལ་ནས་ཐེད་ལ་ཉེ། ཤ་བརྟས་ནས་བཀད་སོང་བའམ་ཉལ་ཉལ་ནས་དྲལ་སོང་བ་གང་ཡིན་མི་ཤེས་ཀྱང་། དཔྱི་མགོ་ཚོན་པོ་དེ་རུ་ཁྲག་མ་རྣག་ཅིག་བཞུར་བཞིན་འདུག  བཞུར་ནས་དཀག་བཞིན་འདུག  དཀག་པའི་སྟེང་ལ་མུ་མཐུད་དུ་བཞུར་བཞིན་ཡོད། མུ་མཐུད་དུ་བཞུར་བཞིན་ཡོད་པས་དཀག་བཞིན་པའི་ཕུང་བོ་ཇེ་ཆེ་ནས་ཇེ་ཆེ།  ད་དུང་ཇེ་ཆེ་་་་་་་  ངོ་མ་ན་གཞོན་དེ་དག་ནི་གཉིད་ནས་རུལ་སོང་བ་འདྲ།
ཚུལ་འདི་མཐོང་མ་ཐག་མི་རྣམས་སྐྱི་གཡའ་བའི་ཁར་སྐྱུག་བྲོ་བ་ཞིག་བྱུང་ལ། དེ་བས་ཀྱང་ཁོ་རང་ནི་ཧ་ལས་པར་བྱས་སོང་།  རྒྱུ་མཚན་ད་ཅི་རས་ཁེབ་ཁུར་སོང་བའི་ན་གཞོན་རུལ་བ་དེ་ནི་ཁོ་རང་ཡིན་འདུག དེ་བས་ཁོས་རང་ཉིད་ལ་ཞིབ་ལྟ་ཡང་ལྟ་ཞིག་བྱས་རྗེས། ཕར་མྱུར་སྐྱོབ་རླངས་འཁོར་གྱི་ཕྱོགས་སུ་བརྒྱུག་བསམས་མོད། འོན་ཀྱང་། ཁོ་ལ་འགུལ་རྒྱུ་ཅི་ཡང་མི་འདུག ཁོས་ཡང་བསྐྱར་ཚོད་ལྟ་ཐེངས་འགའ་བྱས་སོང་། ཡིན་ཡང་། ཁོར་སྔར་བཞིན་འགུལ་རྒྱུ་མི་འདུག ཨ་ཙི། ང་དངོས་གནས་རུལ་སོང་བ་ཡིན་ནམ། ང་་་་་་་
ཁོ་འུ་ཐུག་ནས་འུར་བརྒྱབ་བྱུང་།
   “ང་རུལ་མེད། ང་རུལ་མེད།  ང་རུལ་མེད་་་་་་”
    གློ་བུར་དུ།  དཀར་གསལ་ལེར་གྱུར་སོང་། 
    ཁོས་དཀའ་ཚེགས་གང་མང་ཞིག་མྱངས་ནས་མིག་ལྕིབས་བཙན་གྱིས་ཕྱེས་པ་ན། མཐོང་ལམ་ནི་དཀར་གསལ་ལེར་མངོན།  མིག་ཟུང་ཡང་བརྩེ་བར་བྱེད། དེ་དང་ཆབས་ཅིག་ཧ་ཅང་རྒྱུས་ཡོད་ཀྱི་སྐད་གདངས་ཤིག་ཀྱང་རྒྱང་རིང་ཞིག་ཡིན་པར་འདྲ་བའི་ཉེ་གམ་ཞིག་ནས་གྲག་འོང་།
    “སེམས་བདེ་མོ་བྱོས།  ད་དུང་རུལ་མི་འདུག”
སྐབས་འདིར། ཁོས་ད་གཟོད་ད་ཅིའི་ཡོད་ཚད་ནི་ཏག་ཏག་རྨི་ལམ་ཞིག་ཡིན་པ་ཤེས་ལ། རང་ཉིད་ཀྱང་རུལ་མེད་པ་རྟོགས་ནས་སེམས་པ་བདེ་ལ་བབས་མོད།  འོན་ཀྱང་།  སློབ་ཁྲིད་ཀྱི་རྗེས་སུ་ལུས་སོང་བར་དོགས་ཏེ་མྱུར་མོར་ཡར་ལངས་པ་ན། མལ་གྲོགས་ཚོས་མིག་འོད་ཡ་མཚན་མ་ཞིག་ཁོའི་ཕྱོགས་སུ་བརྐྱངས་ནས་འདུག 
    “ཅི་རེད།  ཁྱོད་ཚོ་སློབ་ཁྲིད་ལ་མི་འགྲོ་འམ། ”
      ཁོས་ལྭ་བ་གྱོན་ཞོར་འདི་ལྟར་དྲིས་པ་ན།  ཁ་གཏད་ཀྱི་སློབ་གྲོགས་དེས་དགོད་འཛུམ་ཞིག་བཏོད་ནས་སྒེའུ་ཁུང་གི་ཕྱོགས་ལ་མིག་བརྡ་ཞིག་བསྟན་བྱུང་།  སྒེའུ་ཁུང་གི་ཕྱི་རོལ་ནི་མུན་ནག་གི་ཁུད་དུ་གཅུད་འདུག་ལ།  ཐོག་བརྩེགས་མཐོན་པོ་དག་གི་ཡང་རྩེ་ན་གློག་སྒྲོན་གྱིས་བཟོས་པའི་རྒྱ་ཡིག་དམར་བོ་དེ་ཚོའང་ནམ་རྒྱུན་ལྟར་སྨྱོ་འཕྲོ་བྱེད་བཞིན་པས། ཁོས་ད་གཟོད་ས་རུབ་འདུག་པ་ཚོར། ཁོ་རང་ཡར་ལངས་མ་ཐག་གློ་བུར་དུ་ས་རུབ་འདུག་པས་ཁོའི་མགོ་འཐོམས་སོང་། སེམས་འཁྲུགས་སོང་།  ད་ཅིའི་རྨི་ལམ་ཇི་བཞིན། ད་ཅིའི་རུལ་ནད་ཇི་བཞིན།
      དྲི་ངན་ཞིག་ཐུལ་ནས་འོང་། 
      དྲི་ངན་ཞིག་ཐུལ་འོང་བས། ཁོས་རང་ཉིད་ཀྱི་སྔས་འགྲམ་དུ་བསྲད་འདུག་པའི་སྐྱུགས་རོ་དེ་མཐོང་། 
       སྐྱུགས་རོ་དེ་མཐོང་མ་ཐག མདང་དགོང་ཆང་ཁང་དུ་བྱུང་བའི་སྐྱུག་བྲོ་བའི་དོན་དག་རྣམས་དྲན་ཞིང་།  དེ་རིང་ཉིན་གང་བོར་སློབ་ཁྲིད་ལ་མ་ཞུགས་པར་གཉིད་ནས་བསྡད་པའང་ཚོར་བྱུང་།  
       “སྐྱུགས་འདུག་པ་གསེར་མ་རེད། ཉ་ར་བྱོས་དང་།  སེར་སྣ་བྱ་དགོས་ནི་མ་རེད།”
       དེ་མ་ཐག་ཁོས་རང་ཉིད་ཀྱི་སྐྱུགས་རོ་ཉ་ར་བྱས་ཤིང་། ཁ་ངོ་ཡང་གཙང་མ་ཞིག་བཀྲུས་རྗེས།  སླར་ཡང་མལ་ཁྲི་རུ་གན་རྐྱལ་དུ་ལོག་ནས་བསྡད།  
གློག་འོད་གསལ་བོ་དེ་དངོས་གནས་གསལ་བོ་རེད།  མལ་ཁང་གི་གྲུ་ག་རེ་རེའང་གསལ་ལེར་མཐོང་ཐུབ། གཡས་ལོག་གཡོན་ལོག་གིས་འགྱེལ་འདུག་པའི་དམ་བེ་ཁོག་སྟོང་དེ་དག་དང་། ཆ་ཡས་བོར་ཟིན་པའི་རྐང་ལྷམ་ཁེར་རྐྱང་དེ་ཚོ། མདུན་ཅོག་ཏུ་ཡོངས་སུ་འདྲེས་འདུག་པའི་འཁྲུས་གསོལ་ཅ་ལག་དང་དཔེ་སྨྱུག་ཤོག་གསུམ་་་་་་ཡོད་ཚད་གསལ་བོར་མཐོང་ལ། ཡོད་ཚད་ལས་རང་ཉིད་དང་རང་ཉིད་ཀྱི་མལ་གྲོགས་ཚོ་མཐོང་ཐུབ།  དེ་བས་ཀྱང་ལྷིང་འཇགས་ཤིག་མཐོང་ཐུབ་ལ།  གཉིད་དུ་ཡུར་བའི་ལྷིང་འཇགས་ཤིག་མཐོང་ཐུབ།
དམ་བེ་ཁོག་སྟོང་། རྐང་ལྷམ་ཁེར་རྐྱང་་་་་་འདི་དག་དང་འདྲ་བའི་རང་གི་མལ་གྲོགས་ཚོ། མདོར་ན། མལ་ཁང་འདི་གཞི་ནས་གཉིད་འདུག
གན་རྐྱལ་དུ་ཉལ་ན། ཁ་གཏད་ནི་གློག་འོད་གསལ་བོ་དེ་རེད། ཅེར་ཡུན་རིང་དྲགས་ན། གློག་འོད་གསལ་བོ་དེའི་ཀློང་དུའང་འཇིག་རྟེན་ཞིག་ཆགས་འདུག་པ་མཐོང་ཐུབ།  འཇིག་རྟེན་དེའི་ཡོད་ཚད་ནི་འཕུར་བཞིན་འདུག འཕུར་བཞིན་པའི་རྡུལ་ཟགས་ཕྲ་མོ་དེ་དག་གི་ཀློང་ན་འོད་ཟེར་ཡང་སྣ་ཚོགས་ཤིག་འཕྲོ་བཞིན་ཡོད། འཕུར་བཞིན་པའི་འོད་ཀྱི་འཇིག་རྟེན་དེས་ཁོར་ཡང་འཕུར་སྣང་ཞིག་བྱིན་ལ། མིག་ཟུང་བརྩེ་བར་བྱེད་པའི་འོད་སྣང་ཞིག་ཀྱང་མཐོང་ལམ་དུ་མངོན་པར་བྱས།
འཕུར་བཞིན་ཡོད་དམ།
གང་ལྟར་འགུལ་བཞིན་འདུག
དེར་མ་ཟད། ཁོ་འཕུར་བའི་འགུལ་བསྐྱོད་ཧ་ཅང་དྲག་ལ། མཐོང་ལམ་གྱི་འོད་སྣང་དེའང་མིག་ཤེས་ལ་ཅུང་ཟད་གནོད་པའི་ཚུལ་དུ་གདའ།
