ཁ་པར་ཡོད་ན་མཛེས་མ་ཡོད།

       ཁ་པར་ཡོད་ན་མཛེས་མ་ཡོད། 
      འདི་ནི་ཁོ་རང་སློབ་ཆེན་དུ་ཡོང་ནས་ཆེས་ཐོག་མར་རྟོགས་པའི་གནས་ལུགས་རེད། 
      རྒྱུ་མཚན་ནི་ཁ་པར་བཀོལ་རྒྱ་ཆེ་བའི་སློབ་གྲོགས་དེར་ཚང་མས་དོགས་པ་ཟ་བ་ཞིག་ཡིན་ཏེ།  འཕྲིན་ཐུང་ཞིག་སྐུར་དུས་ཚང་མས་དགའ་གྲོགས་ལ་སྐུར་བཞིན་པར་བསམས་ལ།  ཁ་པར་ཞིག་གཏོང་དུས་ཀྱང་ཚང་མས་དགའ་གྲོགས་ལ་གཏོང་བཞིན་པར་སྙམ་པས།  ཁོའི་བསམ་པར་ཁ་པར་ཞིག་ཡོད་ཚེ་མི་ཚང་མས་རང་ཉིད་ལའང་དགའ་གྲོགས་ཤིག་ཡོད་པར་དོགས་པ་ཟ་ངེས་རེད་སྙམ། 
        དོགས་པ་ཟ་བ་ནི་དགའ་འོས་པའི་དོན་ཞིག་མིན་ཡང་།  མཛེས་མ་ཡོད་པར་དོགས་པ་ཟ་བ་འདིས་སྐྱེས་པ་ཞིག་གི་ངོ་སོ་གནམ་ལ་བསྟད་ཡོད་ཅིང་།   ནང་སྒོས་སུ་ཁོར་མཚོན་ན་ནམ་ཡང་གཟི་བརྗིད་སྨྲ་མི་ཤེས་པ་ཞིག་ཡིན།
        དེ་བས།  ཁོས་ཟླ་གཅིག་ལྷག་གི་ནངས་ཇ་དང་དྲ་འཇུག་གི་གསོག་དངུལ་བློས་བཏང་ནས་ཁ་པར་ཞིག་ཉོས་ཤིང་།  བྱིས་བློའི་དྭངས་གཙང་ཡལ་ཟིན་པའི་མིག་ཟུང་སྐམ་པོ་དེ་ཚད་རིམ་ལྔ་བརྒྱ་ཅན་གྱི་ཤེལ་མིག་ཅིག་ལས་ཅེར་ནས་ནམ་ཡང་རི་དྭགས་ལ་སྒུག་པ་བཞིན་ཁ་པར་གྱི་མཛེས་མར་བསྒུགས་ནས་ཡོད།  མཚན་མོའི་སྨག་དང་སྦྱིབས་ནས་ཁ་པར་གྱི་མཛེས་མར་བསྒུགས་ནས་ཡོད།  ཉིན་མོའི་སློབ་ཁྲིད་གཡུགས་ནས་ཁ་པར་གྱི་མཛེས་མར་བསྒུགས་ནས་ཡོད།   ཞི་ལས་བྱི་བར་སྒུག་པ་བཞིན། ནེ་ལེས་ཨབ་ཤར་སྒུག་པ་བཞིན། མཛེས་མ་བཙལ། མཛེས་མར་བསྒུགས། 
        འོན་ཏེ།  ཁོའི་ཁ་པར་ནམ་ཡང་ཁ་རོག་གེར་ལུས།
         དེ་བས། ཁོ་རང་ཉིད་ཀྱིས་རྟོགས་པའི་གནས་ལུགས་དེར་ཐེ་ཚོམ་ཞིག་སྐྱེས་ལ།  ཐ་ན་གནས་ལུགས་ཞེས་པ་འདི་མདོར་དེད་ན་གནས་ལུགས་ཤིག་མིན་པའི་ཡིད་ཆད་ཅིག་ཀྱང་སྐྱེས། མཚམས་རེར་རང་ཉིད་ཀྱི་ཁ་པར་འདིའི་མོ་གཡང་ཤོར་སོང་བར་ཡང་དོགས། དེར་མ་ཟད།  ཉེ་འཁོར་གྱི་ཁ་པར་གཏོང་མཁན་དེ་ཚོས་ཀྱང་ཚུལ་འཆོས་ཀྱི་འཁྲབ་སྟོེན་བྱེད་པ་ལས། དོམ་དམ་པར་མཛེས་མ་ཞིག་ཕར་ཞོག་ཕག་མ་ཞིག་ཀྱང་མེད་པར་སྙམ། དེར་བརྟེན། ཁོས་ཀྱང་མཛེས་མར་གཏོང་བཞིན་པའི་ཟོལ་གྱིས་ནམ་ཡང་ཕ་ཡུལ་དུ་ཁ་པར་བཏང་ནས་བསྡད། 
       ཁོ་དང་ཁོའི་ཁ་པར་གཉིས་ཀྱིས་སྟོན་མཇུག་ཅིག་ནས་དགུན་དཀྱིལ་ཞིག་ཏུ་བསྒུགས། འོན་ཏེ།  མཛེས་མ་ཞེས་པ་གང་ཞིག་ཏུ་འཛུལ་སོང་བ་ལྟར་རེག་རྒྱུ་གཏན་ནས་མ་བྱུང་།
       དེ་བས།  ད་ལོའི་དགུན་འདི་ཁོར་ཧ་ཅང་འཁྱགས། 
        ལྟུང་ལོ་དང་སེམས་པ་རླུང་གིས་ཁུར་ནས་འཕུར་མ་ལྡིང་།  འཁྱགས་ཤིང་སྐམ། 
     ལམ་འགྲམ་གྱི་ཤིང་ལོའི་ཕོན་པོ་རྡོག་ཐོས་གཏོར་བཞིན་ཁོ་རང་དམིགས་མེད་དུ་འགྲོ་བཞིན་འདུག ལག་ཟུང་ཁུག་མར་བཅུག  མགོ་བོ་བྲང་ཁར་དམད། ཁ་པར་ལག་པས་བཅངས་ནས་འགྲོ་བཞིན་འདུག ཉེ་འཁོར་གྱི་ཁ་པར་གཏོང་མཁན་ཚོར་འཚིག་པ་ཟ་བཞིན་ད་དུང་མུ་མཐུད་དུ་འགྲོ་བཞིན་འདུག 
         གློ་བུར་དུ། ཁོའི་འགྲོ་མཚམས་ཆད་སོང་། 
