གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཐབ་འཛིང་ཞིག་གི་ངོ་གདོང་གླེང་བ།

2009-03-08 10:51:00 རིག་ལྡན་རྒྱ་མཚོ། ཀློག་གྲངས། མཆན ཡོད།

         རླངས་འཁོར་ཁ་ལོ་བས་བསམ་གཞིགས་ཅི་ཡང་གཏོང་མི་དགོས་པར་རྒྱུན་མཐུད་ནས་སྐད་ཆ་མང་བོ་ལབ་ཐུབ་ཀྱིན་ཡོད། ཡིན་ནའང་
ཁོས་
ངའི་མིང་མ་དྲིས། ངས་ཀྱང་ཁོའི་རུས་མིང་འདྲི་རྒྱུ་བརྗེད་སོང༌། གཞན་གྱིས་བལྟས་ན་ངེད་གཉིས་ནི་འདྲིས་གཤིབ་ཆེ་བའི་གྲོགས་པོ་རྙིང་བ་ཞིག་རེད་

བསམ་ངེས་ཡིན། ཁོའི་གདོང་མདོག་ནག་ལ་ཁ་སྤུ་འཐུག་པོ་སྐྱེས་འདུག་པ་ནི་བསམ་གཟས་ནས་གཞག་པ་མིན་པར། ཕལ་ཆེར་ཟླ་གཅིག་རིང་ཕྱི་ལོགས་

སུ་དངོས་རྫས་སྐྱེལ་འདྲེན་བྱེད་པར་རྒྱུགས་པས་གཙང་སྦྲ་བྱེད་ཁོམ་མ་བྱུང་བ་འདྲ། རེད་དེ། ངས་ཁོའི་རུས་མིང་འདྲི་བསམ་དུས་ད་གཟོད་ངེད་གཉིས་

བར་དུ་འབྲེལ་བ་ཅི་ཡང་མེད་པ་ཚོར། རྒྱུ་མཚན་འདི་ཁ་ལོ་བས་སྔར་ནས་ཤེས་ཡོད་པ་སྨོས་མ་དགོས། ཁོས་མཚམས་མི་འཇོག་པར་ང་ལ་ཁ་བརྡ་བྱེད་པ་

ནི་རང་ཉིད་ཀྱི་དགའ་ཕྱོགས་ཤིག་ཡིན་ལ། ངས་ཀྱང་ཡང་དང་ཡང་དུ་མགོ་བོ་གུག་གུག་བྱེད་པ་ནི་ཁོའི་དགའ་ཕྱོགས་དེར་བརྩི་འཇོག་བྱེད་པ་ཙམ་རེད།
གང་ལྟར་སྐབས་ལ་ལར་ངས་གད་མོ་རེ་བགད་པ་དེས་ཁ་ལོ་བའི་ཁ་བརྡའི་སྤྲོ་བ་སྔར་ལས་ཆེ་རུ་འགྲོ་བཞིན་པ་སྨོས་ཅི། འདི་ནི་ངས་རང་ཉིད་ལ་དོན་

མེད་དུ་ཉེས་དམིགས་ཤིག་བསགས་པ་ཡིན་ལ། རང་ཉིད་ལྷིང་འཇགས་སུ་སྡོད་པར་གོ་སྐབས་མང་བོ་གད་མོ་དེ་ཁོ་ནས་ཆུད་ཟོས་སུ་བཏང་བྱུང༌། ཁོས་

ལག་པ་གཉིས་ཀྱིས་ཁ་བསྒྱུར་ཇེ་བདེར་བཏང་ ནས་བཟུང་བ་དང༌། བྲང་ཁོག་དགྱེ་དགྱེ་ཞིག་བྱས་རྗེས། མཚན་མོ་དེར་ཧི་ནན་གྱི་གཞུང་ལམ་ སྟེང་

རྒྱུགས་པའི་སྐབས་སུ། གློ་བུར་དུ་རླངས་འཁོར་འདར་ཙམ་བྱས་བྱུང༌། ངས་ཚོར་བ་ཤིན་ཏུ་ རྣོ་བས་འཕྲལ་མ་མྱུར་དུ་ལམ་འགྲམ་ནས་བསྡད་དེ་བལྟས་

པ་ན། དངོས་ནས། འཁོར་སྒམ་གྱི་འགྱིག་འཁོར་ཕྱི་མ་གར་སོང་ཆ་མེད་དུ་གྱུར་འདུག རླངས་འཁོར་ཁ་ལོ་བ་ཞིག་ཡིན་ཕྱིན། སྐར་ཆ0.01གི་གོ་འཛོལ་ཤོར་

ཚེ་ཆག་སྒོ་ཆེན་པོ་འབྱུང་ངེས་པ་གདོན་མི་ཟ། ཁ་ལོ་བར་སྤྱིར་བཏང་གི་ མི་ལས་རྣམ་རིག་སྐྱེན་པོ་འཛོམས་དགོས། ཁ་ལོ་བ་ནི་ལུས་ཤུགས་ངལ་རྩོལ་དང་

ཀླད་ཤུགས་ངལ་རྩོལ་གཉིས་མཉམ་དུ་ལས་མཁན་ཡིན་པས། རླངས་འཁོར་ལ་ཁ་ལོ་བསྒྱུར་རྒྱུ་ནི་ལས་སླ་བོ་ཞིག་ག་ལ་ཡིན། མ་རེད་དམ།ཁོས་ཁ་སྤུ་ 

གཟེངས་ནས་ངའི་ཕྱོགས་སུ་འཛུམ་ཞིག་བསྟན་ཅིང༌། ཧ་ཧ་ ཧ། ངས་གློག་ཞུན་བཀར་ནས་གཞུང་ལམ་དེད་པ་ན། ཁྱོད་ཀྱིས་གནས་ཚུལ་ཅི་ཞིག་བྱུང་

ཡོད་པ་ ཚོར་རམ། ས་དེ་ནི་ཧི་ནན་རེད་ཡ། ཧི་ནན་དུ་ཆས་ན་གྱོང་མི་རེག་མཁན་སུ་ཡོད་དམ། འགྱིག་ འཁོར་གཞུང་ལམ་ཕྱི་ལོགས་སུ་འདྲིལ་ཏེ་དུད་