དེའང་ལོས་ཡིན།  སྐབས་ཤིག་ཏུ། མཐོང་ལམ་གྱི་འོད་སྣང་དེ་ལས་ཀྱང་མིག་ཟུང་བརྩེ་བར་བྱེད་པའི་དངོས་གཟུགས་དཀར་བོ་ཞིག་གིས་ཁོའི་མིག་ལྕིབས་བཙན་ཚུགས་ཀྱིས་ཕྱེས་ཤིང་། ལྟག་ཀོར་གྱི་ཆ་གང་ཞིག་བརྟོལ་ལོས་འགྲོ་སྙམ་པའི་གློག་འོད་རྣོན་པོ་ཞིག་ཁོའི་མིག་ཀོང་དུ་སྤྲོས་ནས་འདུག  གློག་འོད་རྣོན་པོ་དེ་མིག་ཀོང་ཡ་གཅིག་ཏུ་སྤྲོས་ནས་ཅུང་ཙམ་འགོར་རྗེས་སླར་ཡང་མིག་ཀོང་གཞན་པ་དེར་བཀར་བྱུང་ལ། དངོས་གཟུགས་དཀར་བོ་དེས་ཅི་ཞིག་མཐོང་བཞིན་པའི་ཟོལ་གྱིས་ཁོའི་མིག་ཀོང་དུ་ཅེར་ནས་ཅུང་ཟད་འགོར། དེ་རྗེས་ཡར་དགྱེ་ནས་གམ་གྱི་དངོས་གཟུགས་དཀར་བོ་གཞན་ཞིག་ལ་ཤབ་ཤུབ་ཅིག་ལབ་རྗེས་མི་མཐོང་བར་གྱུར་སོང་།
སྐབས་འདིར། ཁོ་རང་གན་རྐྱལ་དུ་ཉལ་འདུག་ལ། ཁ་གཏད་དུ་གློག་འོད་གསལ་བོ་ཞིག་ཀྱང་འཕྲོས་ནས་གདའ། ད་ཅིའི་དངོས་གཟུགས་དཀར་བོ་དེས་ཅི་ཞིག་བྱས་སོང་བ་འདྲི་བསམས་ནས་སྐད་ཇི་ལྟར་བརྒྱབ་ཀྱང་། ཁོའི་སྐད་ཆ་གོ་མཁན་མ་བྱུང་། ཡར་ལངས་དགོས་པར་བསམས་ཀྱང་། ཁོ་ལ་འགུལ་རྒྱུ་ཅི་ཡང་མི་འདུག སྐབས་འདིར་ཁོ་ད་གཟོད་ཅི་བྱ་གཏོལ་མེད་ཅེས་པའི་མིང་འདིར་ངེས་ཤེས་ཟབ་མོ་ཞིག་འདྲོངས་སོང་། ད་ནི་ཅི་བྱ་གཏོལ་མེད་དུ་གྱུར་བས་ཁོ་སྔར་བཞིན་གན་རྐྱལ་དུ་འདུག་པ་ལས་བྱ་ཐབས་ཅི་ཡང་མ་རྙེད།
མཚམས་རེར་གློ་བུར་དུ་གཡོ་འགུལ་ཆུང་ངུ་རེའང་བྱུང་འོང་བས། མཐོང་ལམ་གྱི་འཇིག་རྟེན་ཆུང་ངུ་འདིའང་དེ་དང་བསྟུན་ནས་འགུལ་ཙམ་བྱེད་ངེས།  སྦོམ་ཕྲ་འདྲ་མིན་གྱི་སྦུ་གུ་དེ་ཚོ་ལྡེམ་ཙམ་བྱེད་ལ། ཁོའི་གམ་དུ་འགྲེང་ལངས་འདུག་པའི་དངོས་གཟུགས་དཀར་བོ་དེ་དག་ཀྱང་འཁྱལ་ཙམ་བྱེད། ད་དུང་སྨན་བཅོས་ལ་མཁོ་བའི་སྒྲིག་ཆས་དེ་དག་ཀྱང་འཐོར་ལ་ཁད་ཅིག་བྱས་འོང་བས། ཁོས་ད་གཟོད་རང་ཉིད་གང་ཞིག་ཏུ་ཡོད་པ་གཞི་ནས་རྟོགས་སོང་།  
མྱུར་སྐྱོབ་རླངས་འཁོར་ཞིག་་་་་་་
 ང་རང་དངོས་གནས་ད་ཅིའི་མྱུར་སྐྱོབ་རླངས་འཁོར་དེར་ཁྱེར་སོང་ངམ།
ང་རང་དངོས་གནས་རུལ་སོང་ངམ། 
གང་ལྟར། ད་ལྟ་ཁོ་རང་མྱུར་སྐྱོབ་རླངས་འཁོར་དེར་གན་རྐྱལ་དུ་ཉལ་ནས་འདུག
ཁོས་རང་ཉིད་རུལ་མེད་ཚུལ་ལབ་དགོས་བསམས་ཀྱང་ཁོ་ལ་སྐད་མ་ཐོན། ཁོས་རང་ཉིད་རླངས་འཁོར་འདི་ནས་ཐར་ཐབས་བྱ་དགོས་སྙམ་ཡང་ཁོ་ལ་འགུལ་རྒྱུ་མི་འདུག 
ཨ། གནམ་རྒན་མ།  འདི་ཚོས་ང་རང་གང་ཞིག་ཏུ་འཁྱེར་བཞིན་ཡོད་དམ། 
ང་རུལ་མེད་ཡ་རུལ་མེད།  ཁོ་རང་འཚབ་བྱུང་། ཁོ་རང་རྨོངས་སོང་། ཡོད་ཚད་འདི་འདྲའི་གསལ་བོ་ཞིག  འོན་ཏེ་ཡང་ཡོད་ཚད་འདི་འདྲའི་དབང་མེད་ཅིག  ཨ་ཁ།  སྡུག་བསྔལ་ཞེས་པ་ནི་ད་གཟོད་འདི་འདྲ་ཞིག་ཡིན་དགོས་རྒྱུ་རེད།
མྱུར་སྐྱོབ་རླངས་འཁོར་དེ་ཚོ་ཉེན་རྟོག་པའི་རླངས་འཁོར་ཁྱུ་གཅིག་གིས་དཀྱིལ་དུ་བཀོད་ནས་གྲོང་ཁྱེར་འདིའི་སྨན་ཁང་ཆེ་ཤོས་དེའི་ཕྱོགས་སུ་སྐྱོད་བཞིན་འདུག
སྨན་ཁང་དེའི་ཐོག་བརྩེགས་ཀྱིས་གྲོང་ཁྱེར་འདིར་ཆེས་མཐོ་བའི་བར་སྣང་དེ་ཟིན་འདུག སྨན་ཁང་དེའི་འདུ་འཛི་ཡིས་གྲོང་ཁྱེར་འདིར་ཆེས་རྙོག་འཛིང་ཆེ་བའི་འདུ་འཛི་ཞིག་སློང་བཞིན་ཡོད།  སྲོག་སོ་མ་མང་བོས་སྔ་གཞུག་བརྩད་ནས་དེ་རུ་ཡོང་བཞིན་འདུག་ སྲོག་རྙིང་བ་གང་མང་འཚང་ཁ་བརྒྱབ་ནས་དེ་དང་འབྲལ་བཞིན་ཡོད།
གཞན་ཡང་སྲོག་སྐོར་ཞིག་འབྲལ་བར་རྩོམ་དུས་སྨན་ཁང་དེས་ཕྱིར་ཁྲིད་ནས་འོང་ལ།  སྲོག་སྐོར་ཞིག་ཐོན་མ་ཐག་སྨན་ཁང་དེས་ཕྱིར་སྐྲོད་བཞིན་ཡོད།
ད་དུང་སྲོག་མང་བོ་མང་བོ་ཞིག་ནམ་ཡང་སྨན་ཁང་དེ་རུ་ཤེས་མེད་ཚོར་མེད་ངང་སྐྱེས་ནས་ཤི་ཞིང་།  ཤི་ནས་རུལ་ཅིང་།  རུལ་ནས་རྡུལ་དུ་འགྱུར་བཞིན་ཡོད།  རྡུལ་དུ་གྱུར་ནས་འཕུར་བཞིན་ཡོད། འདོད་མོས་མེད། འཆར་གཞི་མེད། ཕུགས་བསམ་མེད། རླུང་གི་རྒྱུ་ཕྱོགས་ཤིག་དང་བསྟུན་ཅི་ཐུབ་ཀྱིས་འཕུར་བཞིན་ཡོད།
གང་ལྟར།  སྨན་ཁང་དེ་སྲོག་ཆད་ས།  རོ་རུལ་ས།  རུལ་ནས་དྲི་ངན་ཐུལ་ས་ཞིག་ཏུ་འགྱུར་བཞིན་ཡོད།
གློ་བུར་དུ།  ཚང་མ་བྲེལ་འཚུབ་བེར་གྱུར་སོང་།
མྱུར་སྐྱོབ་རླངས་འཁོར་དེ་ཚོ་སྨན་ཁང་འདིའི་སྒོ་ཆེན་གྱི་མདུན་དུ་བཙན་གྱིས་བསྒགས་པ་ན།  ཚང་མ་བྲེལ་འཚུབ་བེར་གྱུར་སོང་། 
ཚང་མ་བྲེལ་འཚུབ་བེར་གྱུར་ནས་ནད་པ་རུལ་བ་དེ་དག་སྨན་ཁང་དུ་སྐྱེལ་བཞིན་འདུག ཡོད་ཚད་ཀྱི་འགུལ་བསྐྱོད་ལ་ཧ་ཅང་བྲེལ་འཚུབ་ཆེ་བས།  འབུ་ཚོམ་དག་ས་རུ་འཐོར་བཞིན་འདུག  མི་རྣམས་འབུ་ཚོམ་ཁྲོད་འགྲེད་བཞིན་ཡོད། དྲི་ངན་ཡང་ཕྱོགས་བཞིར་ཐུལ་ནས་སོང་།
འོད་བཙན་པོ་ཞིག  རླུང་བསིལ་མོ་ཞིག 
རེག་བྱ་འདི་དང་ཆབས་ཅིག་ཁོ་རང་ཡང་མྱུར་སྐྱོབ་རླངས་འཁོར་ལས་ཕྱིར་བླངས་བྱུང་། ནད་ཁྲིའི་ལྡེམ་ཤུགས་དེ་སྟེས་དབང་གིས་རླུང་བུའི་རྒྱུ་ཕྱོགས་ཤིག་དང་ཁེལ་སོང་བས་ཁོའི་མགོ་བོ་བཏུམས་པའི་རས་ཁེབ་ལུས་སྨད་བར་དུ་བཤུས་ལ།  མཐོང་ལམ་གྱི་ཡོད་ཚད་ཀྱང་གསལ་བོར་མཐོང་འོང་།
རས་ཁེབ་བཤུས་མ་ཐག  ཁོ་རང་ཧ་ལས་སོང་།
ཁོ་རང་འཁྱེར་མཁན་ནི་ཁོ་ཚོའི་འཛིན་གྲྭའི་སློབ་གྲོགས་འགའ་རེད་ལ།  དེ་ཚོའི་གྲས་ན་ཁོའི་མལ་གྲོགས་ཤིག་ཀྱང་འདུག ཡང་སྙིང་ཅི་ཞིག་བྱུང་སོང་བ་འདྲི་བསམས་ཀྱང་ཁོས་སྔོན་དང་འདྲ་བར་ཅི་ཡང་ཤོད་མ་སོང་། སེམས་ཁྲལ་དང་།  མཚར་སྣང་། བྱིང་རྨུགས་སོགས་དེ་མ་ཐག་འབུ་ཚོམ་ཇི་བཞིན་འཁྲུགས་སོང་། དེ་ལས་ཀྱང་ཧ་ལས་དགོས་པ་ནི་མིག་མདུན་གྱི་སྨན་ཁང་དེ་རེད།  སྨན་ཁང་དེ་ཁོས་གང་ཞིག་ནས་མཐོང་མྱོང་བ་དང་འདྲ་བར་ཧ་ཅང་རྒྱུས་ཡོད་རྒྱུས་ཡོད་ཅིག་ཏུ་སྣང་། ཨ་ཁ།  འདི་འདྲའི་ཆ་ཡོད་ཅིག་་་་་་་ངས་གང་ཞིག་ནས་མཐོང་མྱོང་བ་ཁོ་ཐག་རེད།