         རྒྱུ་མཚན་ནི།  ལག་མཐིལ་ནས་དཔུང་བའི་བར། དེ་ནས་ཀླད་པའི་དབང་རྩ་དང་ཡན་ལག་གཞན་དག་མ་ལུས་པར་ས་འགུལ་ལྟ་བུ་ཞིག་བརྒྱུགས་སོང་། ས་འགུལ་ཡིན་ནམ། ཁོ་ལ་ཐོལ་བྱུང་གི་ཞེད་སྣང་ཞིག་སྐྱེས། གནམ་ས་གཡོ་བར་བྱེད་པའི་གཡོ་འགུལ་ཞིག་གིས་ཁོའི་རྒྱུན་ལྡན་གྱི་བསམ་བློའི་འཁོར་རྒྱུགས་གཏོར་སོང་བས། ཁོ་རང་རེ་ཞིག་ལྷགས་རླུང་གིས་དཀག་པའི་ཤ་ཁྲག་གི་ཐོ་ཡོར་ཞིག་ཏུ་གྱུར་སོང་།
        གང་ལྟར།  ཚོར་འདུ་དྲག་པོ་ཞིག་མཆིལ་མ་ཞིག་དང་མཉམ་དུ་མིད་རྗེས།  ཁོས་དྲོད་རླངས་ལྡང་བའི་ལག་པ་ཁུག་མ་ལས་ཕྱིར་བཏོན་ཙ་ན།  ད་གཟོད་ད་ཅིའི་ས་འགུལ་ལྟ་བུ་དེ་ཁ་པར་གྱི་འདར་འགུལ་ཡིན་པ་གཞི་ནས་རྟོགས་སོང་། 
        དེ་ནི་ཏག་ཏག་འདར་འགུལ་ཙམ་ག་ལ་ཡིན།  དོན་དམ་པར་དེ་ནི་བརྩེ་དུང་གི་འཕག་འཚག་ཐེངས་ཤིག་རེད།  
“ཁོམ་པ་ཨེ་ཡོད། ”
འཕྲིན་ཐུང་འདི་མཐོང་མ་ཐག  ཁོས་ཕ་རོལ་བོ་སུ་ཡིན་མ་དྲིས་ལ།  དོན་དག་ཅི་ཞིག་ཡོད་མེད་ཀྱང་མ་བལྟས།  ཐ་ན་ཕོ་མོ་གང་ཡིན་ཡང་འདྲི་རྒྱུ་བརྗེད་ནས་ཁོམ་པ་ཡོད་ཅེས་པའི་ལན་ཞིག་བསྐུར།  འོན་ཏེ།  ཕོ་མོ་སུ་ཡིན་ལ་ཁོར་སྔ་མོ་ནས་ཚོར་བ་རྣོན་པོ་ཞིག་གི་གདེང་ཚོད་ཡོད།
ཁོའི་ཚོར་བ་དེ་དངོས་གནས་གཟུ་བར་འདུག འཕྲིན་ཐུང་སྐུར་མཁན་ནི་བུ་མོ་ཞིག་ཡིན་པར་མ་ཟད། ཁོ་ཚོའི་འཛིན་གྲྭའི་རེད། 
“ང་ཨ་འཚོ་ཡིན།  དཀྱིལ་རྒྱུགས་ཀྱི་དཔྱད་རྩོམ་དེ་བྲི་དགོས་པས། རོགས་ཤིག་བྱས་ན་ཇི་འདྲ་རེད།  ”
ཨ་འཚོར་མོ་སྒོ་ཡ་མཚན་ཞིག་མེད་ལ།  སློབ་སྦྱོང་ཡང་ཧ་ལས་པ་ཞིག་མིན་པས།  འཛིན་གྲྭའི་མཛེས་མའི་ཨང་རིམ་ཁྲོད་ཀྱང་ཆེས་གྲལ་མཐའ་རུ་ལྷུང་ལ་ཁད་ཀྱིས་འཐམས་ནས་ཡོད་པའི་སྐོར་དེ་ཡིན་ངེས། ཁོར་མཚོན་ན་ཨ་འཚོ་ནི་ཆེས་ཐོག་མའི་མཛེས་མ་དེ་ཡིན་ལ།  ཁོའི་ཁ་པར་ལ་མཚོན་ན་ཨ་འཚོ་ནི་ཆེས་ཐོག་མར་མཛེས་མའི་གཡང་དེ་སྟེར་མཁན་ཡིན་པས།  ཁོ་དང་ཁོའི་ཁ་པར་གྱིས་ཁ་ཡ་མི་བྱེད་པའི་སྟོབས་ཤིག་གང་ནས་བཙལ་ཨང་། 
ཨ་འཚོའི་འཕྲིན་ཐུང་འདིའི་དམིགས་ཡུལ་ཧ་ཅང་གསལ་ཡང་།  ཁོས་དེ་ནི་བུད་མེད་འདོད་ཆགས་ཅན་གྱི་ཁ་གཡོར་ས་ཙམ་ཡིན་སྙམ།  དེ་བས་ཁོང་དགོད་ཅིག་དང་ཡིག་རྡོག་ཅིག་བློ་ཐག་རྦད་ཆོད་ཀྱིས་ཕྱིར་ལན་དུ་བསྐུར་སོང་སྟེ། ཡ།
དེ་ནས་བཟུང་།  ཁོས་ཨ་འཚོ་ལ་དཔྱད་རྩོམ་བྲིས།  སྟོང་བསམ་བཅངས།  འཕྲིན་ཐུང་བསྐུར།  རེ་སྒུག་བྱས།  ཁོ་དང་ཁོའི་ཁ་པར་ལ་གཞི་ནས་ལས་ཀ་ཞིག་བསྒྲུབ་རྒྱུ་ཡོད་པར་གྱུར།  དེ་ནས་བཟུང་།  ཁོས་ཀྱང་སློབ་གྲོགས་གཞན་གྱིས་རང་ཉིད་ལ་དོགས་པ་ཟ་བཞིན་པའི་ཚོར་བ་དེ་རོལ་མྱོང་བྱེད་ཐུབ་པར་གྱུར་ལ།  ཁ་པར་ཡོད་ན་མཛེས་མ་ཡོད་པའི་གནས་ལུགས་དེར་ཡང་ཡིད་རྟོན་རྡོ་ལྟ་བུ་ཞིག་སྐྱེས། 
འདི་ལྟར་ཁོ་དང་ཁོའི་ཁ་པར་ལ་བརྩེ་དུང་གི་ཁ་ཕྱོགས་ཤིག་ཡོད་ནས་ཅང་མ་འགོར་བར། ཁོའི་ཁ་པར་གྱིས་འཕག་འཚག་ཐེངས་གཉིས་པ་དེ་བརྒྱབ་སོང་།
“ཁོམ་པ་ཨེ་ཡོད། ”
“སུ་ཡིན། ”
ཁོ་རང་ཨ་འཚོའི་དཔྱད་རྩོམ་ལ་བྲེལ་བ་ཆེ་བས་འདི་ལྟར་སུན་སྣང་ཞིག་གིས་ཕྱིར་ལན་ཙམ་བསྐུར།
“ཁྱི་མོ་ཐར་ཡིན། དཀྱིལ་རྒྱུགས་ཀྱི་དཔྱད་རྩོམ་དེ་བྲི་དགོས་པས།  རོགས་ཤིག་བྱས་ན་ཇི་འདྲ་རེད། ”