ཁྱིམ་ཞིག་གི་མཁར་གྱང་ལ་ཁུང་བུ་ཆེན་པོ་ཞིག་བརྡོལ་རྗེས་ལྷས་རའི་ནང་ལྷུང་འདུག ཧ་ཙི་ཙི། ངས་ཞེད་སྣང་གིས་རླངས་འཁོར་བསྐོར་ནས་བྲོས་པ་

ཡིན། གལ་སྲིད། ཧི་ནན་ ལ་སོང་མ་མྱོང་བའི་ཁ་ལོ་ཞིག་ཡིན་ཚེ་འགྱིག་འཁོར་ལེན་དུ་འགྲོ་སྲིད་པ་སྨོས་མ་དགོས། གྱོང་རག་ངེས་རེད་ཡ། གྱོང་རེག་ངེས་

རེད། དུད་ཚང་དེས་མཁར་གྱང་ཞིག་གསོ་བྱེད་སྤྱད་ཁོ་ནར་མ་མཐའ་ཡང་སྒོར་སྟོང་ཕྲག་ཡན་ལེན་ངེས་རེད། ཁྱོད་ཀྱིས་ཧི་ནན་གྱི་མི་ཅི་འདྲ་ཞིག་ཡིན་

པ་རྩ་བ་ནས་མི་ཤེས། ང་ལུང་བ་གང་ལ་འགྲོ་མ་མྱོང་ངམ། ཡིན་ནའང༌། ཧི་ནན་གྱི་མི་ལྟ་བུའི་སྤྱང་བོར་འཕྲད་མྱོང་མེད། ཐེངས་དང་བོར་ཧི་ནན་དུ་འགྲོ་

དུས། སྤྱིར་བཏང་གི་མགྲོན་ཁང་ཞིག་དུ་བསྡད་པ་ཡིན། མཚན་ནུབ་ཞབས་ཞུ་མ་ངའི་ཁང་བའི་ནང་ཡོང་ནས། འགྱིག་འཁོར་ཉོ་འམ་ཟེར། དོན་དངོས་

སུ་ངའི་རླངས་འཁོར་གྱི་འགྱིག་འཁོར་རྣམས་བརྗེ་རན་ཡོད་མོད། ཞི་ཨན་ནས་འགྱིག་འཁོར་ལ་གོང་ཚད་ཁེ་བས་ཕྱིར་ཟི་ལིང་དུ་ལོག་ཁར་དེ་རུ་ཉོ་དགོས་

བསམ་ཡོད། དེ་བས་ངས་ཀྱང་ཞབས་ཞུ་མར་གོང་ག་ཚད་ཡིན་ནམ་ཞེས་དྲིས། ཁོ་མོས་ལན་ཅི་ཞིག་བཏབ་བྱུང་ངམ། འགྱིག་འཁོར་རེར་སྒོ་ལྔ་བརྒྱ། ཨ་ཙི་

ཙི་བར་གདན་རྣོ་སྐུད་ཅན་གྱི་འགྱིག་འཁོར་རེར་སྒོར་ལྔ་བརྒྱ་རེད། ཁྱོད་ཀྱིས་ཡིད་ཆེས་སམ། སྤྱིར་བཏང་གི་འགྱིག་འཁོར་ཀྱང་སྒོར་ལྔ་བརྒྱས་ཉོ་ག་ལ་

ཐུབ། ངས་བསམ་བློ་ཅི་ཡང་མ་བཏང་བར། ཉོ་རྒྱུ་ཡིན་ཞེས་བཤད། ཞབས་ཞུ་མ་ཕྱིར་ཆས་སོང༌། ཕལ་ཆེར་ནམ་གུང་གི་ཆུ་ཚོད་གསུམ་པ་ཙམ་གྱི་སྟེང་ཁོ་

མོ་ཡང་བསྐྱར་སླེབས་ཏེ། རླངས་འཁོར་གྱི་འགྱིག་འཁོར་ཆ་ཚང་བརྗེས་ཡོད། ད་ཁྱོད་རང་ལམ་ལ་ཆས་དགོས་ཟེར། ང་རང་ལོ་ངོ་ཉི་ཤུ་ལྷག་ལ་ཕྱི་ལོགས་

སུ་རྒྱུགས་ཀྱང་དེ་ལས་ཧང་སངས་དགོས་པའི་གནས་ཚུལ་ལ་འཕྲད་མ་མྱོང༌། ངས་གནས་ཚུལ་ཅི་ཞིག་བྱུང་བ་མ་ཤེས་པར་ར་བསྐོར་ནང་ཆས་ཤིང་རླངས་

འཁོར་ལ་ཞིབ་ལྟ་བྱས་པ་ན། འཁོར་སྒམ་གྱི་འགྱིག་འཁོར་བརྒྱད་པོ་བར་གདན་རྣོ་སྐུད་ཅན་གྱི་འགྱིག་འཁོར་གསར་བ་གསར་རྐྱང་དུ་བརྗེས་འདུག འདི་

ཅི་ཞིག་ཡིན་ནམ། ངས་ཞབས་ཞུ་མར་དྲིས་པ་ལ། ཁོ་མོས་སྐད་ཆ་མང་བོ་ལབ་མི་དགོས། སྒོར་སྟོང་ཕྲག་བཞི་སྤྲད་རྗེས་མགྱོགས་པོར་ལམ་ལ་ཆས་ཤིག་

ཟེར། ཁོ་ཚོས་འགྱིག་འཁོར་དེ་དག་གང་ནས་ཁྱེར་ཡོང་བ་ཁྱོད་ཀྱི་ཡིད་ལའང་ཤར་ཐུབ་ཀྱི་མ་རེད། མ་གཞི་འགྱིག་འཁོར་དེ་དག་ནི་ར་བསྐོར་ནང་བསྡད་