རེད། ངས་སློབ་གྲྭ་ནས་མཐོང་མྱོང་། མ་རེད། འདི་ནི་ངའི་སློབ་གྲྭ་མ་རེད་དམ།
 “××××སློབ་ཆེན”
ཐ་ན་སློབ་གྲྭའི་མིང་ཡང་གསལ་བོར་བཀོད་འདུག་པས།  འདི་ནི་ངའི་སློབ་གྲྭ་ཡིན་ཐག་ཆོད་རེད།
སློབ་གྲྭ་སྨན་ཁང་ཡིན་ནམ། སྨན་ཁང་སློབ་གྲྭར་གྱུར་སོང་ངམ།
རེད་ཨ།  སྤྱིར་ན་སློབ་གྲྭའང་ཚད་ངེས་ཅན་ཞིག་གི་སྟེང་ནས་སྨན་ཁང་རེད་ལ། སློབ་གྲྭས་དངོས་གནས་སྨན་ཁང་དང་འདྲ་བའི་ནུས་པ་བཟང་ངན་གང་རུང་ཞིག་ཐོན་བཞིན་ཡོད་ཨང་།
གང་ལྟར།  ཁོ་ལ་བསམ་གཞིག་མང་བོ་གཏོང་ལོང་མེད་པར་ཨང་རྟགས་༥༥༥ཡི་ནད་ཁང་ཞིག་ཏུ་བསྐྱལ་སོང་།
སྒྲིག་ཆས་ཆ་ཚང་ངེ་། སྨན་རྫས་ཁྲིགས་ཁྲིགས་སེ།  སྨན་པ་དཀར་ལམ་མེ། ཨ་ལ་ལ་་་འདི་རུ་ཚེ་སྲོག་གང་ཞིག་ཀྱང་འཆི་བདག་གི་ཞགས་པས་ཟིན་སྐལ་ཞིག་ཡོད་རེ་སྐན། 
སྨན་པ་དེ་དག་གིས་སྐམ་གྲི་ཁྲོག་ཁྲོག ཁབ་སྐུད་ནར་ནར། བྲེལ་བྲེལ་འཚུབ་འཚུབ་ངང་ཁོར་སྨན་བཅོས་བྱས་སོང་སྟེ། འཇབ་རྩེ་རྣོན་པོ་ཞིག་གིས་ཡར་བཏོག་མར་བཏོག་བྱས་ནས་འབུ་ཚོམ་བསལ།   གྲི་ཆུང་རྣོན་པོ་ཞིག་གིས་ཡར་གཅིལ་མར་གཅིལ་བྱས་ནས་སྐྲངས་ནད་གཏར།  ད་དུང་སྨན་ཁབ་འཛེར། སྨན་ཆུ་དྲངས།
གང་ལྟར། ལུས་ལ་བཟོད་དཀའ་བའི་ཟུག་གཟེར་བསྐྱེད།  སེམས་སུ་སྲོན་དཀའ་བའི་མནར་གཅོད་བཏང་།  ཡིན་ཡང་། ཁོ་རང་སྔར་བཞིན་ཁ་རོག་གེར། སྨེ་ངག་ཐུང་ངུ་ཞིག་ཀྱང་འདོན་མི་ཐུབ་ལ།  འཕག་འཚག་ཆུང་ངུ་ཞིག་ཀྱང་བྱེད་མི་ནུས།  ནད་མེད་རུང་ནད་བཅོས་བྱེད་པ་འདི་ཅི་ཡིན་ནམ།  འདི་ནི་ཇི་འདྲའི་ཉན་འདོད་མེད་པའི་སློབ་ཁྲིད་ཅིག་ལ་ཉན་པ་དང་ཀུན་ནས་མཚུངས་ཨང་།
  ཁོ་ལ་དེ་ལྟར་ནད་བཅོས་རྩེད་སྤྱད་ལྟ་བུ་ཞིག་བྱས་རྗེས།  སྨན་པ་དེ་ཚོ་ཕྱིར་བཀྱེད་ཙམ་བྱས་ནས་བསྡད་ཅིང་།  འགོ་བ་ལོས་ཡིན་སྙམ་པའི་སྨན་པ་བགྲེས་པོ་དེས་མིག་བརྡ་ཞིག་བསྟན་ཙམ་གྱིས་ཚང་མ་སྔ་གཞུག་གིས་ཕྱི་རུ་བུད་སོང་།  སྨན་པ་བགྲེས་པོ་དེ་ཆེས་གཞུག་མ་རེད།  ཁོས་ནད་ཁང་གི་སྒོ་ནས་ཕྱིར་ལྟ་ཞིག་བྱས་རྗེས།  གདོང་གི་ཁ་ཐུམ་དེ་ག་ལེར་བླངས་བྱུང་།
མ་གཞི།  ཁ་ཐུམ་དེའི་ཕག་ཏུ་སྐུངས་ཡོད་པ་ནི་ཁོའི་འཛིན་བདག་གི་ངོ་གདོང་ཡིན་འདུག
ཨ་ཙི།  དགེ་རྒན་དང་སྨན་པ།  ནད་གཡོག་དང་སློབ་གྲོགས།  སློབ་གྲྭ་དང་སྨན་ཁང་།  སློབ་ཁྲིད་དང་ནད་བཅོས།  ཡོད་ཚད་ཇི་འདྲའི་འདྲ་མཚུངས་སུ་མངོན་ཡང་།  ཐམས་ཅད་ཇི་འདྲའི་རྙོག་འཛིང་ཞིག་རེད་ཨང་།  དོན་ངོ་མར།  དགེ་རྒན་དགེ་རྒན་ཡིན་ནམ་སྨན་པ་ཡིན།  སྨན་པ་སྨན་པ་ཡིན་ནམ་དགེ་རྒན་ཡིན།  ད་དུང་སློབ་གྲོགས་དང་།  སློབ་གྲྭ  སློབ་ཁྲིད་སོགས་མཐར་གཏུགས་ན་དེ་དག་ཉིད་ཡིན་ནམ།
ཁོ་རང་འདི་ལྟའི་བསམ་གཞིག་བན་བུན་ཞིག་ཏུ་འཁྱམས་ནས་ཕལ་ཆེར་དུས་ཡུན་རིང་བོ་ཞིག་འགོར་སོང་།
གང་ལྟར།  ཉིན་ཞིག་གི་ཞོགས་པར།  སྨན་པ་ཞིག་དང་ནད་གཡོག་འགའ་ཡོང་ནས་ཁོར་བརྡ་སྦྱོར་ཡི་གེ་ཞིག་བསྟན་ཞིང་།  དེ་མ་ཐག་ཕྱི་རུ་འཁྲིད་རྩིས་བྱས།  ཁོར་ཐོག་མའི་ཚིག་རྐང་འགའ་ལས་ཀློག་ཁོམ་མ་བྱུང་ཡང་བརྡ་སྦྱོར་གྱི་དམིགས་ཡུལ་ཅིས་ཀྱང་གསལ་བོར་རྟོགས་ཐུབ།  སློབ་ཆེན་པ་རུལ་བ་དེ་ཚོར་དྲག་རྒྱུའི་རེ་བ་ཆེར་མེད་པས། སྨན་ཁང་དང་འབྲེལ་ཡོད་ལས་ཁུངས་ཀྱི་གྲོས་འཆམ་ལྟར།  ཐེངས་འདིའི་རུལ་ནད་ཀྱིས་སྤྱི་ཚོགས་ཧྲིལ་བོའི་བདེ་འཇགས་ལ་བར་ཆད་མི་ཐེབས་ཕྱིར།  སློབ་ཆེན་པ་རུལ་བ་དེ་ཚོ་གནས་སྐབས་སུ་གྲོང་ཁྱེར་འདིའི་བཙོན་ཁང་ཆེ་ཤས་ཤིག་ཏུ་དམིགས་བསལ་བཀག་ཉར་བྱ་རྒྱུ་དེ་རེད།  
ཕྱི་རོལ་ན།  རླུང་སྨྱོས་འདུག  དམག་བསྒྲིགས་འདུག  ད་དུང་ཉི་འོད་ཀྱང་ཧ་ཅང་རྣོ། 
འོན་ཏེ།  དེ་བས་ཀྱང་སྐྱི་གཡའ་བ་ནི་ཉེས་སྐྱེལ་རླངས་འཁོར་དེ་རེད།  དེ་ལྟ་མོད་ཀྱང་།  ཁོར་སྐུངས་པའི་ཐབས་མེད།  གཡོལ་བའི་གླགས་མེད།  གདམ་ང་དང་རང་དབང་ཅི་ཡང་མེད་པར་རྣོ་ལྕགས་ཀྱི་རླངས་འཁོར་དེར་བཅུག་བྱུང་ལ།  རླངས་འཁོར་དེ་རུ་ཡང་ལྕགས་གཟེབ་ཅིག་ཏུ་བསྡུས་སོང་། 
ནད་བྱུང་ནའང་ཁྲིམས་འགལ་ཡིན་ནམ།  ང་རང་དོན་ངོ་མར་རུལ་ཡོད་དམ། སྐབས་འདིར། ཁོའི་སེམས་སུ་ཅི་ཡང་དྲན་བཞིན་ཡོད། འོན་ཏེ། ཁོས་ཅི་ཡང་བརྗོད་མ་ཐུབ། ཁོས་ཅི་ཡང་བྱེད་མ་ནུས།  ཅི་བྱ་གཏོལ་མེད་ཀྱིས་ལྕགས་ཀྱི་རླངས་འཁོར་དང་།  ལྕགས་ཀྱི་གཟེབ།  ལྕགས་དང་འདྲ་བའི་མི་དེ་ཚོའི་སྲ་མཁྲེགས་ལ་ཁས་ལེན་མི་སྟེར་ཐབས་མེད་དུ་གྱུར།  
ཉེན་བརྡ་གཟན་པོ་ཞིག་སྙིང་སྲུབས་སུ་ཟུག་ནས་འོང་།
ཉེས་སྐྱེལ་རླངས་འཁོར་སྐོར་ཞིག་རྫ་སུལ་གང་ཞིག་ནས་ཞོགས་འོང་བའི་འབྲོང་ཁྱུ་བཞིན་ཤར་མར་སྐྱོད་བཞིན་གདའ།  འདི་ལས་གྲོང་ཁྱེར་འདིའི་དྲག་ཆས་ཉེན་རྟོག་པའི་རྫིག་ཉམས་དོད་པོ་དེ་མངོན་ཡོད་ལ།  རྫིག་ཉམས་དོད་པོ་དེས་ཀྱང་གྲོང་ཁྱེར་འདིའི་གནས་བབ་ངོ་མ་ཞིག་གསལ་བཤད་བྱེད་བཞིན་ཡོད།  གང་ལྟར་ཉེས་སྐྱེལ་རླངས་འཁོར་དེ་ཚོས་འཁང་ར་དང་ལེ་བདའ།  ད་དུང་ཉེས་ཅན་རུལ་བ་ཁྱུ་ཞིག་ཁྱེར་ཏེ་དམིགས་ཡུལ་གང་ཞིག་བསྙེགས་ནས་བུད་སོང་།