འཕྲིན་ཐུང་འདི་འབྱོར་མ་ཐག ཁོས་ཨ་འཚོར་དཔྱད་རྩོམ་འབྲི་བའི་སྨྱུག་རྩེ་དེ་གློ་བུར་དུ་ཁྱི་མོ་ཐར་ཞེས་པའི་མིང་འདིར་ཐོགས་བྱུང་། རྒྱུ་མཚན་ནི་ཁྱི་མོ་ཐར་ལ་སློབ་སྦྱོང་གི་ཕྱོགས་ནས་གཞན་ལ་ངོམ་རྒྱུ་ཞིག་མེད་ཀྱང་།  ཡག་མོ་སྒོའི་ཕྱོགས་ནས་ཅིས་ཀྱང་འཛིན་གྲྭའི་བུ་མོ་གཞན་ཚོར་གནོན་ཤུགས་ཐེགས་དཀའ་བ་ཞིག་སྟེར་ངེས།  ཁྱད་པར་དུ་ཁོ་མོས་ཁོ་རེ་ཡའི་རྣམ་པའི་ལྭ་བ་ཞིག་གྱོན་པའི་ཚེ་སྐྱེས་པ་སུས་ཀྱང་རང་ཉིད་ཀྱི་ཡོད་ཚད་བསྟིམས་ནས་ཁོ་མོ་ཨེ་འཐོབ་ལ་བརྩོན་པར་ཐེ་ཚོམ་ཅི་ཡང་མེད། ད་དུང་མིག་གི་ལྟ་ཕྱོགས་དེ་དང་།  གོམ་པའི་སྤོ་སྟངས་དེ།  གདོང་གི་འཛུམ་པ་དེ་་་་་་་་་ཡོད་ཚད་མེ་ཏོག་ཅིག་རེད། ཚང་མ་སྙན་ངག་ཅིག་རེད། ཡང་ན་གསེར་་་དངུལ་་་་་ཨ་སྒོར་ལྟ་བུ་ཞིག་་་་་་་
འདི་ལྟར་སེམས་བཞིན་ཁོས་རང་དབང་མེད་པར་མདུན་གྱི་འབྲི་དེབ་དེ་ལོགས་སུ་གཡུགས་ནས། ལོགས་ཀྱི་ཁ་པར་དེ་ལག་ཏུ་བཟུང་བྱུང་སྟེ།  “ཆོག་གི་ ”
དེ་ནས་བཟུང་།  ཁོའི་ཨ་འཚོ་དང་།  ཨ་འཚོའི་འཕྲིན་ཐུང་།  ཨ་འཚོའི་དཔྱད་རྩོམ་སོགས་ཁ་པར་ལས་བསུབས་སོང་ལ། སེམས་ངོ་ནས་ཀྱང་བརྣོགས་སོང་། དེའི་ཚབ་ཏུ་ཁྱི་མོ་ཐར་དང་ཁྱི་མོ་ཐར་གྱི་འཕྲིན་ཐུང་།  ཁྱི་མོ་ཐར་གྱི་དཔྱད་རྩོམ་བཅས་དང་དུ་བླངས།  
དེ་ནས་བཟུང་།  ཁོས་ཁྱི་མོ་ཐར་གྱི་ཚབ་ཏུ་དཔྱད་རྩོམ་བྲིས་ལ།  ཁྱི་མོ་ཐར་གྱི་ཚབ་ཏུ་དཔེ་ཆ་མང་བོ་བཀླགས།  ཐ་ན་ཁྱི་མོ་ཐར་གྱི་ཚབ་ཏུ་དཔེ་མཛོད་ཁང་དུའང་སོང་བ་རེད།  ཉིན་གང་བོར་ཁྱི་མོར་ཐར་གྱི་དཔྱད་རྩོམ་ལ་དཀའ་ལས་གྲངས་མེད་མྱངས་ནས་དགོང་མོ་ཕྱིར་ལོག་དུས། ཁོར་ཁྱིམ་ཚང་ཞིག་གི་ཆེད་ཏུ་རང་ཉིད་སྟིམ་བཞིན་པའི་དགའ་ཚོར་ཞིག་ཡོད་ཀྱང་།  གད་སྙིགས་དང་འཁྱགས་སྣང་གིས་ཁེངས་པའི་མལ་ཁང་དུ་སླེབས་ཐེངས་རེར་ཁོས་ཅིས་ཀྱང་གྲང་འདར་རེ་རྒྱག་དགོས་པར་གྱུར།  སྐབས་དེར་ཁོས་ད་གཟོད་མ་གཞི་རང་ཉིད་ངལ་དུབ་ལྕི་མོ་ཞིག་གིས་བསྒྱེལ་ལ་ཉེ་བ་ཚོར།  ཡིན་ཡང་། ཁོར་མལ་ས་དྲོན་པོ་དེ་རུ་དབུགས་ངལ་ཐེངས་ཤིག་གསོ་བའི་གོ་སྐབས་ཤིག་གང་ན་ཡོད།  རྒྱུ་མཚན་ནི་ཁོས་ཁྱི་མོ་ཐར་ལ་འཕྲིན་ཐུང་བསྐུར་དགོས་པ་རེད། 
མི་གཉིས་ཀྱི་སློབ་སྦྱོང་མི་གཅིག་གིས་བྱེད་པ་ནི་ཧ་ཅང་ཚེགས་ཆེ་བ་ཞིག་ཡིན་ཡང་། མཚམས་རེར་ཁྱི་མོ་ཐར་གྱི་འཕྲིན་ཐུང་ལས་བརྩེ་དུང་གི་དྲི་མ་ཙམ་རེ་བསྣོམ་ཐུབ་པར་གྱུར་ན།  ཁོར་ལུས་སེམས་གཉིས་ཀྱི་ངལ་དུབ་ཡོད་ཚད་ལྷག་ལུས་མེད་པར་བྱབས་འགྲོ་བའི་སྣང་བ་ཞིག་སྐྱེ་བཞིན་ཡོད།  དེ་བས།  ཏག་ཏག་ཚོར་སྣང་དེའི་ཆེད་དུ་ཁོས་རང་ཉིད་ཀྱི་ཡོད་ཚད་སྟིམ་བཞིན་འདུག
ཁ་པར་ནས་ཁ་པར་ཞིག་གི་བར་དུ་གཟུགས་མེད་ཀྱི་ཟམ་ཆུང་ཞིག་ཡོད་ལ།  ཟམ་ཆུང་དེ་བརྒལ་དགོས་ན་ངེས་པར་དུ་ཐོབ་ཐང་དཔང་ཡིག་ཅིག་མཁོ་བ་རེད།  ཁོར་མཚོན་ན་དཔང་ཡིག་དེ་ནི་དཔྱད་རྩོམ་དེ་རེད།  དེར་བརྟེན།  དཔྱད་རྩོམ་དེ་མྱུར་མོར་འཚག་ཆེད།  ཁོས་ཉི་མ་བརྟོད་འདོད་ལ།  ཁོ་དུས་ཁབ་ལ་འཇུ་ཡང་བསམས་མྱོང་། 