ཡོད་པའི་དངོས་འདྲུད་རླངས་འཁོར་གསར་བ་ཞིག་གི་འགྱིག་འཁོར་ཆ་ཚང་བརྗེས་པ་རེད། ཨ་ཙི་ཙི། དངོས་གནས་ཤ་འདར་སྲིད་པའི་དོན་རྐྱེན་ཞིག་

མིན་ནམ། ཡིན་ནའང་ད་ནི་སྒོར་སྤྲད་རྗེས་ས་དེ་ག་ནས་བྲོས་འགྲོ་བ་ལས་བྱ་ཐབས་གཞན་ཅི་ཡོད།ཁ་ལོ་བས་མགོ་བོ་སྤྲུགས་སྤྲུགས་ཙམ་བྱས་ཤིང༌།

ཧི་ནན་གྱི་མི་ཡ། ངས་རང་ཉིད་ཀྱང་མི་སྙིང་སྟོབས་ཅན་ཞིག་ཡིན་སྙམ་ཡོད་མོད། དེ་འདྲའི་བྱ་བ་སྒྲུབ་པའི་སྤོབས་པ་ག་ལ་ཡོད།ཁ་ལོ་བས་རེ་ཞིག་

ལ་ཁ་མ་གྲག

         འདི་ནི་ང་ལ་མཚོན་ན། ལྷིང་འཇགས་ཀྱི་གོ་སྐབས་སླར་ཡང་རྙེད་པ་ཡིན། ངས་ལོངས་སུ་སྤྱོད་འདོད་པ་ནི་སྒེའུ་ཁུང་ཕྱི་རོལ་གྱི་མཐའ་ཡས་པའི་

རྩྭ་ཐང་ཆེན་པོར་རྒྱང་ལྟ་བྱེད་རྒྱུ་ཉིད་ཡིད་ལ། གདུག་རྩུབ་ཀྱི་གོ་དོན་བྲལ་བའི་གཏམ་རྒྱུད་ཀྱི་རིགས་ཏེ། དཔེར་ན། གངས་རིའི་བུ་མོ་རྩྭ་ཐང་དུ་སླེབས་པ་

ཞེས་པའི་རོལ་མོའི་དབྱངས་རྟ་ཞིག་རྩོམ་པར་གྱུར་ཚེ། ཞི་འཇགས་ཀྱི་གནས་སྐབས་ཤིན་ཏུ་མང་བོ་ཞིག་བདག་གིས་རྙེད་ངེས་ཤིང༌། ཁ་ལོ་བའི་སྐད་ཆ་

དང་འབྲེལ་བ་ཅི་ཡང་མེད་པའམ། ཡང་ན་ཁོའི་སྐད་ཆ་རྣམས་ངའི་ཀླད་པའི་ནང་གད་བདར་གཙང་དག་ཅིག་བྱེད་ཐུབ་པའི་དྭངས་གསལ་ཅན་གྱི་

བརྗོད་བྱ་ཞིག་གསར་དུ་སླེབས་ངེས་རེད། ངའི་སེམས་ཁོང་གི་གཏིང་རུམ་ནས་དེ་ལྟར་དྲན་གྱིན་ཡོད། ངས་དེའི་སླད་དུ་སྨྲ་བ་སྔར་ལས་ཉུང་བར་བྱས་

ཤིང༌། ཁ་ལོ་བའི་ཁ་བརྡའི་འདོད་འདུན་ཉམས་སུ་འཇུག་འདོད་བྱུང༌། ད་ནི་ཉི་འོད་ལྷག་ལྷག་སྤྲོ་བའི་ཉིན་མོ་ཡིན་ཡང༌། མི་གཞན་དང་འཕྲད་པའི་གོ་

སྐབས་མེད་པར་མ་ཟད། གཞུང་ལམ་གཡས་གཡོན་དུ་རྒྱུ་བའི་མི་དེ་དག་གིས་ཀྱང་ང་རང་དངོས་འདྲུད་རླངས་འཁོར་འདིའི་ཁ་ལོ་བའི་གམ་དུ་སྡོད་པ་

ཡེ་ནས་རྟོགས་མི་སྲིད། ཁོ་ཚོར་མཚོན་ན་དེ་ནི་ཧ་ཅང་སྤྱིར་བཏང་གི་གནས་ཚུལ་ཞིག་ཡིན་ལ། ཁོ་ཚོའི་འཚོ་གནས་དང༌། བསམ་བློ། ཧུར་བརྩོན་བསྐྱེད་

པའི་བྱ་གཞག་གང་ཅི་ལ་ཡང་འབྲེལ་བ་མེད་པ་ཞིག་རེད། གཞུང་ལམ་ནི་དེ་ལྟར་དྲང་ཤལ་ལེར་བསྲིངས་ཡོད་པ་དང༌། དེ་རུ་ཞུགས་མཁན་ཡོད་ཚད་སོ་

སོའི་དམིགས་ཡུལ་གྱི་ཕྱོགས་སུ་རྒྱུགས་ཀྱིན་འདུག དོན་དངོས་སུ་གཞུང་ལམ་བཟོ་མཁན་ཚོར་ཡང་དམིགས་ཡུལ་ངེས་ཅན་མེད་པ་སྟེ། གཞུང་ལམ་གྱི་

རིང་ཚད་ཇི་ལྟར་མཐའ་ཀླས་པ་དང་ཞེང་ཚད་ཇི་ལྟར་ཁོད་ཡངས་ན་དེ་ནི་ཁོ་ཚོ་དགའ་འོས་པའི་དོན་ཞིག་རེད། ང་རང་གློ་ལུད་ཅིག་རྒྱག་འདོད་བྱུང་

ཡང༌། བཟོད་བསྲན་བྱས་པ་ཡིན། ངས་ཁ་ལོ་བའི་ཚོར་བ་རྣོན་པོ་དེ་ཁ་བརྡའི་ཁྲོད་དུ་འདྲེན་མི་འདོད་པ་དང༌། རང་ཉིད་ལ་ཤིན་ཏུ་ཐོབ་དཀའ་བའི་ལྷིང་