ཉེས་སྐྱེལ་རླངས་འཁོར་དེ་ཚོའི་ཁ་ཕྱོགས་ད་དུང་རྒྱང་རིང་དུ་རེ་ཞིག་དེད་ཚེ།  ལམ་ཐིག་དེའི་ཟད་སྣེ་རུ་གནའ་བོའི་བཙན་རྫོང་གང་ཞིག་ལོས་ཡིན་སྙམ་པའི་རྡོ་མཁར་མཐོན་པོ་ཞིག་ག་ལེར་མངོན་ཡོང་།  མཁར་སྟེང་དུ་ལྕགས་ཚེར་གྱི་དྲ་བ་འཐེན་ཞིང་།   མཚམས་བཞིའི་གྲུ་བཞི་རུ་དྲག་ཆས་འཛོམས་པའི་སོ་ཁང་རེ།  དེ་རུ་དྲག་ཆས་སྤྲས་པའི་སོ་བ་འགའ་ཡང་ག་ལེར་ཕར་འགྲོ་ཚུར་འགྲོ་བྱས་ནས་འདུག  
མ་གཞི་སོ་བ་དྲག་ཆས་ཅན་དེ་དག་ནི་མཁར་ནང་གི་མི་ཁྱུ་དེའི་རྫི་ཡིན་འདུག  མི་དེ་དག་དུས་ངེས་མེད་ངང་གནས་ངེས་མེད་དུ་ཐོར་ནས་འདུག  ལ་ལ་ཕ་གིའི་རྡོ་ཐེམ་ཟད་པོ་དེར་གན་རྐྱལ་དུ་ཉལ་ནས་འདུག  སྐོར་ཞིག་མཁར་གྱང་མཐོན་པོ་དེར་བསྙེས་ནས་དུ་རྐང་རེ་སྐོར་འཐེན་བྱེད་བཞིན་ཡོད།  འགའ་ཞིག་དམིགས་ཡུལ་ཅི་ཡང་མེད་པར་གང་ཞིག་ལ་ཧད་ནས་འདུག  ད་དུང་ཁ་ཅིག་གིས་གཟེབ་གྲུག་ཅིག་རྩོད་རེས་བྱེད་བཞིན་ཡོད་ལ། མཚམས་རེར་གློ་བུར་བའི་སྐད་འགྲགས་རེའང་མཆེད་ནས་འོང་། འདི་ནི་མཁར་རྫོང་འདིའི་ལྷིང་འཇགས་རྟོལ་མཁན་འབའ་ཞིག་རེད།
         གོ་ཐོས་སུ། མཁར་རྫོང་འདིའི་སྲ་མཁྲེགས་སུ་བདེན་ལུགས་རྩོད་དབང་མེད། གདམ་ང་འདེམས་དབང་མེད།  རང་དབང་གླེང་དབང་མེད། ཐ་ན་རང་ཉིད་ཀྱང་རང་ཉིད་བྱེད་དབང་མེད། ནམ་ཞིག་ཁྱོད་ཉིད་མཁར་རྫོང་འདིའི་སྲ་མཁྲེགས་སུ་ཚུད་པ་ནས་བཟུང་།  ཁྱོད་ནི་མིའི་བརྡ་རྟགས་ཙམ་ལས་མི་མིན།  རྒྱུ་མཚན་ཁྱོད་ཀྱི་བྱ་སྤྱོད་ཡོད་ཚད་གཞན་ཞིག་གི་བསམ་བློའི་འཁོར་འགྲོས་སུ་བཅུག་ནས་ཡོད་ལ།  ཁྱོད་ཀྱི་ཚེ་སྲོག་རྟ་རྔ་ལྟ་བུ་དེ་ཡང་གཞན་ཞིག་གི་ལག་ཏུ་བཟུང་ནས་ཡོད། 
          གོ་ཐོས་སུ།  མི་ཚང་མས་དེ་བཙོན་ཁང་དུ་འབོད་ཟེར།
          གོ་ཐོས་སུ། དེ་ནི་ཕལ་ཆེར་སློབ་གྲྭ་དང་འདྲ་ཟེར།
           གང་ལྟར།  རྡོ་མཁར་འདིའི་མཁའ་དབུགས་ཁྲོད་གློ་བུར་དུ་རུལ་དྲི་ཞིག་ཐུལ་ནས་འོང་། 
           རེད་ཨ། ཉེས་སྐྱེལ་རླངས་འཁོར་དེ་ཚོ་རྡོ་མཁར་འདི་དང་ཇེ་ཉེ་ནས་ཇེ་ཉེ་རེད་རེད།   མཁར་སྒོ་ཆེན་པོ་དེའང་སྔ་མོ་ནས་བརྒྱང་རྒྱུ་ཡོད་ཚད་ཅིག་བརྒྱངས་ནས་འདུག ཕྱི་རོལ་གྱི་རྫིག་རྫིག་རྔམ་རྔམ་གྱི་ཡོད་ཚད་ལ།  ཁོས་ལྟར་མི་བཟོད།  ཡིན་ཡང་།  མི་ལྟ་བ་དེ་ཡང་མི་བཟོད།  རླངས་འཁོར་གྱི་སྒེའུ་ཁུང་བརྒྱུད་ནས་སེམས་ཆུང་གིས་བལྟས་པ་ན། ཕྱི་རོལ་གྱི་རྣམ་པར་ཁོའི་དྲན་སྣང་ཁྲོད་ཀྱི་འཇིགས་ཉམས་དེ་འདྲ་ཞིག་མེད་ཁར།  དེ་ལས་ལྡོག་སྟེ་ཧ་ཅང་རྒྱུས་ཡོད་རྒྱུས་ཡོད་ཅིག་ཡིན་པའི་ཉམས་སྣང་ཞིག་སྐྱེས་བྱུང་།
            ཧ་ལམ་གང་ཞིག་ནས་མཐོང་མྱོང་བའམ།  སུ་ཞིག་ལས་གོ་མྱོང་བའི་ཚོར་བ་ཞིག་ཡོད་ཀྱང་།  དོན་དམ་དུ་ཅི་ཞིག་ཡིན་པ་ཁོས་རྟོགས་མ་སོང་། འོན་ཏེ།  ལྟ་ཕྱོགས་སྟེས་དབང་ཞིག་གིས་མཁར་སྟེང་གི་ཡིག་ཆེན་དེ་དག་མཐོང་ཙ་ན།  ཁོས་ད་གཟོད་ངོས་འཛིན་རློམ་དཀའ་བ་ཞིག་བྱེད་ཐུབ་སོང་།
“××སློབ་ཆེན”
ཨ་ཙི།  ང་ཚོ་བཙོན་ཁང་དུ་འཁྱེར་དགོས་ཞེས་པ་མ་ཡིན་ནམ།
ད་ནི་ཕྱིར་སློབ་གྲྭ་རུ་སླེབས་འདུག་པ་འདི་ཅི། 
ང་ཚོའི་སློབ་གྲྭ་བཙོན་ཁང་ཡིན་ནམ།  ཡང་ན།  བཙོན་ཁང་ང་ཚོའི་སློབ་གྲྭ་ཡིན་ནམ། 
   ཁོ་རང་དཔྱད་རྩོམ་ཞིག་ལ་བསམ་བློ་གཏོང་བ་ལས་ཀྱང་ཉོག་སོང་། 
འོན་ཏེ།  ཉེས་སྐྱེལ་རླངས་འཁོར་དེ་དག་སྔ་མོ་ནས་མཁར་ནང་དུ་འཛུལ་སོང་ལ། རྡུལ་འཚུབ་ལང་ལོང་གི་ཁྲོད་ནས་མཁར་སྒོ་ཆེན་པོ་དེ་ཡང་ཡུན་གྱིས་བསུམས་སོང་། དེ་མ་ཐག་ཉེ་རྒྱང་གང་རུང་ན་སུན་སྣང་གིས་ཐོར་འདུག་པའི་བཙོན་མ་རྣམས་ཀྱང་ད་ནི་འུར་ཟིང་ཞིག་གི་ཁྲོད་ནས་ཞོགས་འོང་ལ།  ལྕགས་དྲའི་བར་ཆོད་མཐོན་པོ་དེ་རུ་རུབ་བྱུང་།
རྡུལ་འཚུབ་སྟུག་པོ་ཞིག་ཐོལ་གྱིས་གཙུབས་སོང་།
ཆབས་ཅིག་ཏུ།   ཉེས་སྐྱེལ་རླངས་འཁོར་དེ་ཚོའང་རྦད་ཀྱིས་བསྒགས་སོང་ལ། དེ་དག་གི་སྒོའང་ག་ལེར་ཕྱེ་ནས་འོང་།
རྡོག་རྗེས་ཐོག་མ་རླངས་འཁོར་དེ་དག་ལས་རྡོ་མཁར་འདིིའི་ས་རུ་བཀོད་པའི་སྐད་ཅིག་མ་དེ་ནས་བཟུང་།  སློབ་ཆེན་པ་དེ་དག་སློབ་མ་ནས་རུལ་བ། རུལ་བ་ནས་ནད་པ།  ནད་པ་ནས་བཙོན་མ་རུ་གྱུར་སོང་བ་ཡིན་ཏེ།  རྣོ་ལྕགས་ཀྱི་རྐང་སྒྲོག་མཁྲེགས་པོ་རེ་དྲུད་ནས་ལྗིད་ཏིག་ཏིག་གིས་མདུན་དུ་སྐྱོད་བཞིན་ཡོད།  རྐང་སྒྲོག་གི་རྣོ་དབལ་གྱིས་རྐང་བའི་ཤ་རུལ་བསྣད་སོང་བས་ཁོ་ཚོའི་རྗེས་ན་རྣག་ཁྲག་གི་ལམ་ཐིག་གསལ་བོ་ཞིག་བཏོད་འདུག་ལ། མཚམས་མཚམས་ན་ལྗང་ནག་ཏུ་མངོན་པའི་ཤ་རུལ་ལེབ་མོ་རེའང་ལྷུང་འདུག དེ་དག་གི་སྟེང་ན་འབུ་ཚོམ་རིག་རིག་ཏུ་འགུལ་བཞིན་མཆིས་པས།  དེ་ནི་ཤའི་རྡོག་པོ་ཞིག་ཡིན་ནམ་འབུའི་ཚོམ་བུ་ཡིན་ཞེ་ན་སུས་ཀྱང་བཤད་དཀའ་བ་ཞིག་རེད།
གང་ལྟར།  ཁོ་ཚོ་མུ་མཐུད་དུ་འགྲོ་བཞིན་ཡོད།
ཁོ་རང་ཆེས་མཐའ་མར་རླངས་འཁོར་ལས་འབབ་མཁན་དེ་རེད།
བབས་མ་ཐག 
རྡུལ་དྲག་ཏུ་འཚུབ། རླུང་ཐོལ་གྱིས་ལྡིང་། འུར་བྲག་ཅར་བསྐྱིལ།