དེར་མ་ཟད། དཔྱད་རྩོམ་འཚག་སོང་བ་ཏག་ཏག་དཔྱད་རྩོམ་འཚག་སོང་བ་ཙམ་ག་ལ་ཡིན། དཔྱད་རྩོམ་འཚག་སོང་ན་བརྩེ་དུང་འཚག་སོང་བ་རེད།  མཛེས་མ་འཚག་སོང་བ་རེད།  ངོ་སོའང་འཚག་སོང་བ་རེད།  ད་དུང་་་་་་གང་ལྟར།  དཔྱད་རྩོམ་འཚག་སོང་ན་ཁོས་ཆེས་མ་མཐར་ཡང་དཔྱད་རྩོམ་ལ་ཁ་གཡར་ནས་ཁྱི་མོ་ཐར་དང་དུས་གདབ་ཆོག་པས།  འདི་ལྟར་དྲན་ཚེ་ཁོས་གཉིད་ཁོང་ཡིན་ཡང་ཧར་སད་ཅིག་རྒྱག་ངེས། 
འོན་ཏེ།  དཔྱད་རྩོམ་འཚག་ལ་ཉེ་ནས། ཁ་པར་གྱི་མཛེས་མ་དེ་མི་འགྱངས་པར་མངོན་སུམ་གྱི་དགའ་གྲོགས་སུ་གྱུར་ལ་ཁད་དེར།  ཁོའི་ཁ་པར་གྱིས་འཕག་འཚག་ཐེངས་གསུམ་པ་དེ་བརྒྱབ་སོང་།
“ཁོམ་པ་ཨེ་ཡོད། ”
འཕྲིན་ཐུང་འདིར་ལྟ་དུས་ཁོར་མཛེས་མ་ཆ་མེད་ཅིག་གི་ངོ་གདོང་ལ་ལྟ་བཞིན་པའི་དངངས་འཚུབ་ཅིག་སྐྱེས་བྱུང་ལ།  ཡང་སྙིང་སུ་ཞིག་ཡིན་ནམ་ཞེས་པའི་བསླུ་བྲིད་འདིས་ཕྱིར་ལན་སྟབས་བདེ་ཞིག་མི་སྐུར་ཡང་ཐབས་མེད་དུ་གྱུར།
“སུ་ཡིན། ”
“ཨ་ཡག་ཡིན་ཡ།  དཀྱིལ་རྒྱུགས་ཀྱི་དཔྱད་རྩོམ་བྲི་དགོས་པས། རོགས་ཤིག་བྱས་ན་ཇི་འདྲ་རེད།”
 ཨ་ཡག་ཅེས་པའི་མིང་འདི་མཐོང་མ་ཐག  ཁོས་ཁྱི་མོ་ཐར་གྱི་དཔྱད་རྩོམ་རེ་ཞིག་ལོགས་སུ་བསྐྱུར་དགོས་བྱུང་། རྒྱུ་མཚན་ཨ་ཡག་ཞིང་གྲོང་ནས་ཡོང་བ་མ་གཏོགས། མོ་སྒོ་དང་སློབ་སྦྱོང་གང་ཐད་ནས་ཀྱང་འཛིན་གྲྭའི་མཛེས་མའི་ཨང་རིམ་ཁྲོད་ཆེས་མཐོ་ས་དེར་བརྟན་པོར་འགྲེང་མཁན་དེ་ཡིན་ངེས།
ཨ་ཡག་སློབ་སྦྱོང་ལ་དེ་འདྲ་བཟང་ཡང་། ད་དུང་རང་ཉིད་ལ་དཔྱད་རྩོམ་ཕྲིས་ཟེར་བ་ནི་དངོས་གནས་བུད་མེད་ཚོའི་འདོད་ཆགས་ཀྱི་ཁ་གཡོར་ས་ཤ་སྟག་ཅིག་ཡིན་པས།  ཁོའི་སེམས་སུ་ད་ནི་ཁོ་དང་ཁོའི་ཁ་པར་ལ་དངོས་གནས་མོ་གཡང་འཁོར་འདུག་པར་སྙམ།
“ཁྱོད་སློབ་སྦྱོང་ལ་དེ་འདྲ་བཟང་བས་ང་ལྟ་བུ་ཞིག་གིས་རོགས་བྱ་དགོས་སམ།”
“ང་རྒྱུགས་བླངས་ན་དཔའ་བ་ལས། རྩོམ་བྲིས་ན་གཉོམ་པ་ནི་ཁྱོས་ཀྱང་ཤེས་གསལ་རེད།  རོགས་བྱའམ་མི་བྱ།”
ཨ་ཡག་ཟེར་བ་འདི་མོ་ཡག་ཅིག་ཡིན་པར་མ་ཟད་རིག་ཡག་ཅིག་ཀྱང་རེད་ཨང་།  ཐ་ན་ཁ་གཡོར་ས་ཙམ་ལའང་འདི་འདྲའི་གནས་ལུགས་ཤིག་བཤད་རྒྱུ་འདུག ཁོས་འདི་ལྟར་སེམས་བཞིན་ཨ་ཡག་གི་འཕྲིན་ཐུང་ལ་དབྱེ་ཞིབ་སྟབས་བདེ་ཞིག་བྱས་པ་རེད།  ཨ་ཡག་གི་རིག་པར་མཚོན་ན་རྒྱུགས་གཞིའི་དཔྱད་རྩོམ་ཙམ་བྲི་བར་དེ་འདྲའི་དཀའ་ལས་ཤིག་ཡོད་མི་སྲིད་ཀྱང་།  ད་དུང་ང་ལ་དཔྱད་རྩོམ་ཕྲིས་ཟེར་བ་ནི་ཏག་ཏག་ང་དང་འབྲེལ་འདྲིས་བྱ་འདོད་པའི་ཁ་གཡོར་ས་ཙམ་ཡིན་པ་ཁོ་ཐག་རེད། དེར་མ་ཟད་རྩོམ་འབྲི་མི་ཤེས་ཚེ་འཛིན་གྲྭའི་གསར་བུ་གཞན་དག་ལའང་རེ་བ་ཞུས་ཆོག་མོད།  འོན་ཀྱང་།  ཏག་ཏག་ང་ལ་རེ་བ་ཞུ་བ་ནི་བརྡ་ཅི་ཞིག་གཏོང་བཞིན་པ་མངོན་གསལ་རེད། 
ཁོས་འཕྲིན་ཐུང་འདིར་བསྐྱར་ལྟ་ཞིག་བྱས་ནས་ཁ་པར་གྱི་མཛེས་མའི་ཚོགས་ལ་ཁོང་དགོད་ཅིག་ཀྱང་བྱས་སོང་སྟེ། ཨ་ཧ་ཧ__    བུད་མེད་ཨ་བུད་མེད།  ཁྱེད་ནི་དངོས་གནས་ཇི་འདྲའི་ཕྱིར་འབུད་རྒྱུ་མེད་པའི་བརྩེ་དུང་གི་སློང་མོ་བ་ཞིག་རེད་ཨང་། 
