གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱར་དགུན་སྟོན་དཔྱིད།(<སྒྲོལ་མ་ཉེར་གཅིག>གི་དགུ་བ)

2008-10-30 23:43:00 བཀྲ་བྷ། ཀློག་གྲངས། མཆན ཡོད།

                                     གཅིག
  དཔྱིད་ཀར་ཆར་ཆུ་དུས་ལྟར་བབས་པ་དང༌། རྐང་བཞི་ཕྱུགས་ཀྱི་འཕེལ་ཀ་ དྲང་བས། དབྱར་དུས་ཀྱི་བྲག་དམར་ཕུ་བདུན་ནི"ལྷ་ཡུལ"དང་མཚུངས།
སྤྲིན་དཀར་ས་ལ་བབས་འདྲའི་ལུག་ཁྱི་མདུན་ཕྱོགས་ཀྱི་སྤང་ངོས་ལ་འགོས་པ་ན། ཨ་ནེ་སྒྲོལ་མས་ངག་དམའ་མོས་ལ་གཞས་ལེན་བཞིན་གཡག་རྒན་རྒྱ་
ཐོ་བཅིབས་ཤིང༌།  ཁྱི་རྒན་རྒྱ་སྟག་རྗེས་སུ་ཁྲིད་དེ་ལུག་ཁྱུའི་ཕྱོགས་སུ་སོང༌། མོས་དེ་རིང་ཡང་ལུག་སྨན་ལུང་ལ་འདེད་རྩིས་ཡོད་ལ། ལུང་བ་དེའི་རྩྭ་
ཟོས་ན་ཟོག་ལ་ཤ་ཤེད་རྒྱས་སླ།
     རི་ངོས་སུ་རི་བོང་ལ་འདྲོགས་པའི་གཡག་རྒན་གྱིས་མཆོང་ལྡིང་འགའ་བྱས་པ་ན། མོ་དལ་མོར་ས་ལ་ལྷུང་སྟེ་གན་རྐྱལ་དུ་ལོག་པ་དང༌། འཕག་ར་
བྱེད་སྐབས་ཆུང་དུས་ཀྱི་གཏམ་རྒྱུད་ཅིག་དྲན་པས། འཛུམ་དམུལ་དམུལ་གྱིས་ཡར་ལངས་ཏེ་གཡག་རྒྱབ་ལ་ཞོན།
                                     གཉིས།
      དབྱར་དུས་ཀྱི་བལ་གོང་དང་ཟོག་གོང་ཧ་ཅང་བཟང་བས། སྟོན་ཁ་ཕྱུགས་རིགས་མོད་པའི་མགོན་ཚ་ཡུལ་ཚོའི་སྟོབས་འབྱོར"ཀླུ་ཡུལ"ལ་འགྲན་
ཕོད་པར་གྱུར། སྐྱེས་མ་ཐག་དབུས་གཙང་ཐོས་ཤིང༌། ཚེ་གཅིག་ལ་དབུས་གཙང་གླེང་བའི་ཡུལ་མི་རྣམས་ཀྱིས་ལོ་གཅིག་གི་ཡོང་འབབ་བཟུང་སྟེ་དབུས་
ལམ་ལ་ཞུགས། ཨ་ནེ་སྒྲོལ་མའང་དད་ལྡན་དེ་ཚོའི་ནང་གི་གཅིག་ཡིན་ལ། མོ་རླངས་འཁོར་སྟེང་བུད་མ་ཐག་མཇལ་མ་མྱོང་བའི་ཇོ་སྐུ་རིན་པོ་ཆེ་དེ་
སེམས་ལ་མག་མོག་གམ་གསལ་ལེར་ཤར་པ་དང༌། ཇོ་བོའི་མདུན་དུ་སྐྱབས་འཇུག་ནན་ཞུ་བྱས་ཏེ། འདི་ཕྱི་གཉིས་ཀའི་བར་ཆད་མ་ལུས་སེལ་བའི་དམ་
བཅའ་བྱས།
                                     གསུམ།
     དགུན་དུས་ཁ་བ་ལྷབ་ལྷུབ་ཏུ་བྱོ་བ་དང༌། ལྷགས་རླུང་འུར་འུར་དུ་ལྡང་བས། འཁྱག་ལྟོགས་ཀྱིས་མནར་བའི་ལུག་གིས་རང་བལ་རང་གིས་ཟོས་རྗེས་
ལྷས་ནས་ཕྱིད། ནོར་རྣམས་ཀྱིས་ཁ་བ་བལྡག་སྟེ་ལྕེ་ཆད་པ་དང༌། ཁྲག་ཐིག་གིས་དཀར་བང་ བང་གི་འཇིག་རྟེན་དེ་ལ་ཚོན་མདངས་དམར་པོ་བགོས་ཏེ་
ཡུལ་ཁམས"དམྱལ་ཡུལ"དུ་བསྒྱུར། སྒོ་སྟོང་ལྷས་སྟོང་ལ་བུད་པའི་ཨ་ནེ་སྒྲོལ་མ་ཁ་བས་ཕྱིད་པའི་སྦྲ་ནང་དུ་འཛུལ་ནས་དལ་བུར་ངུས་པ་ན། རྐང་ལག་
དང་རྔ་མ་ཕྱིད་པའི་ཁྱི་རྒན་རྒྱ་སྟག་ མོའི་གམ་ལ་ནུར་བཞིན་པ་མཐོང་བས། སེམས་ལ་རལ་གྲིས་བསྣུན་པ་ལྟར་ཟུག་གཟེར་བཟོད་ཐབས་བྲལ་བ་ཞིག་
ལངས།
                        1993.7.12


 

རྩོམ་ཁུངས། སྒྲུང་ཐུང་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།