དེས་ཁོའི་སྙིང་དམར་གྱི་ལྡིང་ཚད་ལ་བང་ཞིག་བསྣན་སོང་ལ། དེ་བས་ཀྱང་ཇེ་མགྱོགས་སུ་གཏོང་མཁན་ནི་ཁོ་རང་འདེད་མཁན་གྱི་དམག་མི་དེ་ཚོ་རེད། དམག་མི་དེ་དག་ནི་ཁོ་ཚོའི་འཛིན་གྲྭའི་སློབ་གྲོགས་འགའ་རེད། དེར་མ་ཟད།   མཐའ་འཁོར་དུ་རུབ་པའི་བཙོན་མ་གཞན་དག་ཀྱང་ཁོ་ཚོའི་སློབ་གྲྭའི་སློབ་མ་རྣམས་རེད་ལ། དེའི་ཁྲོད་དུ་ཁོའི་ངོ་ཤེས་འགའ་ཡང་འདུག 
ཡང་སྙིང་ཅི་ཞིག་ཡིན་ནམ། ཁོས་ཤེས་འདོད་ཀྱིས་འཕག་འཚག་ཅིག་བརྒྱབ། འོན་ཏེ། ཁོར་འགུལ་རྒྱུ་ཅི་ཡང་མི་འདུག  ཡོད་ཚད་སྔོན་དང་འདྲ་བར་ཅི་བྱ་གཏོལ་མེད་ཅིག་རེད། 
ལྭ་བ་བརྗེས་ཤིང་། ལུས་དཔྱད་བཏང་རྗེས་ཁོ་ཚོ་རང་རང་གི་བཙོན་ཤག་ཏུ་ཁྲིད་སོང་། 
རང་ཉིད་ཀྱི་བཙོན་ཤག་དེ་མཐོང་མ་ཐག ཁོ་རང་ཧ་ལས་སོང་།  རྒྱུ་མཚན་ནི་བཙོན་ཤག་གི་སྒོ་རྟགས་ཀྱང་ཁོའི་མལ་ཁང་དང་ནད་ཁང་གི་སྒོ་རྟགས་དང་འདྲ་བར་༥༥༥རེད། དེ་བས་ཀྱང་སྒོ་གླེགས་སུ་བུ་ག་ཆུང་ངུ་ཞིག་ལས་མེད་པ་མཐོང་བ་ཙ་ན། ཁོར་དེ་བས་ཀྱང་འཇིགས་སྣང་དང་ཡིད་ཆད་དྲག་པོ་ཞིག་སྐྱེས་སོང་བས། ཁོ་རང་མུན་སྨག་གི་བཙོན་ཤག་དེར་འགྲོ་འདོད་གཏན་ནས་མ་བྱུང་། 
དེར་བརྟེན།  ཁོས་ན་ཟུག་ཡོད་ཚད་རྩལ་དུ་སྤྲུགས་ནས་ཨག་རྒྱངས་བྱེད་ཅི་ཐུབ་བྱས།
“ང་མི་འགྲོ། ང་མི་འགྲོ། ང་་་་་་་”
“ད་མ་སོང་ཚེ། ཡང་ཁྱོས་སློབ་ཁྲིད་ཀྱེ་རྗེས་ཆོད་ཀྱི་མ་རེད་་་”
      ཁོས་མལ་ཁྲི་རུ་འཕག་འཚག་ཅིག་བརྒྱབ་ནས་ཁོག་སྟོད་ཡར་དགྱེ་བ་ན། སྐད་ཆ་འདི་འདྲ་ཞིག་ཐོས་སོང་ལ། དེ་མ་ཐག་ཁོའི་མལ་གྲོགས་ཤིག་འཚབ་འཚུབ་རང་ཕྱི་རུ་བརྒྱུགས་སོང་བའང་རབ་རིབ་ཅིག་མཐོང་སོང་།
དེ་བས་ཁོས་ཀྱང་དཔྲལ་ངོས་ཀྱི་རྔུལ་ཆུ་འབྱིད་བཞིན་མགོ་བོ་གཡུག་གཡུག་ཅིག་བྱས་ཤིང་། འཐད་ལ་མི་འཐད་ཀྱི་ངང་ཡར་ལངས་ནས་སློབ་ཁྲིད་ལ་སོང་།
         སློབ་ཁང་ནི་སྔར་བཞིན་ལྷིང་འཇགས་སེ།
གཉིད་ཅིག་བབས་ནས་འདུག
ཏག་ཏག་དགེ་རྒན་གྱིས་སློབ་ཁང་འདིའི་བར་སྣང་ལ་མང་བོ་མང་བོ་ཞིག་བྲག་ཅར་སྐྱིལ་བཞིན་པ་མ་གཏོགས། སློབ་ཁང་འདི་སྔར་བཞིན་ལྷིང་འཇགས་སེ།  གྲགས་འགུལ་ཅི་ཡང་མེད།  ཡོད་ཚད་གཉིད་འདུག་པ་དང་འདྲ།  གཉིད་པ་དེའང་ཤི་སོང་བ་དང་འདྲ། སློབ་གྲོགས་ཚོ་ནད་ཡམས་གང་ཞིག་གིས་ཟིན་སོང་བ་ལྟར་ལ་ལས་མགོ་བོ་དཔེ་སྲུབས་སུ་བཅུག་ནས་འདུག་ལ།  འགའ་ཞིག་སྒེའུ་ཁུང་ལས་མཐོང་བའི་བར་སྣང་སྟོང་བ་དེར་ཅེར་ནས་འདུག  ཡང་ཁ་ཤས་ཤིག་འཁྲབ་སྟོན་གང་ཞིག་ལ་མཚར་སོང་བ་ལྟར་ཁྲིད་སྟེགས་ཀྱི་ཕྱོགས་སུ་ཧད་ནས་ཡོད། འོན་ཏེ།  ཁོ་རང་ཡང་འདི་ལྟར་ནར་སོན་ནས་ཡོང་བས། ཁོར་མཚོན་ན་འདི་ནི་ཧ་ལས་དགོས་པ་ཞིག་མིན།
གང་ལྟར།  སློབ་ཁང་འདིར་གཉིད་སྟུག་པོ་ཞིག་བབས་ནས་འདུག
ཁོས་ཀྱང་འདུག་གནས་འོས་འཚམས་ཤིག་བཙལ་རྗེས་སློབ་ཁང་འདིའི་གཉིད་དུ་ཞུགས།  སློབ་གྲོགས་གཞན་རྣམས་དང་འདྲ་བར་ཁ་རོག་གེར་འདུག་ཅི་ཐུབ་བྱས།  ཁ་རོག་གེར་འདུག་པ་ནི་སློབ་ཁང་འདིའི་གོམས་སྲོལ་ཞིག་ཏུ་ཆགས་ཡོད་པས།གྲག་འགུལ་ཆུང་ངུ་རེ་བྱུང་ནའང་རྒྱུན་ལྡན་མིན་པ་ཞིག་ཏུ་གྱུར་འགྲོ།  
ཅུང་ཙམ་འགོར་རྗེས།  ཁོའི་གམ་གྱི་སློབ་གྲོགས་དེས་སྔུར་དབྱངས་ཐན་ཐུན་རེ་འཐེན་འགོ་བརྩམས་བྱུང་། འོན་ཏེ།  འདི་ནི་རྒྱུན་ལྡན་ཞིག་ཡིན། རྒྱུ་མཚན། སྔུར་བ་ནི་ཁོ་ཚོར་མཚོན་ན་གྲག་འགུལ་ཞིག་མིན་ལ། ཁོ་ཚོས་གཞི་ནས་སྔུར་བ་ཞེས་པ་འདི་ཚོར་གྱི་མེད།
དགེ་རྒན་གྱིས་ཁྲིད་སྟེགས་སུ་ཨ་མཆོད་ཀྱིས་བཅའ་བ་འདོན་འདོན་བྱེད་བཞིན་འདུག་ལ།  སློབ་གྲོགས་ཚོའང་རང་རང་སར་ཡོན་བདག་འདུག་འདུག་བྱས་ནས་གདའ། སློབ་ཁང་འདིར། སློབ་གྲོགས་ཚོས་རང་ཉིད་ཀྱིས་ཅི་ཞིག་ལ་ཉན་བཞིན་པ་ཧ་གོ་མི་དགོས་ལ། ཐ་ན་དགེ་རྒན་གྱིས་ཀྱང་རང་ཉིད་ཀྱིས་ཅི་ཞིག་ཁྲིད་བཞིན་པ་རྟོགས་དགོས་མེད། རྒྱུ་མཚན་ནི།  འདི་ནི་སློབ་ཁང་འདིའི་སློབ་ཁྲིད་ཡིན་པས་རེད། སློབ་ཁང་འདིའི་སློབ་ཁྲིད་ཡིན་ན་ཡོད་ཚད་འདི་འདྲ་ཞིག་ཡིན་དགོས་པས། ད་ནི་ཡོད་ཚད་འདི་འདྲ་ཞིག་ཡིན་སོང་བ་རེད། འདི་འདྲ་ཞིག་ཡིན་ན་ད་གཟོད་འགྲིག་པ་རེད། ཅི་ཞིག་ཁྲིད་བཞིན་པ་དང་གང་ཞིག་ཤེས་སོང་བ་གཙོ་བོ་མིན།  ཆེས་གལ་ཆེ་བ་ནི་དུས་ཚོད་འགྲོ་རྒྱུ་དེ་རེད། དུས་ཚོད་བུད་སོང་ན་ད་གཟོད་ཡོད་ཚད་འགྲུབ་སོང་བ་རེད།
མགོ་བོ་ཡར་བཀྱགས་ནས་མཐའ་འཁོར་ལ་བལྟས་པ་ན། རྒྱང་རིང་གི་ཁྲིད་སྟེགས་དང་། རྒྱང་རིང་གི་གྲལ་ཤར་དང་པོ། མཐའ་འཁོབ་ཀྱི་གྱང་རྩ་གཉིས་དང་། ཁོ་རང་ཡོད་སའི་གྲལ་ཤར་གཞུག་མ། ད་དུང་ཡུལ་དབུས་ཀྱི་གྲལ་ཤར་བར་མ་སོགས་སློབ་ཁང་འདིའི་གྲུ་ཟུར་གང་ཞིག་ནས་ཀྱང་། ཁོས་ཡིག་རྡོག་ཅིག་མཐོང་འོང་།
ཡིག་རྡོག་ཆ་ཡོད་ཆ་ཡོད་ཅིག་མཐོང་འོང་སྟེ།
གཉིད།
གཉིད་ཅེས་པའི་ཡིག་རྡོག་འདི་སློབ་ཁང་གི་གྲུ་ཟུར་སོ་སོ་ནས་འཕུར་འོང་སྟེ་ཁོའི་མིག་ཀོང་དུ་འཛུལ་འགྲོ་བས།  མཐའ་མར་ཁོའི་མིག་ཟུང་ཡང་རབ་རིབ་དང་བན་བུན་ཞིག་ཏུ་གྱུར་སོང་ལ། དེ་དང་ཆབས་ཅིག་མཐའ་འཁོར་གྱི་ཡོད་ཚད་ཀྱང་རབ་རིབ་དང་བན་བུན་ཞིག་ཏུ་འགྱུར་བཞིན་འདུག དགེ་རྒན་གྱིས་སྐྱིལ་བཞིན་པའི་བྲག་ཅའང་ཇེ་རིང་ནས་ཇེ་རིང་ཡིན་པའི་ཚོར་བ་ཞིག་བྱུང་།