འཇགས་འདི་དཀྲོག་མི་འདོད། ཁ་ལོ་བས་ཁོས་སྨྲས་པ་ལྟར་སྐར་ཆ0.01གི་རྣམ་རིག་དེ་རླངས་འཁོར་བསྐོར་བའི་ཕྱོགས་སུ་འབད་ན་འགྲིག་ཅིང༌། ངས་

ཀྱང་རང་ཉིད་ལ་ཆེས་མཁོ་བའི་དྲན་ཚོར་མང་བོ་ཞིག་ཡིད་ངོ་ནས་སྔོག་འདོན་བྱེད་པ་ནི་འོས་མཐུན་ཉིད་རེད།

         ངས་དེ་ལྟར་དྲན་གྱིན་ཡོད། ཡིན་ནའང༌། སྐབས་ཐོག་དེར་ངའི་དྲན་ཚོར་ནི་ཧ་ཅང་འགལ་འདུས་ཁེངས་པ་ཞིག་ཡིན་ལ། ཁ་ལོ་བས་ངའི་ཕྱོགས་

སུ་སྣང་མེད་ངང་ལྟ་ཙམ་བྱེད་པ་དེའང་སོམ་ཉི་སྐྱེས་དགོས་པ་ཞིག་མ་རེད་དམ། ཁོས་ཁ་བརྡའི་གླེང་བསླངས་ཚེ། ངས་ཀྱང་རང་དབང་མེད་པར་མགོ་བོ་

གུག་གུག་གིས་རམ་འདེགས་བྱེད་དགོས། ངས་གླ་ཆ་སྤྲོད་དགོས་ཀྱང་ང་རང་ཁོའི་ རླངས་འཁོར་ནང་བསྡད་ཡོད་པས། དོན་ངོ་མར་ང་ནི་ཁོའི་འགྲུལ་

བཞུད་ཀྱི་རྩེད་ཆས་གསོན་པོ་ཞིག་ཡིན་ལ། ཁོས་རླངས་འཁོར་གྱི་ཁ་ལོ་གང་དུ་བསྒྱུར་ན་ངའང་དེ་གར་འགྲོ་དགོས་ཤིང༌། ཁོས་གློ་བུར་དུ་རླངས་འཁོར་གྱི་

སྣུམ་རྫོགས་སོང་ཞེས་སྨྲས་ན། ང་རང་ཡང་བསྐྱོད་མཚམས་འཇོག་ དགོས་སོ། ང་ལ་རྐང་བ་ཡོད་ཀྱང་ས་ཐག་རིང་བོར་རྒྱུ་བའི་ནུས་ཤུགས་མེད་པར་མ་

ཟད། ཉི་མ་ ནུབ་ཚེ་མི་མེད་ལུང་སྟོང་དུ་མཚན་སྐྱེལ་བའི་སྙིང་སྟོབས་ཀྱང་མེད། དུས་ངེས་མེད་དུ་སྤྱང་ཚོགས་ལ་འཕྲད་སྲིད་པ་ནི་རྩྭ་ཐང་ཐོག་རྒྱུན་ཏུ་

ཐོས་ཐུབ་པའི་གནས་ཚུལ་ཡིན་ལ། གནའ་ནས་ད་ལྟའི་ བར་ཉེས་པ་ཅི་ཡང་མེད་པའི་མི་བགྲང་ལས་འདས་པ་སྤྱང་ཚོགས་ཀྱི་ཁ་ཟས་སུ་གྱུར་ཡོད་ཨང༌།

ཞིབ་འདང་བརྒྱབ་ན། རང་ཉིད་ལ་རླངས་འཁོར་ཡོད་ཚེ་རང་གི་འདོད་པ་ལྟར་དུ་སོང་ཆོག་མོད། འོན་ཀྱང་རླངས་འཁོར་ལ་ཆག་སྐྱོན་ཤོར་བས་ན་དེའང་

བཀྲ་ཤིས་པའི་ལྟས་ཤིག་རྩ་བ་ནས་མིན་ པ་འདྲ། ང་ལ་འཕྲུལ་ཆས་ཞིག་གསོའི་ལག་རྩལ་མེད་པའི་ཁར་མུ་མཐའ་བྲལ་བའི་ཡུལ་ལུང་འདི་ནི་རང་དགར་

བགྲོད་ཆོག་པའི་གནས་ག་ལ་ཡིན། གལ་སྲིད་རླངས་འཁོར་ལ་ཁ་ལོ་བསྒྱུར་ཤེས་པ་ཙམ་གྱིས་ཕྱི་ལོགས་སུ་ཆས་ཚེ། ནམ་ཞིག་དངོས་འདྲུད་རླངས་འཁོར་

འདིའི་ནང་སྡོད་པ་ལས་ ཀྱང་སྡུག་པོ་མྱོང་དགོས་པ་སྨོས་ཅི། མིག་སྔར་གྱི་གནས་སྟངས་ནི་མི་སོ་སོའི་འཇོན་ཐང་ལ་རག་ ལས་པ་མ་གཏོགས་དེ་ལས་

གཞན་པའི་རྒྱུ་རྐྱེན་ཅི་ཡང་མེད། མདོར་ན་ཁ་ལོ་བ་འདིའི་འཇོན་ཐང་བདག་ལ་མི་འཛོམས་པ་ནི་དོན་དངོས་ཤིག་རེད།

       འོད་སྣང་ནི་རིམ་གྱིས་མོག་པོར་འགྱུར་བཞིན་འདུག་ལ། དེ་དང་ཆབས་ཅིག་མཐོང་སྣང་གི་བྱ་དངོས་ཡོད་ཚད་ཀྱང་ག་ལེར་རབ་རིབ་ཏུ་འགྱུར་

བར་བྱེད། ཡིན་ནའང༌། རླངས་འཁོར་གྱི་ རྒྱུགས་ཚད་སྔར་ལས་ཀྱང་ཇེ་མགྱོགས་ནས་ཇེ་མགྱོགས་སུ་འགྲོ་བཞིན་འདུག་པས། སྐད་ཅིག་གི་དུས་ཡུན་ལ་