དེ་ལྟར་ཁོས་ཁྱི་མོ་ཐར་གྱི་དཔྱད་རྩོམ་འགྲུབ་ལ་ཁད་དེར་ལྟ་ཙམ་བྱས་ཤིང་།  དེ་ནས་སླར་ཡང་ཨ་ཡག་གི་འཕྲིན་ཐུང་དེར་ལྟ་ཙམ་བྱས་རྗེས།  མིག་འབྲས་རྫི་མེད་དེ་གཉིས་ཨ་ཡག་གི་ཡག་ཅེས་པའི་ཡིག་རྡོག་དེ་ལས་ཐར་ཐབས་མ་རྙེད་ལ།  ཡ་ཞེས་པའི་ཕྱིར་ལན་ཞིག་ཀྱང་ཇི་ལྟར་བསྐུར་ཟིན་པའང་མ་ཤེས། 
དེ་ནས་བཟུང་།  ཁོའི་འཇིག་རྟེན་དུ་ཁྱི་མོ་ཐར་ནམ་ཡང་ཁྱི་མོའི་ལས་དབང་ལས་ཐར་མ་ཐུབ་ལ།  ཁྱི་མོ་ཐར་གྱི་དཔྱད་རྩོམ་དང་བརྩེ་དུང་སོགས་ཀྱང་ཁྱི་སྐྱག་བཞིན་རང་ཉིད་དང་ཆེས་རིང་ས་དེར་དེད་ནས་ཡོད།  དེ་ནས་བཟུང་།  ཁོས་ཡང་བསྐྱར་བརྩེ་དུང་གི་དཔྱད་རྩོམ་ཞིག་འབྲི་མགོ་བརྩམས་ལ།  ཁོར་མཚོན་དེ་ནི་དངོས་གནས་བརྩེ་དུང་གི་དཔྱད་རྩོམ་ཞིག་ཡིན་པ་ལས་རྒྱུགས་གཞིའི་དཔྱད་རྩོམ་ཞིག་ཡིན་མི་སྲིད། ཁོས་ཨ་ཡག་གི་དཔྱད་རྩོམ་དུ་འབྲི་བཞིན་པའི་ཡིག་རྡོག་རེ་ནི་དོན་ངོ་མར་ཁོས་སེམས་ཁོང་ནས་འབྲི་འདོད་པའི་ཨ་ཡག་རེ་ཡིན་ལ།  ཁོས་བྲིས་ཟིན་པའི་ཡིག་རྡོག་རེའི་ཚེག་བར་ནི་དོན་དམ་པར་ཨ་ཡག་གི་ཡག་འཚོལ་བའི་གོ་རིམ་རེ་ཡིན་ངེས། 
  དེ་ནས་བཟུང་།  ཁོས་ཏག་ཏག་ཨ་ཡག་གི་ཡག་གི་ཕྱིར་དུ་རང་ཉིད་ཧྲིལ་བོ་སྟིམ་བཞིན་འདུག  ཉིན་མོར་དཔེ་མཛོད་ཁང་དང་མལ་ཁང་གི་ལམ་དུ་ཁོའི་རྐང་བ་གཉིས་བྲེལ་བྲེལ་འཚུབ་འཚུབ་བྱེད་ལ།  དགོང་མོར་སྟེགས་སྒྲོན་དང་འབྲི་ཤོག་གི་བར་ན་ཁོའི་ལག་པ་དེ་བྲེལ་བྲེལ་འཚུབ་འཚུབ་བྱེད།  དེ་ལྟར་བྲེལ་བྲེལ་འཚུབ་འཚུབ་ཀྱི་བར་གསེང་ན་ཁོའི་སྨྱུག་རྩེ་ཤོག་ངོས་ན་ཟད་བཞིན་ཡོད་ལ།   ཁོའི་ལྷམ་མཐིལ་ལམ་སྟེང་ན་རྡོལ་བཞིན་ཡོད།  རང་ཉིད་ཀྱང་དེ་དང་ཆབས་ཅིག་གང་ཞིག་ནས་ཟད་ནས་ཅི་ཞིག་བརྡོལ་ཏེ་ཚར་བཞིན་པའི་ཉམས་སྣང་རེ་སྐྱེས།  ཡིན་ཡང་།  མཚམས་རེར་ཐོལ་བྱུང་གིས་འབྱོར་བའི་ཨ་ཡག་གི་འཕྲིན་ཐུང་རེས་ཁོའི་སེམས་ཀྱི་ཚེགས་སྣང་དང་ལུས་ཀྱི་ངལ་དུབ་ཡོད་ཚད་དེ་མར་རིང་དུ་བསྐྲད་འགྲོ་བས། ཤུལ་དུ་ལྷག་ཡོད་པ་ནི་ཨ་ཡག་གི་ཆེད་དུ་རྒྱུགས་གཤིན་རྗེ་འཕྲང་དང་རྒྱོབས་ཨ་ཕའི་མགོ་ཡིན་པའི་གསར་བརྗེ་འཐབ་མོ་བ་བློ་དཀར་ཞིག་རེད། 
ལྷག་པར་དུ་མཚམས་རེར་ཨ་ཡག་གིས་སློབ་གྲོགས་མང་བོའི་སྔུན་དུ།རང་ཉིད་ལ་ཁ་རེ་གྲགས་པའམ་འཛུམ་རེ་བཏོད་པ།  ཡང་ན་ལམ་བར་ནས་མཚམས་འདྲི་རེ་བྱས་སོང་ཚེ།  ཁོའི་སྙིང་གི་རྩ་ལམ་རེ་ནས་དྲོད་ཁོལ་འཁྱིལ་བའི་ཚ་རླབས་ཤིག་ལྡང་འོང་ལ།  ཚ་རླབས་དེའང་མྱུར་མོར་མཁུར་མགོར་འཚངས་ནས་དམར་མདངས་ཅན་གྱི་ལ་རྒྱ་ཞིག་ཏུ་ཆགས་འགྲོ།  
གང་ལྟར།   ཨ་ཡག་གི་ཡག་དེའི་ཆེད་དུ་ཁོས་རང་ཉིད་སྟིམ་བཞིན་ཡོད་ལ་འཐིམ་བཞིན་ཡང་ཡོད། 
དེ་ལྟར་གཟའ་འཁོར་གཅིག་རིང་ལ་འབད་འབུངས་བྱས་མཐར།ཁོས་ཨ་ཡག་གི་དཔྱད་རྩོམ་ཡོངས་སུ་འཚག་སོང་ལ།  དེ་དང་མཉམ་དུ་རང་ཉིད་ལ་དབང་བའི་ཨ་ཡག་ཅིག་ཀྱང་ཕལ་ཆེར་འཚག་ལ་ཉེ་བས། གཟའ་སྤེན་པའི་དགོང་མོ་དེར། ཁོས་ལུས་ཕུང་འཁྲུད་བཞིན་འདུག  ངོ་དགོང་འཁྲུད་བཞིན་འདུག ཁ་ནང་ཡང་འཁྲུད་བཞིན་འདུག ད་དུང་མཛུབ་མོའི་སེན་མོ་དེ་དག་ཀྱང་ག་ལེར་ས་རུ་ལྷུང་བཞིན་འདུག
འོན་ཏེ།  ཁོས་དཔྱད་རྩོམ་དང་རེ་བ་ཆེན་པོ་ཞིག་མཆན་དུ་བཙིར་ནས་ཨ་ཡག་ལ་ཁ་པར་གཏོང་གྲབས་སུ།  ཁོའི་ཁ་པར་གྱིས་གློ་བུར་དུ་འཕག་འཚག་ཐེངས་བཞི་བ་དེ་བརྒྱབ་སོང་། 