ཁོའི་མིག་ལམ་དུ། སློབ་ཁང་འདི་རབ་རིབ། བན་བུན། རབ་རིབ།  བན་བུན་་་་་་
དགེ་རྒན་གྱི་སྐད་གདངས་ཀྱང་ཇེ་རིང་ནས་ཇེ་རིང་།
ད་དུང་ཇེ་རིང་།  ཇེ་རིང་་་་་
མ་རེད་མ་རེད།
 ཇེ་ཉེ་རེད།  ཇེ་ཉེ་ནས་ཇེ་ཉེ་རེད། ཁོའི་ཉམས་སྣང་ཞིག་ལ་དགེ་རྒན་གྱིས་སྐྱིལ་བཞིན་པའི་བྲག་ཅ་གློ་བུར་དུ་ཇེ་ཉེ་ནས་ཇེ་ཉེ་རུ་གྱུར་ལ།  ཐ་ན་རང་གི་རྣ་རྩར་གཏད་ནས་འཆད་བཞིན་པ་དང་ཨ་ན་མ་ན་རེད། འདི་འདྲའི་གསལ་བོ་ཞིག་ཡིན་དོན་ཅི་རེད།
དེ་ལོས་ཡིན། ཁོས་བཤད་སྦུག་ལས་འཆད་བཞིན་འདུག 
ཁོ་སུ་ཡིན་ནམ། ང་ཚོའི་དགེ་རྒན་ཡིན་ནམ། ཁོ་ཅི་ཡིན་གྱི་མགོ་རྨོངས་ནས་འཁྲིས་ཀྱི་སློབ་གྲོགས་དེར་འདྲི་སྙམ་མོད། འོན་ཏེ།  ཕར་འཁོར་མ་ཐག་ཁོ་རང་སྔར་བས་ཀྱང་རྨོངས་སོང་།
རྒྱུ་མཚན་ཁོའི་འཁྲིས་སུ་ཡོད་པ་ནི་ད་ཅིའི་བཙོན་གྲོགས་ཤིག་རེད་ལ། ཁ་སྣ་ལག་པས་བཏུམས་ནས་འདུག
“བལྟ་རྒྱུ་ཅི་ཞིག་ཡོད་དམ། འཆི་འདོད་དམ།”
ཁོ་རང་རྒྱབ་ཕྱོགས་སུ་འཁོར་བ་ན།  དེ་རུའང་བཙོན་ལྭ་གྱོན་པའི་གསར་རྒོད་ཅིག་གིས་སྡང་མིག་བགྲད་ནས་འདུག  དེ་ནི་ཕལ་ཆེར་ཁོའི་རུལ་དྲི་ལ་མ་རངས་པའི་ཡིན་པ་འདྲ།
དེ་ནས་ཕྱོགས་ཕྱོགས་སུ་བལྟས་པ་ན།  དེ་ནི་སློབ་ཁང་ཞིག་རྩ་བ་ནས་མ་ཡིན་པར་ད་ཅིའི་བཙོན་ཁང་དེ་ཡིན་འདུག་ལ། བྲག་ཅ་བར་སྣང་དུ་སྐྱིལ་བཞིན་པ་དེའང་དགེ་རྒན་མ་ཡིན་པར་བཙོན་དཔོན་ཡིན་འདུག ཁོ་རང་ཡང་སློབ་གྲོགས་ཚོའི་དཀྱིལ་ན་བདེ་བའི་གཉིད་དུ་ཡུར་ནས་བསྡད་མེད་པར། རང་དབང་བྲལ་བའི་བཙོན་མ་སྐོར་ཞིག་གི་ཁྲོད་དུ་འགྲེང་ནས་འདུག   ཁོ་རང་ཡིད་ཆད་སོང་། ཡིད་སེམས་གཏིང་ནས་ཆད་སོང་།
དེ་བས་ཀྱང་བཙོན་དཔོན་དེས་འཆད་བཞིན་པའི་ཚིག་འབྲུ་རེ་རེས་ཁོ་རང་པུས་ཚིགས་ནས་ཉིས་ལྟེབ་ཏུ་འགྲོ་བར་བྱེད།
“གསར་རྒོད་ཚོ།
ཁྱོད་ཚོ་ནི་འཇིག་རྟེན་ཏུ་ཆེས་དཔའ་བའི་མི་རེད་ལ། དམྱལ་ཁམས་ནས་ཆེས་རྒོད་པའི་འདྲེ་ཡང་ཡིན་ངེས། ཁྱོད་ཚོ་མི་ཡུལ་ནས་འདུག་འདོད་མེད་ལ་དེ་བས་ཀྱང་ལྷ་ཡུལ་ལ་འགྲོ་འདོད་མེད། དེར་བརྟེན། ཁྱོད་ཚོས་མི་ཡུལ་གྱི་དམྱལ་ཁམས་འདི་བདམས་པ་རེད་ལ། འདི་རུ་ཁྱོད་ཚོས་བདེན་ལུགས་སྐྱོང་མི་དགོས་ལ། རང་དབང་རྩོད་མི་དགོས། འདྲ་མཉམ་གླེང་མི་དགོས། རྒྱུ་མཚན་ནི་འདི་རུ་དེ་དག་གཅིག་ཀྱང་མེད། དེར་མ་ཟད། མི་འགྱངས་པར་ངས་ཁྱོད་ཚོ་འདི་ལས་ཀྱང་སྤྲོ་སྣང་ལྡན་པའི་དམྱལ་ཁམས་ངོ་མ་དེར་གཞུག་སྲིད་པས། ཐུགས་ལྷོད་ལྷོང་ལོངས་སྤྱོད་བྱོས་་་་་་་ ”  
བཙོན་དཔོན་གྱི་གཏམ་དཔྱད་མཇུག་རྫོགས་རྗེས། ཚང་མ་གྲོལ་སོང་། ཁོ་ཚོ་ལུས་སོང་། ཚང་མས་ཁ་སྣ་ལག་པས་གཅུད་ནས་ཁོ་ཚོ་ཤུལ་དུ་བསྐྱུར་སོང་།
སློབ་གྲྭ་ནས་འདུག་དབང་མེད་པར་བཙོན་ཁང་དུ་ཡོང་དགོས་ཀྱང་། བཙོན་ཁང་དུ་འདི་འདྲའི་ཁེར་རྐྱང་དུ་ཕུད་དགོས་དོན་གང་ཡིན་ནམ།
ང་རང་ངོ་མ་རུལ་འདུག་གམ།   ཁོས་རང་ཉིད་ཀྱི་ལུས་ལ་རེག་ཙམ་བྱས།
ཨ་ཙི།  ངོ་མ་རུལ་འདུག ལག་པར་རྣག་ཁྲག་འདྲེས་མའི་དངོས་པོ་འདག་འདག་ཅིག་འབྱར་ནས་འོང་།  
ཁོས་རང་ཉིད་ཀྱི་ཕུང་བོར་སྣོམ་ཙམ་བྱས།
 ཨ་ཁ།  ངོ་མ་རུལ་འདུག   སྣ་ལམ་དུ་སྐྱུག་བྲོ་བའི་རུལ་དྲི་ཞེ་མེར་བ་ཞིག་ཐུལ་ནས་ཡོང་། 
ཁོར་རང་ཉིད་རུལ་འདུག་པའི་ཚོར་བ་ཞིག་བྱུང་ལ། ཁོའི་གམ་གྱི་བཙོན་མ་རུལ་བ་དེ་ཚོའང་དེ་བཞིན་རེད། ཕན་ཚུན་ལ་ལྟ་བཞིན། ཕན་ཚུན་ལ་མཛུབ་སྟོན་བྱེད་བཞིན། ཕན་ཚུན་སྐད་འགྲགས་རྒྱག་བཞིན། 
ཁོ་ཚོ་འདི་ལྟར་རྡོ་མཁར་འདིའི་གྲུ་ཕུགས་ཤིག་ན།    ཁེར་རྐྱང་དུ་ལུས་ནས་འདུག
“བཙོན་མ་བྱ་དགོས་ཀྱང་རུལ་བ་ཞིག་བྱ་འདོད་མེད། རབ་ཡིན་ན་ང་ཚོ་དང་རྒྱང་བཀྱེད་ནས་སྡོད་་་་་་་་”
གློ་བུར་དུ།  ཁོའི་ཕྲག་མགོར་ཅི་ཞིག་གིས་རྡེབ་ཙམ་བྱས་སོང་།
གང་ནས་ཡོང་བའང་མ་ཤེས་པའི་ལག་ཟུང་ལྕི་ལ་ཤེད་ཤུགས་ཅན་ཞིག་གིས་ཁོའི་ཕྲག་པར་རྡེབ་ཙམ་བྱས་ལ། ཁོ་རང་དེ་མ་ཐག་སྐྲག་ཐག་ཆོད་ནས་འཕག་ར་ཞིག་བྱས་པའི་མོད་ལ། ཁ་ནས་སྐད་ངན་ཞིག་ཀྱང་ཤོར་སོང་།
“ཨ__ང་རུལ་མེད།  རུལ་མེད་་་་་་་་”
“ད་རུལ་རྒྱུར་ཉེན་ཁ་ཆེ་བར་འདུག་་་་་་་ ”
ལག་ཟུང་དེ་ད་དུང་ཁོའི་ཕྲག་མགོ་རུ་ལྗིད་ཏིག་གེར་འདུག
        གཡས་ལག་ཕྱིར་བསྲིངས་ནས་ཕྲག་མགོའི་ལག་པ་དེ་བཟུང་རྗེས། སེམས་ཆུང་གིས་ཁ་ཕྱིར་འཁོར་བ་ན།  མ་གཞི་རང་ཉིད་ཀྱི་ཕྲག་པར་རྡེབ་མཁན་ནི་སློབ་གྲོགས་ཤིག་རེད།  ཁོས་སློབ་གྲོགས་དེས་གདོང་ལ་ཞིབ་ལྟ་ཞིག་བྱས་རྗེས། ཁོ་རང་ད་ཅིའི་བཙོན་མ་ཞིག་མིན་སོང་བའི་རྒྱུ་མཚན་ཅིས་ཀྱང་རྙེད་མ་སོང་།  
       ད་ཅི་ང་གཉིད་སོང་ངམ།  ད་ཅི་ངས་རྨི་ལམ་རྨིས་པ་ཡིན་ནམ།  ཡང་ན། ད་ལྟ་ང་རང་གཉིད་འདུག   ད་ལྟ་ངས་རྨི་ལམ་རྨི་བཞིན་འདུག  ཁོས་བསམ་བློ་གཏོང་བཞིན་འདུག ཁོས་ཡང་ནས་ཡང་དུ་བསམ་བློ་གཏོང་བཞིན་འདུག
        དོན་དམ་པར་ང་རང་རུལ་ཡོད་དམ།
 “ཝེ་་་་་་ང་གཉིད་ཡོད་དམ།  ང་རུལ་ཡོད་དམ།  ངར་རུལ་དྲི་བྲོའམ། ཝེ་་་་་ང་་་་”