ལེ་དབར་མང་བོ་བསྐྱོད་ཐུབ་ཀྱིན་ཡོད་པ་དང༌། དེའི་རིང་བསམ་གཞིགས་མང་བོ་ གཏོང་ཁོམ་ཡང་མེད་པ་འདྲ། ཕྱི་ལོགས་ཀྱི་མིས་ཐོལ་བྱུང་དུ་བལྟས་

ན་རང་ཉིད་དངོས་འདྲུད་ རླངས་འཁོར་གྱི་ཁ་ལོ་བ་དང་མཉམ་དུ་དུ་བསྡད་ཡོད་མོད་ཀྱང༌། དོན་ལ་འགྲོ་སྡོད་ཀྱི་རང་དབང་ནི་ཁ་ལོ་བ་གཅིག་བུར་

དབང་བར་སུས་ཆ་འཇོག་བྱེད་དམ། སྒྱིད་ལུག་གི་བྱ་སྤྱོད་དོན་དུ་གཉེར་མཁན་དག་ལ་མཚོན་ན། དུས་སྐབས་འདི་ནི་གནམ་རྒན་མས་རང་ཉིད་ལ་

དམིགས་བསལ་དུ་ བསྐྲུན་པའི་ངལ་གསོའི་གོ་སྐབས་ཤིག་ཡིན་སྙམ་ངེས་རེད། ཡིན་ནའང༌། ངས་མཚམས་མི་ཆད་ པས་རླངས་འཁོར་ཁ་ལོ་བའི་གདོང་

གི་རྣམ་འགྱུར་ལ་ཞིབ་འཇུག་བྱེད་དགོས་པར་མ་ཟད། ཁོ་ དང་འབྲེལ་བ་ཡོད་པའི་གནས་ཚུལ་མང་བོ་ཞིག་ལའང་དོ་སྣང་བྱེད་དགོས་པ་སྟེ། ཁོས་ལག་

པ་ བཀྱག་ཙམ་གནང་ཚེ་ཐ་མག་རྐང་གཅིག་ལ་མེ་སྒྲོན་ནས་སྟེར་རྒྱུ་དང༌། ཁོས་གཡས་གཡོན་ལ་ལྟ་ ཙམ་བྱས་ཚེ། ཁྱེད་ལ་ཅི་ཞིག་མཁོའམ།ཞེས་

འདྲི་དགོས་བྱུང་གིན་ཡོད། ང་ནི་དངོས་གནས་གནམ་རྒན་མས་བསམ་གཟས་ནས་ཁ་ལོ་བར་ཞབས་ཞུ་སྒྲུབ་མཁན་དུ་བསྐོས་པ་དང་འདྲ་ཞིང༌། ངེད་

གཉིས་བར་གྱི་འབྲེལ་བ་ནི་རླངས་འཁོར་གྱི་གླ་ཆ་ཙམ་མ་ཡིན་པར་ངས་ཕྱོགས་གང་ཐད་ནས་ཁོའི་གོམས་གཤིས་ལ་རྒྱབ་སྐྱོར་བྱེད་དགོས་པ་དེ་རེད།

         ཁ་ལོ་བས་ཁ་བསྒྱུར་ལྷོད་ཅིང༌། གཡས་ལག་གིས་ཚད་རྟགས་སྒུལ་ཙམ་བྱས་མཐར། རྐང་བས་དགག་ཟྭ་ཤུགས་ཀྱིས་མནན་པ་ལ། རླངས་འཁོར་

ཙུར་སྒྲ་དང་བཅས་ལམ་འགྲམ་དུ་བསྡད་བྱུང༌། ཁོས་རླངས་འཁོར་གྱི་གློག་སྒོའི་ལྡེ་མིག་ཁྲོག་སེ་བཏོན་ཏེ་ཁུག་མའི་ནང་བཅུག་པ་ན། ངས་རང་དབང་

མེད་པར་ཁོ་རང་རླངས་འཁོར་ལས་ཕྱིར་འབུད་པའི་སྟངས་སྟབས་ལ་ལྟོས་ནས་སྡོད་པ་ལས་གཞན་ཅི། ཁོ་རང་ཁོང་ཁྲོ་ལངས་ཡོད་དམ། ངས་རྒྱུན་མཐུད་

ནས་ཁ་བརྡ་མ་བྱས་པས་ཁོས་ང་ལ་ལྟ་ཚུལ་ཅི་ཞིག་བཟུང་བ་ཡིན་ནམ། རླངས་འཁོར་གྱི་ཁ་ལོ་བསྒྱུར་ཁང་དང་འབྲེལ་བ་ཡོད་པའི་སྐོར་གང་མང་ལ་ངས་

ཆེད་དུ་བསམ་བློ་གཏོང་ཅི་ཐུབ་བྱས། ཡིན་ནའང༌། ཡང་སྙིང་ཁོས་རླངས་འཁོར་བསྐོར་མཚམས་འཇོག་དགོས་དོན་ངས་ཡེ་ནས་རྟོགས་མ་བྱུང༌། ངས་ཕྱི་

ལོགས་སུ་སྐེ་བསྲིངས་ནས་བལྟས་པ་ན། ཁ་ལོ་བས་ལམ་འགྲམ་དུ་གཅིན་པ་གཏོང་བཞིན་འདུག

         ད་ནི་དངོས་གནས་ལུས་པོ་བདེ་ཤག་ཤག་ཆགས་བྱུང༌། ཨ་ཁ། རླངས་འཁོར་འདི་དངོས་ གནས་སྟབས་བདེ་ཞིག་མ་རེད། ཁ་ལོ་བསྒྱུར་ཁང་དུ་

གཅིན་པ་ཐད་ཀར་གཏོང་བྱེད་ཅིག་ཡོད་ན་ཅི་མ་རུང༌།

         ང་གཞི་ནས་ཁ་ལོ་བ་འདིར་སུན་སྣང་སྐྱེས་མགོ་བརྩམས་བྱུང༌། ངས་ཁོའི་སྐད་ཆ་དེ་དག་ མ་ཐོས་པ་ལྟར་དུ་བསྡད་མོད། རྣ་ལམ་དུ་སྐད་ཆ་དེ་