“ཁོམ་པ་ཨེ་ཡོད། ”
ཏག་ཏག་བྲེལ་འཚུབ་ཆེ་བའི་དུས་འདིར། བསམ་གཟས་ནས་ཁོམ་ལོང་ཡོད་མེད་འདྲི་བའི་འཕྲིན་ཐུང་འདི་མཐོང་མ་ཐག  ཁོ་རང་ཐོག་མར་འཚིག་པ་ཟ་བ་ཞིག་ཡིན་མོད། འོན་ཏེ།  ཉིན་འདི་ཚོར་ཁོ་དང་ཁོའི་ཁ་པར་ལ་དངོས་འབྲེལ་མོ་གཡང་འཁོར་འདུག་པ་དེ་དྲན་ཚེ།  འཕྲིན་ཐུང་འདི་དེ་ལྟར་སྣང་མེད་དུ་བསྐྱུར་བར་གློ་བུར་བའི་ཕངས་སེམས་ཤིག་སྐྱེས་བྱུང་། དེ་བས་ཁོས་ཇི་མི་སྙམ་པའི་ཚུལ་གྱིས་སུ་ཡིན་ཞེས་པའི་ལན་ཞིག་བསྐུར། 
 “བྱ་མོ་འཚོ་ཡིན།   བལྟས་ཡོང་ན་བྲེལ་འཚུབ་ཆེ་བར་འདུག་ཨང་། ཅི་རེད། དུས་ཆད་ལ་འགྲོ་བཞིན་ཡོད་དམ། ”
བྱ་མོ་འཚོ་ཞེས་པའི་ཡིག་རྡོག་འདི་ཚོས་ཁོའི་སེམས་ངོས་སུ་འདྲ་པར་ཡིད་འོང་ཞིག་བཀལ་སོང་སྟེ། གང་ཞིག་ན་འཛུམ་དམུལ་ལེར་བལྟས་འདུག་པའི་ཡིད་འོང་མ་ཞིག  གང་ཞིག་ན་ལྡེམ་ལྕུག་ལྕུག་གིས་འགྲོ་བཞིན་པའི་སྙིང་སྡུག་མ་ཞིག གང་ཞིག་ན་གསལ་ལྷང་ངེར་དགོད་བཞིན་པའི་རྩེ་དགའ་མ་ཞིག ངོ་མ།  བྱ་མོ་འཚོ་ནི་ཁོ་ཚོའི་འཛིན་གྲྭར་སློབ་སྦྱོང་བཟང་ལ།  མོ་སྒོ་ཡང་འཛོམས་པར་མ་ཟད། གོ་ཐོས་ལྟར་ན་ཁོ་མོའི་ཕ་རྒན་ནི་ཁུལ་རིམ་པའི་ལས་བྱེད་པ་ཞིག་ཡིན་པར་གྲགས་པས།  ཁྱིམ་ཚང་གི་ཆ་རྐྱེན་ཡང་ཨ་ཡག་སོགས་དང་བསྡུར་ཐབས་མེད།  དེ་བས་ཁོ་མོ་ནི་འཛིན་གྲྭའི་མཛེས་མ་ཀུན་གྱི་གསེར་ཏོག་ཡིན་ལ།   འཛིན་གྲྭའི་ཕོ་གསར་རྣམས་ཀྱི་མེ་ཏོག་ཡིན།
བྱ་མོ་འཚོའི་ངོ་གདོང་གིས་ཁོའི་སེམས་ཀྱི་ཨ་ཡག་གི་ངོ་གདོང་མ་གེ་མོག་གེ་ཞིག་ཏུ་བཏང་འགྲོ་ལ།  དེ་བས་ཀྱང་བྱ་མོ་འཚོའི་ངོ་གདོང་གི་ཕག་ནས་ཁོ་མོའི་ཕ་རྒན་གྱི་ངོ་གདོང་སྣུམ་རླུགས་མ་དེ་མཐོང་འོང་བས།  ཁོའི་མཆན་འོག་ཏུ་བཙིར་བའི་དངོས་པོ་དེར་ལྗིད་ཤུགས་ཅི་ཡང་མེད་པར་གྱུར།    
དེ་མ་ཐག  ཁོས་ཁ་ཚོན་གང་ཞིག་མ་ཁ་རུ་སོ་རྣོན་གྱིས་བཅད་རྗེས།  ཕྱིར་མལ་ཁང་དུ་ལོག་ཅིང་།  གསེར་མི་མགོ་འདྲ་ཞིག་རྙེད་སོང་བ་ལྟ་བུའི་འཚུབ་སྣང་ཞིག་གིས་མགྲིན་པ་བརྣངས་ནས་ཐོན་ཀྱང་།   བྱ་མོ་འཚོའི་འཕྲིན་ཐུང་འབྱོར་འདུག་པའི་ཁ་པར་དེ་སྙིམ་པ་རུ་སེམས་ཆུང་གིས་བསྐྱོར་བཞིན།  འཕྲིན་ཐུང་སྐུར་བར་བྱང་བའི་སོར་མོ་རྣམས་ཁ་པར་གྱི་ཕབ་གཞོང་དུ་རིམ་པར་བཙུགས་བྱུང་།  སྐབས་དེར་ཤོག་ལྷེ་འགའ་ཕྱི་རོལ་གྱི་ལྟུང་ལོ་དང་འདྲ་བར་ཁོའི་མཆན་འོག་དྲོན་མོ་ནས་ག་ལེར་ས་རུ་ལྷུང་སོང་ལ།  ཤོག་ལྷེ་ཐོག་མ་དེ་རུ་ཨ་ཡག་ཅེས་པའི་ཡིག་འབྲུ་གཉིས་བཀོད་ནས་འདུག   
དེ་ནི་ཏག་ཏག་ཤོག་ལྷེ་འགའ་ལྷུང་བ་མ་ཡིན་པར།  ཨ་ཡག་ལྷུང་སོང་བ་རེད་ལ།  དེའང་ཏག་ཏག་མཆན་འོག་ནས་ལྷུང་བ་ཞིག་མ་ཡིན་པར།  ཨ་ཡག་ཁོའི་སེམས་ཁོང་ནས་ལྷུང་སོང་བ་རེད།   
ཁོས་ཁ་པར་དུ་ཡིག་རྡོག་རེ་རེ་འཇུག་བཞིན་པའི་རྣམ་འགྱུར་དེར་དགོས་མེད་ཀྱི་ཧམ་སེམས་ཤིག་མངོན་ནས་འདུག་ལ། འགུལ་ཙམ་ཡང་མི་བྱེད་པའི་དམིགས་པ་རྩེ་གཅིག་གི་བཟོ་ལྟ་དེ་མཐོང་མ་ཐག  ཁོ་ནི་སྐད་ཅིག་ཉིད་ལ་ཁ་པར་དུ་འཛུལ་ལོས་འགྲོ་སྙམ་འོང་།