        ཁོས་ཡར་འདྲི་མར་འདྲི་བརྒྱ་བྱས་ཀྱང་།  དྲི་ལན་ཁ་གསལ་ཞིག་མ་རྙེད་ལ། ཚང་མས་གླེན་བཤད་མ་རྒྱག་ཟེར་བ་ལས་ཡིན་མིན་གྱི་ཕྱིར་ལན་ཅི་ཡང་མ་བཏབ་པས། ཁོར་མཚོན་ན་འདི་ལས་ལྷག་པའི་སྡུག་བསྔལ་ཞིག་གང་ན་ཡོད།
        ཁོས་རང་ཉིད་ཀྱི་ལུས་པོར་ཇི་ལྟར་རེག་ཀྱང་རུལ་ཤུལ་ཞིག་མ་རྙེད་ལ། ཇི་ལྟར་བསྣམས་ཀྱང་རུལ་དྲི་ཞིག་ཀྱང་མ་ཚོར། ཕལ་ཆེར་གཉིད་མེད་པ་འདྲ། ཕལ་ཆེར་རུལ་མེད་པ་འདྲ། 
འོན་ཏེ། ཁོ་རང་ཉིད་ལ་ཡིད་རྟོན་མེད། ཁོས་རང་ཉིད་ཀྱི་ཚོར་ཤེས་ནི་ཡང་དག་ཅིག་ཏུ་གཟུང་མི་སྤོབས།  དེ་བས།  ཁོ་ད་དུང་རང་ཉིད་གཉིད་ཡོད་མེད་ལ་ཐེ་ཚོམ་སྐྱེས་ནས་འདུག ཁོ་ད་དུང་རང་ཉིད་རུལ་ཡོད་མེད་ལ་ཐེ་ཚོམ་སྐྱེས་ནས་འདུག
          གང་ལྟར། སློབ་ཁང་ལས་ཕྱིར་བུད་པ་ན། མགོ་ཐོག་ནས་ཅི་ཞིག་བཤུས་སོང་བ་ལྟར། ཡོད་ཚད་ལྷོད་ཡངས་སེར་གྱུར་སོང་།
          སློབ་གྲྭ་འདིའི་ནམ་མཁའ་ཡང་བཙོན་ཁང་དེའི་ནམ་མཁའ་དང་འདྲ་བར།  སྔོ་ཐིག་ཅིག་རིག་རྒྱུ་མེད་ལ། ཉི་ཐིག་ཅིག་ཀྱང་ཤར་རྒྱུ་མེད་མོད། འོན་ཀྱང་།  ནམ་ཡང་རླུང་བུ་འཇམ་པོ་ཞིག་བསིལ་བསིལ་དུ་གཡུགས་འོང་བས་ལུས་སྟེང་གི་སྡུག་བསྔལ་དང་མནོལ་གྲིབ་ཡོད་ཚད་ཀྱང་སྐད་ཅིག་ཉིད་དུ་འཁུར་འགྲོ་བའི་སྣང་བ་ཞིག་སྐྱེས།  གལ་སྲིད་ཁོ་རང་རུལ་ཡོད་པའི་དབང་དུ་བཏང་ནའང་།  བསིལ་རླུང་འདིས་ཁོའི་ལུས་ཀྱི་རུལ་དྲི་ཡོད་ཚད་ཀྱང་ལྷག་མེད་དུ་བཞབས་འགྲོ་བར་སྣང་།
           སློབ་གྲྭ་འདིར། ཏག་ཏག་བསིལ་རླུང་འདིས། ཁོར་བདེན་སྣང་ཞིག་སྟེར་ཐུབ།
  ཁོས་བདེན་སྣང་བསིལ་མོ་ཞིག་ཁྱེར་ནས་ཕྱིར་མལ་ཁང་དུ་ལོག་པ་ན།  ཡོད་ཚད་སྔོན་གྱི་དེ་དང་སྔོན་གྱི་དེ་རེད།
དམ་བེ་ཁོག་སྟོང་དེ་དག། རྐང་ལྷམ་ཁེར་རྐྱང་དེ་དག  ཕུང་བོར་སྤུངས་པའི་གད་སྙིགས་དེ་དག་་་་་དེ་དག་དང་འདྲ་བའི་རང་གི་མལ་གྲོགས་ཚོ། མདོར་ན། མལ་ཁང་འདིར་གཉིད་སྟུག་པོ་ཞིག་བབས་ནས་འདུག
  གང་ལྟར། མལ་ཁང་འདིར་རུལ་ཉེན་ཧ་ཅང་ཆེ།
  དེ་ལྟར་བསམ་བཞིན་ཁོ་རང་ཉིད་ཀྱི་མལ་ཁྲི་རུ་འགོས་ཤིང་། མལ་གོས་དང་སྔས་འབོལ་གཉིས་ཀར་བསྙེས་ནས་ཡུན་རིང་འགོར་ལ།  མགོ་རྔ་མེད་པའི་མེད་པའི་བསམ་གཞིག་སྣ་ཚོགས་ཤིག་བཏང་རྗེས། ཁོས་ས་རྡུལ་སྲབ་བུ་ཞིག་ཆགས་པའི་དཔེ་དེབ་དེ་ཚོའི་ཁྲོད་ལ་མིག་མྱུལ་བྱས་བྱུང་། ཡང་ལྟ་བསྐྱར་ལྟ་ལན་འགའ་བྱས་རྗེས། དཔེ་སྟེགས་ཀྱི་གྲུ་གར་ལུས་པའི་དེབ་དེ་བླངས་ཤིང་།   དཔེ་བྱང་ལ་ཅེར་ནས་འདུག་སྟེ།
           <<ང་ཚོ་སད་རན།>>
          དཔེ་བྱང་ལ་བལྟས་ནས་ཡུན་རིང་འགོར་རྗེས། ཁོས་ད་གཟོད་ནང་དོན་དངོས་ལ་ལྟ་འགོ་བརྩམས། དེབ་འདིར་ཁོར་ནན་ཏན་གྱིས་བལྟ་འདོད་ཅིག་སྐྱེས། དེ་བས་ཁོས་ནག་འགྲོས་སུ་བཀོད་པའི་ཚིག་རྐང་རེ་རེ་བཞིན་རྒྱུ་མ་འདེད་འདེད་ཀྱིས་ག་ལེར་བཀླགས་བྱུང་།
         དུས་ཡུན་ངེས་ཅན་ཞིག་འགོར་སོང་།
ཁོས་ད་དུང་ཀློག་བཞིན་འདུག  
མལ་ཁང་ལྷིང་འཇགས་སེ་འདུག
ཁོས་མུ་མཐུད་དུ་ཀློག་བཞིན་ཡོད།
འོན་ཏེ།  དུས་ཡུན་ཅི་འདྲ་ཞིག་འགོར་སོང་བའང་མ་ཤེས། གློ་བུར་དུ་ཡོད་ཚད་འུར་ཟིང་ངེར་གྱུར་སོང་།
ཞིབ་ལྟ་ཞིག་བྱས་པ་ན། ཁོའི་ཁ་གཏད་ནི་བཙོན་དཔོན་དང་བཙོན་སྲུང་། བཙོན་མ་མང་བོ་ཞིག་རེད་ལ། དེ་དག་གི་ཁྲོད་དུ་ཁོའི་ངོ་ཤེས་ཀྱང་མང་བོ་ཞིག་འདུག སློབ་གཙོ་ལོས་ཡིན་སྙམ་པའི་བཙོན་དཔོན་དེ་དང་། དགེ་རྒན་ཡིན་པར་འདྲ་བའི་བཙོན་སྲུང་དེ་དག  སློབ་གྲོགས་ཡིན་པར་འདྲ་བའི་བཙོན་མ་དེ་ཚོ།  གང་ཡིན་འདི་ཡིན་གྱི་ཆ་མ་འཚལ་བར་ཁོ་དང་ཁོའི་གམ་གྱི་བཙོན་མ་རུལ་བ་དེ་ཚོའི་ཕྱོགས་སུ་འཆོར་བཞིན་འདུག
ཁོ་ཚོ་བཙོན་དཔོན་སོགས་ཀྱིས་དེད་ནས་རྡོ་མཁར་དེའི་མཁར་རྟིང་ལ་སླེབས་ཤིང་། དེ་ནས་རིམ་བཞིན་དེད་ནས་མཁར་སྟེང་ལ་ཐོན།  དེ་ནས་ཀྱང་སོ་ཁང་ཞིག་གི་གྲུ་ཕུགས་སུ་བཅུག་སོང་བས། ཁོ་ཚོར་འགྲོ་ས་དང་། སྐུངས་ས།  ཐར་ས་ཅི་ཡང་མེད། 
  “ཁྱོད་ཚོ་ཉལ་རྒྱུ་མང་དྲགས་པས་རུལ་ནད་བྱུང་ལ།  ད་ལྟ་ང་ཚོར་ཡང་རུལ་ནད་འགོས་ནས་རུལ་བཞིན་འདུག་་་་་་”
སློབ་གཙོ་ཡིན་པར་འདྲ་བའི་བཙོན་དཔོན་དེས་མིད་ཐག་ཕྱི་རུ་སློག་ལ་ཁད་ཅིག་གིས་སྐད་འགྲགས་བརྒྱབ་བྱུང་།
ཨ་ཙི། བདེན་པར་འདུག་ཨང་། ཁ་གཏད་ཀྱི་མི་ཚོགས་དེའང་རེ་རེ་བཞིན་རུལ་ནས་ཉག་ཉོག་ཏུ་གྱུར་འདུག་ལ། དེ་ལས་ཐུལ་འོང་བའི་རུལ་དྲིས་ནམ་མཁའ་འགེང་བར་བྱེད། དེར་མ་ཟད།  སྲ་མཁྲེགས་ཀྱི་རྡོ་མཁར་འདིའང་གཞི་ནས་རུལ་བཞིན་འདུག  མཁར་སྟེང་གི་སོ་ཁང་འགའ་རེ་རྡུལ་ཉིལ་ལིར་ཞིག་ནས་འཐོར་བཞིན་གདའ་ལ།  རྡོ་མཁར་གྱི་གྲུ་ཟུར་རེ་རེ་དང་གྱང་ལྡེབས་སོ་སོ་ནའང་ཞིག་རལ་དུ་གྱུར་བའི་རྩིག་པ་དུམ་བུ་ཆད་ཅིང་ལྷུང་བཞིན་འདུག 
འུར་ཟིང་ངེ་།  རྡུལ་འཚིབ་བེ།
རྡོ་མཁར་འདི་ད་ལྟ་རུལ་བཞིན་འདུག  རྡོ་མཁར་འདིར་རུལ་དྲི་བྲོ་བཞིན་འདུག
“འདི་ཐམས་ཅད་བཙོན་དཔོན་ཁྱོད་ལན་པ་ཡིན་་་་་་་་”
ཁོས་སྤོེབས་པ་ཆེར་བསྐྱེད་ཀྱིས་གནས་ལུགས་ཤིག་བཤད་དགོས་བསམས་ཀྱང་། བཙོན་དཔོན་སོགས་ཀྱིས་རྒྱོབས་རྒྱོབས་སོད་སོད་ཀྱི་འུར་ཞིག་བསླངས་ནས་སྨྱོས་ཟིན་པ་ལྟར་མཆོངས་འོང་།  སྨྱོས་ཟིན་པ་ལྟར་མཆོངས་འོང་བས་ཁོའང་གདམ་ང་ཅི་ཡང་མེད་པར་སྨྱོས་ཟིན་པ་ལྟར་མཆོངས་སོང་། སྨྱོས་ཟིན་པ་ལྟར་མཁར་སྟེང་ནས་མཆོངས་སོང་།