དག་ཡང་དང་བསྐྱར་དུ་འཁོར་གྱིན་འདུག ང་ནི་རང་དབང་གི་ཁྱབ་ཁོངས་སུ་གསོན་པའི་མི་ཞིག་ཡིན་པས། ཅིའི་ཕྱིར་ཁོའི་རླངས་འཁོར་དུ་བསྡད་པ་

ཡིན་ནམ། ང་ཁོའི་གམ་དུ་བསྡད་མ་ཐག་ནས་ཁོའི་སྙིང་བོ་ཅི་ཡང་མེད་པའི་ཁ་བརྡར་ ཉན་དགོས་ཤིང༌། རླངས་འཁོར་ཁ་ལོ་བ་ནི་ལུས་ཤུགས་ངལ་རྩོལ་

དང་ཀླད་ཤུགས་ངལ་རྩོལ་ གཉིས་ཀ་མཉམ་དུ་སྒྲུབ་མཁན་རེད་ཟེར་བ་ལྟ་བུའི་གླེན་པའི་སྐད་ཆ་རྐྱང་རྐྱང་ལ་བདེན་འཛིན་ གྱི་མགོ་བོ་གུག་གུག་བྱེད་

དགོས་པ་དང༌། ཤིན་ཏུ་མི་སྡུག་པའི་ཁོའི་གདོང་གི་ཁ་སྤུ་ཚིལ་དྲེག་ཅན་དེའང་མཛེས་སྣང་དུ་བྱེད་པ་ནི་ཇི་འདྲའི་དོན་གྱིས་རྨོངས་པའི་བྱ་སྤྱོད་ཅིག་

རེད་ཨང༌། ང་ནི་སྨྲ་ཤེས་ཤིང་དོན་གོ་བའི་གསོན་ཤུགས་རྫོགས་པའི་མི་ཞིག་ཡིན་པར་མ་ཟད། ཁ་ལོ་བ་ལས་བྱད་གཟུགས་ལེགས་ཤིང་མ་མཐའ་ཡང་

རང་གིས་དེ་ལྟར་བསམ་ཡོདགཟུགས་པོ་ཚད་ལྡན་ཡིན་པས། ང་ཅིའི་ཕྱིར་བསམ་བཞིན་དུ་ཁོའི་རླངས་འཁོར་ནང་བསྡད་པ་ཡིན་ནམ། ངས་རང་ཉིད་

ལ་ལེ་བདའ་དྲག་ཏུ་བྱེད་མགོ་བརྩམས་ཤིང༌། ཁྱོད་ནི་གནམ་འོག་འདི་རུ་ཆེས་གླེན་པའི་མི་ཞིག་རེད་ཅེས་ཀྱང་ཁེར་ལབ་སྨྲས། ཡིན་ནའང༌། མི་མེད་ཀྱི་

དབེན་ཐང་འདི་རུ་ང་རླངས་འཁོར་ལས་འབབ་པའི་སྙིང་སྟོབས་མེད་པ་སྨོས་མ་དགོས་ལ། འདི་ལྟ་བུའི་སེམས་ཐག་གཙང་བཅད་བྱེད་རྒྱུ་ནི་ངས་ད་དུང་

སྟ་གོན་ཕྲན་བུའང་བྱས་མེད་པའོ། ངས་རང་ཉིད་ལ་ལེ་བདའ་བྱེད་པ་ནི་བུད་མེད་ཀྱི་སྡུག་ཡུས་འདོན་པ་ལས་ཀྱང་ཉམ་ཐག་ཅིང་ནུས་ཤུགས་མེད་པ།

གཞན་གྱིས་དོ་སྣང་བྱེད་པའི་ཆ་རྐྱེན་གང་ཡང་མི་འཛོམས་པ་ཞིག་རེད། ངས་དེ་ལྟར་དུ་རྟོགས་བྱུང༌། དེ་བས། ང་རང་སྔར་ལས་ཀྱང་ཁུ་སིམ་མེར་ནག་

རོག་གེར་གྱུར་ཏེ་སྡོད་པ་མ་གཏོགས་རང་ཉིད་ཀྱི་བསམ་ཚུལ་རྣམས་ཁ་ལོ་བ་འདིར་སྨྲ་བའི་འདོད་པ་གང་ཡང་མེད། ཁ་ལོ་བས་གཅིན་པ་བཏང་ཚར་

རྗེས་མུ་མཐུད་དུ་རླངས་འཁོར་བསྐོར་བ་དང༌། སྣང་མེད་ཀྱི་ཉམས་དང་བཅས་ངའི་ཕྱོགས་སུ་ཐ་མག་རྐང་གཅིག་གཡུགས་ཏེ། ཡ། ཁྱོད་ཀྱིས་དུས་ཡུན་

རིང་བོ་ཞིག་ལ་ཁ་གྲགས་མ་བྱུང༌། ང་ལ་ལྟ་ཚུལ་འདྲ་ཡོད་པ་ཡིན་ནམ། ཤོད་དང༌། ལམ་ཐག་ཤིན་ཏུ་རིང་བས་སང་ཉིན་ནམ་ལངས་རག་བར་དུ་ངེད་

གཉིས་ཁ་འབྲལ་ཐབས་མེད།ཅེས་སྨྲས་བྱུང༌། སྐད་ཆ་འདི་དོན་དངོས་ཤིག་རེད་དེ། ང་ཁོའི་རླངས་འཁོར་དུ་བསྡད་ཡོད་པའོ།། ད་ནི་ཁ་ལོ་བ་འདིས་

ངས་ཁོ་ལ་རླངས་འཁོར་གྱི་གླ་ཆ་སྤྲོད་པའི་ཚད་་གཞི་ལས་བརྒལ་ཅིང༌། དེ་ལས་ལྷག་པའི་ངའི་ལྷིང་འཇགས་དཀྲོག་རྒྱུར་སྟ་གོན་བྱེད་ཀྱིན་འདུག འདི་