གང་ལྟར།  དེ་ནས་བཟུང་ཁོས་བྱ་མོ་འཚོ་ལ་འཕྲིན་ཐུང་སྐུར་མགོ་བརྩམས་བྱུང་ལ། དཔྱད་རྩོམ་འབྲི་མགོ་ཡང་བརྩམས་བྱུང་།     ཁོའི་བརྩོན་སེམས་ལ་སྔར་བས་ཀྱང་ངར་ཞིག་བསྣན་ཡོད་པ་སྨྲ་ཅི་དགོས།  དེ་ནི་བྱ་མོ་འཚོར་འཕྲད་སོང་བ་རེད་ཨང་། 
ངོ་མ།  མི་ཞེས་པ་འདི་དབུགས་ལྒང་ཞིག་དང་གཉིས་སུ་མ་མཆིས་ཏེ།  ཕྱིའི་ཀོ་སྐོགས་མ་བརྡོལ་བའི་བར་དུ།  འདོད་ཆགས་ཀྱི་དབུགས་ཇི་ལྟར་བརྒྱབ་ན་བརྩོན་འགྲུས་ཀྱི་ལྡང་ཤུགས་དེ་ལྟར་ཇེ་ཡོད་ནས་ཇེ་ཆེ་རེད།  
ཡང་གཟའ་འཁོར་གཅིག་འགོར་སོང་། ཁོས་ཀྱང་ཡང་བསྐྱར་དཔྱད་རྩོམ་ཞིག་འཚག་སོང་། 
དེ་བས་ཁོ་རང་དུས་ཆད་ཀྱི་ལམ་སྒྲོན་མག་མོག་དེའི་འོག་ཏུ་འགྲེང་ནས་འདུག  སྐབས་དེར་ཁོ་དང་ཁོར་ཡུག་གི་ཡོད་ཚད་སྨག་རབ་རུབ་ཅིག་གིས་གཅུད་ནས་འདུག་ལ།  རབ་རུབ་ཀྱི་མུན་ཁྲོད་དེ་ན་ལྷགས་རླུང་གིས་ས་རུ་དྲུད་ནས་འགྲོ་བཞིན་པའི་ལྟུང་ལོ་དེ་དག་ལས། ཡོད་ཚད་ཁུ་སུམ་མེར་འདུག དེ་ནི་ཕལ་ཆེར་ཁོ་དང་འདྲ་བར་བྱ་མོ་འཚོའི་གོམ་སྒྲར་མཉན་ནས་ཡོད་པ་འདྲ། 
མུན་སྨག་རབ་རིབ་དེ་དང་།  ལམ་སྒྲོན་མག་མོག་དེ། ད་དུང་རླུང་བུ་བསིལ་བསིལ་དེས་ཕར་འདེད་ཚུར་འདེད་བྱེད་བཞིན་པའི་ཤིང་ལོ་ཐར་ཐོར་དེ་ཚོ་་་་་་ཡོད་ཚད་ཅིས་ཀྱང་རོལ་དབྱངས་ཤིག་གི་འགྱུར་ཁུགས་སུ་བྱིང་ནས་ཡོད་ཨང་།  
ཁོས་བྱ་མོ་འཚོར་བཤད་རྒྱུའི་སྐད་ཆ་ཐོག་མ་དེར་གཞི་ནས་བསམ་བློ་བཏང་ཚར་ཡང་། ཁོ་མོ་ཚུར་ཡོང་བཞིན་པའི་སྣང་བརྙན་དེར་ཆ་འཇོག་མེད་པའི་བློས་བསླང་མང་དུ་བྱེད་བཞིན་འདུག  ཁོ་མོས་ལྭ་བ་ཅི་ཞིག་གྱོན་ཡོད་པ་དང་།  ཚུར་ཡོང་དུས་ལྷགས་རླུང་གིས་ཁོ་མོའི་སྐྲ་ལོ་ཕྱོགས་གང་ཞིག་ཏུ་འཁུར་སྲིད་པ།  གལ་སྲིད་ཀོ་ལྷམ་རྟིང་བཀྱགས་ཤིག་གྱོན་ཡོད་ཚེ།  དེའི་སྒྲ་ཇི་ལྟ་བུ་ཞིག་ཡིན་པ། ཁོ་མོ་མ་ཐོན་གོང་ཆེས་ཐོག་མར་ཚོར་འོང་བ་ནི་ཀོ་ལྷམ་གྱི་སྒྲ་ཡིན་ནམ།  ཁོ་མོའི་སྐད་ཡིན།  ཡང་ན་ལུས་ཀྱི་དྲི་ཞིམ་དེ་ཡིན་་་་་་་
 “ཝེ____ ”
  འབོད་སྒྲ་འདིས་ཁོར་དངངས་འདར་ཞིག་རྒྱག་ཏུ་བཅུག་ལ།  དངངས་འདར་དེ་དང་མཉམ་དུ་ཁོས་བློས་བསླང་ཡོད་ཚད་ཀྱང་བྱེ་མའི་འཆིང་བུ་བཞིན་ཞིག་སོང་། ཁོ་རང་ཕྱི་འཁོར་བ་ན།  ཁ་གཏད་ནི་བྱ་མོ་འཚོ་དང་།  ཁོ་མོའི་མིག་དྭངས་ཤ་ཅན།  གདོང་ནེམ་ཤ་ཅན།   སྐྲ་འཇམ་ཤ་ཅན་་་་་གང་ལྟར་མཛེས་སྡུག་ཅིག་དང་མཛེས་སྡུག་ཅིག་རེད།
ཁ་གཏད་ཀྱི་ཡོད་ཚད་ནི་མི་འགྱངས་པར་རང་ཉིད་ལ་དབང་འགྲོ་བ་དྲན་ཚེ། ཁོས་རང་དབང་མེད་པར་ཨག་རྒྱངས་ཐེངས་ཤིག་བྱེད་འདོད་ལ།  མཆོང་ལྡིང་ལན་འགའ་ཡང་བྱེད་འདོད། ཡང་ན་མཐའ་འཁོར་གྱི་ལྷགས་རླུང་དེ་ཡང་དྲོན་པོ་དྲོན་པོ་ཞིག་ཏུ་གྱུར་ནས་འདུག་པའམ།   མིག་མདུན་གྱི་འཇིག་རྟེན་འདིའང་སྐབས་དེར་ཇི་འདྲའི་ཡི་གར་འོང་བ་ཞིག་རེད་ཨང་སྙམ་བྱུང་། 
“ཨུན་་་་་་་ཁྱོད་རང་བསླེབས་བྱུང་ངམ་་་་ངས་ཁྱོད་གང་ནས་ཐོན་པའང་མ་ཤེས་་་་་”
“ཨེ་རེད།  ཧི་ཧི་་་་་་་་”
“ཨུན་་་་་་་་་་་་དཔྱད་རྩོམ་འདི་རེད།  ངས་བྲིས་ཚར་སོང་། ”
“འདི་འདྲའི་མགྱོགས་པ་ལ། རྗེས་ཕྱོགས་ནས་ཀྱང་ཁྱོད་ལ་འོ་བརྒྱལ་གཏོད་དགོས་རྒྱུ། ”