མཆོངས་མ་ཐག་ཁོ་རང་འགྱོད་པ་སྐྱེས་ཤིང་། འཇིགས་སྣང་ཡང་བྱུང་།
གང་ལྟར་ཁོ་རང་མཆོངས་ཚར་བས། ད་ནི་ས་རུ་ལྷུང་ལ་ཉེ།
གློ་བུར་དུ། ཁོ་རང་ས་རུ་བརྡེབས་བྱུང་ལ། དེ་དང་མཉམ་དུ་ཅི་ཡིན་མི་ཤེས་པའི་ཁྲོག་སྒྲ་ཞིག་ཀྱང་གྲག་བྱུང་།
ཁྲོག་སྒྲ་དེའི་རྗེས་ནས་ན་ཟུག་བཟོད་དཀའ་བ་ཞིག་སྐྱེས་འོང་ལ། ན་ཟུག་དེའང་མགོ་བོའི་ཆ་གང་ཞིག་ནས་སྐྱེས་འོང་བ་འདྲ། དེ་མ་ཐག་ན་ཟུག་སྐྱེས་འོང་ས་དེ་དྲོད་ལམ་ལམ་བྱེད་པའི་ཚོར་སྣང་ཞིག་ཀྱང་བྱུང་།
སྐབས་འདིར། ཁོས་མིག་ཟུང་ག་ལེར་ཕྱེ་བ་ན།  རང་ཉིད་མལ་ཁང་གི་ཨོང་སྟེགས་འགའི་ཁྲོད་དུ་ལྷུང་འདུག་པ་གསལ་བོར་མཐོང་ལ།  མགོ་བོ་དམ་བེ་ཁོག་སྟོང་དེ་དག་གི་དཀྱིལ་དུ་བརྡེབས་འདུག་པའང་ཚོར། 
དེ་མ་ཐག  གློ་བུར་དུ་ཡོད་ཚད་ནག་ཐོམ་མེར་གྱུར་སོང་།
ཅུང་ཙམ་འགོར་རྗེས། ཁོས་ངོ་གདོང་གསལ་ལ་མི་གསལ་བ་འགའ་མཐོང་ལམ་དུ་རུབ་འདུག་པ་མཐོང་བྱུང་།
 “ཁོ་སད་བྱུང་།  ཁོ་སད་བྱུང་།”
སྐད་ཆ་འདི་རྒྱང་རིང་ཞིག་ནས་གྲག་བཞིན་འདུག་ཀྱང་། ཧ་ཅང་རྒྱུས་ཡོད་ཅིག་རེད།
ཞིབ་ཏུ་བལྟས་ཙ་ན།  མལ་གྲོགས་འགའ་དང་ལྭ་རིང་དཀར་བོ་ཅན་སྐོར་ཞིག་གི་ངོ་གདོང་ཁོའི་མཐོང་ལམ་དུ་རུབ་ནས་འདུག མལ་གྲོགས་སྐོར་ཞིག་ཡོད་དོན་གང་ཡིན་མི་ཤེས་ཀྱང་།  ལྭ་རིང་དཀར་བོ་ཅན་དེ་དག་དང་།  གློ་བུར་གློ་བུར་དུ་གཡོ་འགུལ་ཆུང་ངུ་རེ་འབྱུང་བཞིན་པའི་ཚོར་སྣང་འདི་ཧ་ཅང་རྒྱུས་ཡོད་ཅིག་རེད་དེ།  ཁོ་རང་ཡང་བསྐྱར་མྱུར་སྐྱོབ་རླངས་འཁོར་ཞིག་ཏུ་ཉལ་འདུག་པ་རྟོགས་སོང་།
མྱུར་སྐྱོབ་རླངས་འཁོར་འདིས་ཁོ་རང་གང་ཞིག་ལ་འཁྱེར་འགྲོ་བ་ཁོས་གསལ་བོར་རྟོགས། རྒྱུ་མཚན་ཁོ་གཞི་ནས་ཐེངས་གཅིག་ལ་ཁྱེར་མྱོང་བས་རེད། 
“ཁྱོེད་ཚོས་ང་གང་དུ་འཁྱེར་བསམས་པ་ཡིན། ང་གཉིད་མེད། ང་རུལ་མེད་་་་”
ཁོས་སྐད་འགྲགས་རྒྱག་བཞིན་འདུག ཁོས་འཕག་འཚག་བྱེད་བཞིན་འདུག
“ཁྱོད་གཉིད་མི་འདུག རུལ་ཀྱང་མི་འདུག  ང་ཚོས་ཁྱོད་སྨན་ཁང་དུ་ཁྱེར་བཞིན་ཡོད།”“མ་རེད།  ང་གཉིད་འདུག  ང་རུལ་འདུག འདི་རྨི་ལམ་རེད། རྨི་ལམ་རྗུན་རེད། ང་རྫུན་གྱི་ཁྲོད་འཚོ་འདོད་མེད་་་་”
     ཁོའི་སྐད་མགོ་སྔར་བས་ཀྱང་ཇེ་མཐོར་གྱུར།  ཁོའི་འཕག་ཤེད་སྔར་བས་ཀྱང་ཇེ་ཆེར་གྱུར།
       “མ་རེད།  ཁྱོད་གཉིད་མི་འདུག  རུལ་ཀྱང་མི་འདུག འདི་ངོ་མ་རེད། རྨི་ལམ་མ་རེད། ”
“ད་ང་ཁྱོད་ཚོའི་གཡོ་འོག་ཏུ་ཚུད་མི་སྲིད། ང་སད་དགོས། ང་སད་དགོས། ང་་་་་་་”
“ཁྱོད་གཞི་ནས་སད་འདུག་པས།  ད་ཁྱོད་རང་ཇི་ལྟར་སད་དགོས། ”
ཚང་མ་འུ་ཐུག་སོང་བ་ཡིན་ལོས་ཆེ། ལྭ་དཀར་ཅན་དེ་ཚོས་ཕན་ཚུན་གྱི་གདོང་ལ་ལྟ་ཙམ་བྱས་ཤིང་། དེ་མ་ཐག་ཁབ་རྩེ་རྣོན་པོ་ཞིག་ཁོའི་ལུས་པོའི་ཆ་གང་ཞིག་ལ་འཛེར་བ་ན། ཁོའི་སྐད་མགོ་རིམ་གྱིས་ཇེ་དམར་གྱུར་ལ། ཁོའི་འཕག་ཤེད་ཀྱང་ག་ལེར་ཇེ་ཆུང་དུ་གྱུར་སོང་།
         ད་ཅི་གསོན་ཤུགས་བརྟས་པའི་ཁོ་རང་། ད་ནི་ཡུན་གྱིས་ལྷོད་སོང་།
         དེ་ནི་ཁོ་རང་གཞི་ནས་སད་བྱུང་བས་ཡིན་ལོས་ཆེ།
         ཁོ་རང་གཞི་ནས་སད་བྱུང་བས། སྐབས་འདིར། ཁོ་རང་ཆུ་ཤེལ་གྱིས་བསྐྲུན་པའི་སློབ་གྲྭ་ཞིག་ཏུ་འདུག་ལ། སློབ་གྲྭ་དེའི་སློབ་ཁང་ཡང་ཕྱི་གསལ་ནང་གསལ་ཞིག་རེད། སློབ་གྲྭ་དེའི་ནམ་མཁའ་ཡང་ཕྱི་གསལ་ནང་གསལ་ཞིག་རེད།  དེར་མ་ཟད་དགེ་རྒན་ཡང་ཕྱི་གསལ་ནང་གསལ་ཞིག་ཡིན་པས། ཐུགས་སུ་མངའ་བའི་ཤེས་བྱ་སྣ་ཚོགས་ཀྱང་གསལ་ལེར་མཐོང་ཐུབ། ད་དུང་། རླུང་བུ་འཇམ་པོ་ཞིག་ཀྱང་ལྷོད་ཀྱིས་ལྡང་བཞིན་འདུག  རླུང་བུ་གཙང་མ་ཞིག་ལྷོད་ཀྱིས་ལྡང་བཞིན་འདུག ལྷོད་ཀྱིས་ལྡང་བཞིན་འདུག
      དེར་བརྟེན། ཁོས་རང་ཉིད་སད་ཡོད་པ་གཞི་ནས་ཤེས་ཡོད།
      གོ་ཐོས་སུ།  དེ་ནས་བཟུང་།  ཁོས་རྨི་ལམ་དུ་××××སློབ་ཆེན་དང་།མལ་ཁང་༥༥༥བ། དམ་བེ་ཁོག་སྟོང་དེ་དག་དང་། རྐང་ལྷམ་ཁེར་རྐྱང་དེ་དག ད་དུང་དེ་དག་དང་འདྲ་བའི་མལ་གྲོགས་ཚོ་་་་་་མང་བོ་མང་བོ་ཞིག་རྨི་བཞིན་འདུག་ཟེར།
གོ་ཐོས་སུ། ཁོའི་རྨི་ལམ་ཁྲོད་ཀྱི་སློབ་གྲྭ་དེར་སྔར་ལས་སྟུག་པའི་གཉིད་ཅིག་བབས་འདུག་ཟེར།
གོ་ཐོས་སུ།  ཁོའི་རྨི་ལམ་ཁྲོད་ཀྱི་སློབ་གྲྭ་དེ་གཉིད་རྒྱུ་མང་དྲགས་པས་སྔར་བས་ཀྱང་རུལ་བཞིན་འདུག་ཟེར།
གོ་ཐོས་སུ།  ཁོའི་རྨི་ལམ་ཁྲོད་ཀྱི་སློབ་གྲྭ་དེའི་རུལ་དྲི་སྔར་བས་ཀྱང་སྐྱུག་བྲོ་བ་ཞིག་རེད་ཟེར།
གོ་ཐོས་སུ་་་་་་
 ཡིན་ཡང་། གཉིད་ལས་སད་དུས། ཁོ་ནམ་ཡང་ཕྱི་གསལ་ནང་གསལ་གྱི་འཇིག་རྟེན་དེར་ཡོད་པས། ཁོའི་བློ་ཚིམས་ཡོད། ཡིད་མགུ་ཡོད།  སེམས་བདེ་ཡོད།
        ཁོ། དེ་ལྟར་སད་ནས་དེ་ལྟར་གཉིད།
       ཁོ་རང་ངོ་མ།  དེ་ལྟར་སད་ནས་དེ་ལྟར་གཉིད་སོང་།
       
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཉིད།

2011-03-17 གློག་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།