ནི་སྟ་གོན་ཡག་པོ་ཞིག་མིན་ཏེ། རླངས་འཁོར་གྱི་ཁ་ལོ་བསྒྱུར་ཁང་འདིའི་ཁོར་ཡུག་དུ་ང་ལ་ཡོད་པ་ནི་ལྷིང་འཇགས་དེ་ཙམ་མོ། །

         ཅི་ལྟར་བཤད་ཀྱང༌། འདི་ནི་བཙན་འཛུལ་ཞིག་རེད།ངས་བཟོད་བསྲན་བྲལ་བའི་རྣམ་འགྱུར་གྱིས་སྐད་ཤུགས་ཅུང་ཆེ་རུ་བྱས་ནས་སྨྲས། ཁ་

ལོ་བས་དེ་སྐད་ཐོས་མ་ཐག་རེ་ཞིག་ངའི་གདོང་ལ་ཅེར་ནས་རླངས་འཁོར་གྱི་ཁ་བསྒྱུར་དམ་པོར་འཛིན་རྒྱུའང་བརྗེད་སོང་བ་འདྲ། སྐད་ཆ་འདི་ནི་ཁོར་

མཚོན་ན་གློ་བུར་བ་ཞིག་ཡིན་མོད། ང་ལ་མཚོན་ན་དུས་ཡུན་རིང་བོར་སེམས་སུ་ ཨུ་ཚུགས་ཀྱིས་མནན་པའི་འདོད་བློ་ཞིག་ཡིན། གོ་མེད་ཚོར་མེད་ངང་

ང་ཁོའི་རླངས་འཁོར་དུ་བསྡད་ནས་ཕལ་ཆེར་ཆུ་ཚོད་གཅིག་ཙམ་སོང་མ་སོང་གི་སྐབས་ནས་བཟུང་བསམ་བྱ་འདི་ངང་ངམ་ཤུགས་ཀྱིས་ཡིད་ངོར་བྱུང་

བ་དང༌། གོ་སྐབས་ཕྲན་བུ་བྱུང་ཚེ་བརྗོད་ངེས་པ་ནི་ཆོས་ཉིད་ཅིག་རེད།

         ཁ་ལོ་བ་གད་མོ་བགད། སྐད་ཆ་འདིས་ཁོར་ཕོག་ཐུག་གང་ཡང་མ་བྱུང་བར་མ་ཟད། དེ་ལས་ལྡོག་སྟེ་ང་ནི་ད་ལྟའི་བར་ཁོ་རང་འཕྲད་མ་མྱོང་

བའི་མི་རྩེད་མཚར་ཅན་ཞིག་རེད་ཟེར།

         འོ། ངའི་གནམ་རྒན་མ་ཡ། ངས་ལག་ཟུང་ཁུ་ཚུར་བྱས་ནས་རང་ཉིད་ཀྱི་མགོ་བོ་ཤུགས་དྲག་ གིས་ཐེངས་ཤིག་རྡུང་བར་འདོད་མོད། སྤྱོད་སྟངས་

འདིའང་ཁ་ལོ་བ་གད་མོ་དགོད་བྱེད་ཀྱི་རྩེད་ མཚར་ཞིག་ཏུ་འགྱུར་བར་ངེས་པས། ངས་བཟོད་བསྲན་བྱས་པ་ཡིན། བཟོད་བསྲན་འདི་ཙམ་ ལའང་ངས་

བློས་གཏོང་ཤིན་ཏུ་མང་བོ་ཞིག་བྱས་ཡོད་པ་སྟེ། ལག་ཟུང་དམ་དུ་བཅིངས་དྲགས་པས་ལག་མཐིལ་ནས་རྔུལ་ཆུ་བཞུར་བཞིན་པ་དང༌། མ་འགལ་ཤུགས་

ཀྱིས་བསྡམས་པས་ཟ་འགྲམ་ན་བ། སྐད་ཆ་གང་དེ་མགྲིན་པ་ལས་བཀག་པས་མིད་པ་གཅུ་ལོག་བྱེད་པ། ད་དུང་ཡིད་ཁམས་ཀྱི་ རླུང་འཚུབ་ཨུ་ཚུགས་ཀྱིས་

བཏུམས་པས་སྙིང་གི་དབང་བོ་དྲག་ཏུ་འཕྱོ་བར་བྱེད་པ་སོགས་ནི་ངས་ཞི་བདེ་ཐུང་ཐུང་ཞིག་གི་ཆེད་དུ་བློས་གཏོང་བྱས་པ་མིན་ནམ། ཡིན་ནའང༌། ཁ་ལོ་

བ་གད་མོ་དྲག་པོ་ཤོར་བས་ཁོའི་སེར་ནག་ཏུ་གྱུར་བའི་སོ་ཕྲེང་གོག་པོ་དེ་དག་མཐོང་ཐུབ་པ་དང༌། མགྲིན་པའི་ ཕུགས་སུ་འགུལ་བའི་ཤ་རྨེན་རྣམས་ཀྱང་

གསལ་བོར་མངོན་པར་བྱེད། ཡིན་ཡང་ངས་སྐད་ཆ་དེ་ལབ་ཚར་བས། ད་ནི་ང་ཅི་ལའང་སྐྲག་དོན་མེད་མོད། ཁ་ལོ་བའི་རྣམ་འགྱུར་མཐོང་ན་ངའི་བྱ་

སྤྱོད་འདི་ནི་དངོས་གནས་ཁ་མཚར་རྩེད་མོ་ཞིག་ཡིན་ནམ། སྣང་ངོ་འདི་མི་སུ་ཞིག་གིས་མཐོང་ ཚེའང་དེ་ལྟར་སྙམ་མི་སྲིད་པའི་ངེས་པ་མེད་ཅིང༌། མ་

མཐའ་ཡང་ངེད་གཉིས་མ་གཏོགས་མེད་ པའི་དབེན་ཐང་གི་གཞུང་ལམ་སྟོང་བའི་གནས་སྟངས་འདིའི་ཆ་ནས་དེ་ལྟར་སྙམ་ངེས་པ་གདོན་མི་ཟ།