“དེ་འདྲའི་ཆ་མེད་མ་བྱེད་ཨང་།  ངས་རོགས་ཐུབ་པ་ཞིག་ཡིན་ན་ཤོད་དང་རང་ནུས་ཅི་ལྕོགས་བྱ་ངེས།  ”
“ཆ་མེད་ག་ལ་ཡིན།  ང་ཚོ་འདི་འདྲའི་གྲོགས་པོ་བཟང་བོར་གྱུར་འདུག་་”
“་་་་་་་་་་་་་་་་་་་་་”
གྲོགས་པོ་ཞེས་པའི་ཐ་སྙད་འདི་རྡོ་འཁྱགས་ཤིག་དང་འདྲ་བར་ཁོའི་སེམས་པའི་དྲོད་ས་དེར་འགྲིལ་སོང་བས།  ཁོ་ཁ་རོག་གེར་གྱུར་སོང་།
“ཨུན་་་་་་་་ང་ཚོ་ཕྱི་རུ་ཟ་མ་བཟའ་བར་སོང་ན་ཇི་འདྲ་རེད།  ངས་མགྲོན་བྱེད།”
“དེ་ག་ལ་འགྲིག   ཁྱོས་ང་ལ་དཔྱད་རྩོམ་བྲིས་པར་མ་ཟད།  མགྲོན་ཀྱང་བྱས་ན་གྱོང་རེག་རྒྱུ་མང་སོང་བ་མ་རེད་དམ།  ངས་ཁྱོད་ལ་མགྲོན་བྱ་དགོས་པ་རེད། ”
“ངོ་མ____”
“འོན་ཏེ། དེ་དགོང་་་་་་་་་་་ཁྱོས་ལྟོས། ”
ཁོའི་བྱ་མོ་འཚོས་བསྟན་པའི་ཕྱོགས་སུ་བལྟས་པ་ན། མིག་ཟུང་བརྩེ་བར་བྱེད་པའི་གློག་འོད་ཅིག་འཕྲོས་ནས་འོང་།  དེ་མ་ཐག་པའོ་མྭ་རྟགས་ཅན་གྱི་རླངས་འཁོར་ཞིག་ཏག་ཏག་ཁོ་གཉིས་ཀྱི་གམ་ནས་བསྡད་བྱུང་།   སྐབས་དེར་བྱ་མོ་འཚོས་ཁོར་འཛུམ་ཙམ་བཏོད་རྗེས་རླངས་འཁོར་དེའི་ཕྱོགས་སུ་བརྒྱུགས་སོང་ལ།  བྱིས་པ་ལང་ཤོར་ཞིག་གིས་ཕ་མ་མཐོང་བ་ལྟར་ཁ་ནས་ཀྱང་ཁོའི་སྙིང་དུ་ཟུག་པའི་དགའ་འབོད་ཅིག་བྱེད་བཞིན་ཆས་སོང་། འཛུམ་དེ་ནི་དགོངས་ཞུ་ཞིག་ཡིན་ནམ།  སྙིང་འཕྱས་ཤིག་ཡིན།  གང་ལྟར། ཁོར་ད་ཅི་ལྷོད་འཇམ་གྱི་ལྷགས་རླུང་དེས་ད་ནི་དགུན་ལྭ་མཐུན་པོ་དེའང་བརྟོལ་འོང་བའི་འཁྱགས་སྣང་ཞིག་བྱུང་།  བྱ་མོ་འཚོས་ཁོའི་ལག་ནས་དཔྱད་རྩོམ་བླངས་ནས་གཞན་ཞིག་གི་རླངས་འཁོར་དུ་བསྡད་དེ་བུད་སོང་། བུད་སོང་་་་རླངས་འཁོར་དུ་བསྡད་ནས་བུད་སོང་། ཐ་ན་ཕྱིར་བལྟས་ཙམ་ཡང་མེད་པར་་་་་
སྐབས་དེར།  ཁོས་ད་གཟོད་སློབ་གྲོགས་སྐྱེས་མ་ཚོའི་མལ་ཁང་གི་མཐའ་འཁོར་ན་མ་གཞི་རླངས་འཁོར་གང་མང་ཞིག་ཡོད་པ་མཐོང་བྱུང་།  རླངས་འཁོར་དེ་དག་གིས་ཁོའི་མིག་ཟུང་བརྩེ་བར་བྱེད་པའི་གློག་འོད་རེ་བརྐྱངས་ནས་སྒོར་འགྲོ་བཞིན་འདུག་ལ། ནང་དུ་ཡོང་བཞིན་འདུག རླངས་འཁོར་དེ་དག་གིས་བརྐྱངས་པའི་འོད་དེ་ཇི་འདྲའི་རིང་ཨང་། དེ་ལས་ཀྱང་རླངས་འཁོར་དེ་དག་གི་བསྟར་ཕྲེང་དེ་ཇི་འདྲའི་རིང་ཨང་།  དེ་བས་ཀྱང་རླངས་འཁོར་དེ་དག་གི་འགྲོ་འོང་གི་རྒྱུན་ནི་ཇི་འདྲའི་རིང་ཨང་།  དེ་ནི་གཙང་བོ་ཞིག་གི་བཞུར་རྒྱུན་དང་གཉིས་སུ་མེད། ཨ་ཆི་ཆི་་་་་་རླངས་འཁོར་གྱི་བཞུར་རྒྱུན་དེས།  ཁོ་དང་ཁོ་ལྟ་བུ་ལ་དབང་ཆོག་པའམ། དེ་བས་ཀྱང་བྱ་མོ་འཚོ་དང་བྱ་མོ་འཚོ་ལྟ་བུ་ལ་དབང་ཆོག་པའི་མང་བོ་མང་བོ་ཞིག་ཁུར་སོང་ཨང་།  འཁུར་བཞིན་འདུག་ཨང་།  འཁུར་སྲིད་ཨང་།
དེ་བས།  ཁོས་རང་ཉིད་སློབ་ཆེན་དུ་ཡོང་ནས་ཆེས་ཐོག་མར་རྟོགས་པའི་གནས་ལུགས་དེར་ཡང་བསྐྱར་བསམ་བློ་ཞིག་མི་གཏོང་ཀ་མེད་དུ་གྱུར།
ཁ་པར་ཡོད་ན་མཛེས་མ་་་་་་་་་
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་པར་ཡོད་ན་མཛེས་མ་ཡོད།

2011-03-11 གློག་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།