         ངས་དངོས་གནས་བཤད་པ་ཡིན།ངས་ངོ་གདོང་གནག་ནས་སྨྲས།

         ཁ་ལོ་བ་སྔར་ལས་ཀྱང་གད་མོ་ཆེན་པོ་ཤོར་ནས་ཁ་ཡང་ཟུམ་མི་ཐུབ་པར་གྱུར། ཁོས་ངའི་ཕྲག་པའི་སྟེང་ལ་ཐལ་ལྕག་ཅིག་གཞུས་ནས། ཁྱོད་

ནི་དངོས་གནས་ཁ་མཚར་རྩེ་མཁན་སླད་མེད་པ་ཞིག་རེད། ཨ་ཁ་ཁ། ཁྱོད་རང་སྒྱུ་རྩལ་བ་ཞིག་མིན་ནམ། ལྟོས་དང༌། ཁྱོད་ཀྱི་སྣ། སྣའི་གཟེངས་མཐོ་བ།

སྐྲ་ལོ་ཡང་དེ་ལྟར་རྒྱབ་ཏུ་དཔྱངས་འདུག བརྙན་འཕྲིན་ནང་འཁྲབ་སྟོན་བྱེད་མཁན་གྱི་སྒྱུ་ རྩལ་བ་མང་ཆེ་བ་ནི་ཁྱོད་ཀྱི་བཟོ་ལྟ་དང་གཅིག་འདྲ་མིན་

ནམ།ཁ་ལོ་བས་རང་གི་ཐོད་པར་ཐལ་ལྕག་ཚ་ཐག་ཆོད་ཅིག་རྡེབ་ཏེ། ཨ་ཁ་ཁ། ཁྱོད་སྒྱུ་རྩལ་བ་ཞིག་ཡིན་པ་ངས་སྔ་མོ་ནས་ཤེས་ཡོད་ཚེ། ངས་སྨྱོ་

བཤད་དེ་འདྲའི་མང་བོ་རྒྱག་དོན་ཅི་ཡོད། ཁྱོད་ཀྱི་སྒྱུ་རྩལ་ཁ་མཚར་ལ་ཉན་ན་འགྲིག་ངེས་རེད། ཡ་ཤོད་དང༌། མུ་མཐུད་དུ། མཚམས་བཞག་ནས་ཅི་བྱེད་

དམ། འོསྒྱུ་རྩལ་ནི་ཨུ་ཚུགས་ ཀྱི་ལམ་ནས་བྱུང་བ་མིན་པས། ངས་ཁྱོད་ཀྱི་བསམ་གཞིགས་ལ་བར་གེགས་མི་བྱེད།ཁོས་ངའི་རྣམ་འགྱུར་ལ་བརྟག་

ནས་བསྡད་འདུག ཁོའི་བཟོ་ལྟ་ནི་ངས་སླར་ཡང་ཁོ་རང་གད་མོ་ཤོར་ཏེ་རྣ་ཆུའང་བཞུར་འགྲོ་བའི་སྐད་ཆ་ཞིག་ལ་སྒུགཔ་འདྲ།

         ངས་ཅི་ལྟར་སྨྲས་ན་ད་གཟོད་ཁོ་ཡིད་ཆེས་སམ། ད་ནི་ངའི་སྐད་ཆ་ཅི་ཞིག་སྨྲས་ཀྱང་ཁོར་ མཚོན་ན་ཁ་མཚར་འབའ་ཞིག་ཏུ་འགྲོ་སྲིད་ཅིང༌། ང་

རང་ཁ་ཁུ་སིམ་མེར་སྡོད་པའང་ཁོ་རང་གད་མོ་ཤོར་བྱེད་ཀྱི་རྣམ་པ་ཞིག་ཏུ་འགྱུར་ངེས་ཡིན། ང་རྐུབ་སྟེགས་སྟེང་སྡོད་པའི་ཚུགས་ཀའང་དགོད་བྲོ་བ་ཞིག་

ཏུ་སྣང་ངེས་པས། ང་རང་ཁོང་ཁྲོ་དྲག་ཏུ་ལངས་ནས་ཐོལ་གྱིས་རླངས་འཁོར་ལས་ཕྱིར་མཆོངས་པའི་དབང་དུ་བཏང་ན། དེ་འང་སྒྱུ་རྩལ་ཞིག་ཡིན་པ་

སྨོས་མ་དགོས། འདི་འདྲའི་གནས་སྟངས་ཐབས་སྐྱོ་བོ་ཞིག་ལ་ངས་དེ་སྔ་བསམ་གཞིགས་བཏང་མ་མྱོང་ཞིང༌། ཅི་བྱེད་འདི་བྱེད་མེད་པའི་མྱོང་ཚོར་འདི་

ལྟ་བུའང་ད་ལྟ་ཉམས་སུ་མྱངས་མ་མྱོང༌། ངས་ཁོ་ལ་དེ་ལྟར་སྨྲ་དོན་ནི་ལྷིང་འཇགས་དང་ཁུ་སིམ་གྱི་བདེ་བ་ཞིག་མྱོང་བའི་ཆེད་ཡིན་མོད། འོན་ཀྱང༌།

ཐབས་ཤེས་འདི་ཉིད་མ་བསམ་ས་ནས་ལྷིང་འཇགས་ཡོངས་སུ་བཅོམ་བྱེད་ཅིག་ཆགས་པ་ནི་དངོས་ནས་བློ་ཡུལ་ལས་འགོངས་པ་ཞིག་རེད།

         དེ་རིང་ཚེས་པ་ག་ཚོད་ཡིན་ནམ།ཁ་ལོ་བས་གློ་བུར་དུ་འདི་སྐད་དྲིས་བྱུང༌།

         “……”ངས་ལན་མ་བཏབ། རྣམ་འགྱུར་འདིས་ངའི་སྐད་ཆ་སྔོན་མ་རྣམས་ནི་དོན་ དངོས་ཤིག་ཡིན་པར་བདེན་དཔང་བྱེད་བསམ་ཡང༌། ཁ་ལོ་བ་
སླར་ཡང་གད་མོ་ཤོར་སོང༌།

 

 

 

རྩོམ་ཁུངས། བརྩམས་སྒྲུང་ལོ་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།