གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཁོང་གི་ཟུག་གཟེར། (<སྒྲོལ་མ་ཉེར་གཅིག>གི་གསུམ་པ)

2008-10-30 22:38:00 བཀྲ་བྷ། ཀློག་གྲངས། མཆན ཡོད།

     དེ་རིང་ནི་གསུམ་བརྒྱད་བུད་མེད་དུས་ཆེན་རེད—
     སྒྲོལ་མའི་གཡོན་རྐང་ཤིན་ཏུ་ན་རུང༌། ནམ་རྒྱུན་ལྟར་སྐྱ་རེངས་དང་པོ་དང་མཉམ་དུ་མལ་ལས་ལངས་ཏེ། གྱོལ་མ་ལྡིང་གིས་ཕྱུགས་རྫིར་འགྲོ་དགོས་
པའི་བུ་མོར་ནངས་ཇ་བསྐོལ་རྗེས། གྱོལ་མ་ལྡིང་གིས་སྒོ་ཕྱུགས་ངན་ངོན་ལ་གཟན་ཆས་བྱིན། དེ་ནས་ཡང་གྱོལ་མ་ལྡིང་གིས་འབྲི་རྒན་ཡར་མ་དེ་ཚོ་བཞོས་
པ་ན། ཉི་མ་རི་རྩེ་ནས་དམར་ལམ་ལམ་ཡར་འཕགས་པས། ཁོ་མོས་གྱོལ་མ་ལྡིང་གིས་ནོར་ལུག་ལྷས་ནས་ཕུད་དེ། བུ་མོ་ཕྱུགས་རྫིར་མངགས།
     “ལྷ་འཚོ། ཟོག་རྩྭ་ཡོད་སར་ཐེད།”
     “འོ་ཡ།”
     ནོར་ལུག་ཤིན་ཏུ་དལ་བའི་ངང་མདུན་ཕྱོགས་ཀྱི་རི་ངོས་སུ་འགོས་པ་དང༌། མ་མོ་ཁ་མཐོ་དང་ངན་ངོན་རྣམས་རིམ་གྱིས་རྗེས་སུ་ལུས། ན་ནིང་ལོ་
ཧྲིལ་བོར་ཐན་པ་བྱུང་བས། ད་ལོའི་ཕྱུགས་ཀྱི་ཤ་ཤེད་ཧ་ཅང་ཞན། ཁོ་མོའི་ཡིད་ལ་སྐྱ་ཟད་སྔོ་སྡུག་གི་དུས་དང་ཁྱོ་གས་བསགས་པའི་དོམ་རྣམས་ཤར་མ་
ཐག་དངན་པ་རིང་བོ་འགའ་འཐེན་དགོས་བྱུང༌།
     ཉི་མ་རི་རྩེ་ནས་ཐག་ཚད་འགའ་ལ་འཕགས་འདུག་མོད། ཚེ་རིང་ད་དུང་ཁོའི་གོམས་སྲོལ་ལྟར་གཉིད་འདུག  སྒྲོལ་མ་སྦྲའི་མ་ཁྱིམ་གྱི་སྒོ་ཕྱར་འོག་
གློ་ཉལ་བྱས་ཏེ། ལུས་ཀྱི་ན་སར་ལག་པས་ཕུར་ཕུར་བྱེད་བཞིན་རང་གི་ལས་དབང་ལ་འཁང་ར་བྱས། ཁོ་མོ་ཚེ་རིང་ཚང་ལ་ཡོང་ནས་ལོ་བཅུ་གཅིག་འགོར་
སོང༌། ལོ་བཅུ་གཅིག་གི་རིང་ལ་ཚེ་རིང་གིས་ནམ་རྒྱུན་ཆང་འཐུངས་ནས་བཟི་ཚེ།“ཁྱོད་ངའི་སེམས་གཏིང་གི་ཆུང་མ་མིན་པས། ཁྱིམ་འདི་ནས་སྤྱུག་
ཐབས་བྱེད་དགོས”ཞེས་གཅར་རྡུང་བྱས་ཏེ། ཁོ་མོའི་ལུས་ལ་རྨ་ཤུལ་གྲངས་མེད་ཅིག་བཞག  མདང་དགོང་ཡང་ཁོ་ཆང་གིས་བཟི་རྗེས་ལུས་ལ་རྐང་
འཆག་བརྒྱ་ཕྲག་ཅིག་བྱས་པས། དེ་རིང་ཁོ་མོས་གཡོན་རྐང་དྲུད་ནས་ཁྱིམ་ལས་ལས་དགོས་བྱུང༌། 
    ལས་དབང་ལ་འཁང་ར་དང་བསམ་གཞིགས་ཡུན་རིང་བྱས་རུང༌། སྔར་བཞིན་མཇུག་འབྲས་ཀྱིས་སྟོངས་པས། ཁོ་མོས་ཨམ་གཙིགས་བསྡམས་ནས་
ཡར་ལངས་ཏེ། གྱོལ་མ་ལྡིང་གིས་ནོར་ལྷས་སུ་ལྕི་བ་བཏུ་བར་སོང༌། 
    ནམ་རྒྱུན་ཡིན་ན་ལས་ཀ་འདི་ཡུན་ཙམ་གྱིས་ཚར་འགྲོ་མོད། དེ་རིང་ནོར་གཅིག་བཏགས་ཤུལ་གྱི་ལྕི་བའང་བཏུས་མི་ཚར་བ་ཅི་ཡིན།
    “ཨ་མ”བུ་ཆུང་གིས་སྦྲ་ནང་ནས་ཁོ་མོ་བོས་བྱུང༌།
    “ཅི་རེད།”
    “ཨ་ཕས‘མགོ་ན་ནས་བཟོད་དཀའ། མྱུར་དུ་ཤ་ཁུ་གདུས’ཟེར།”
    “ངས་ལྩི་བ་བཏུ་བཞིན་ཡོད། བཏུས་ཚར་ན་རེམ་མ་ཡོང༌།”
    སྐབས་འདིར། སྒྲོལ་མ་ལ་འཚུབ་ཆ་ལངས་ཏེ་ལྕི་སྒྱེ་ཕྲག་ལ་ཤུགས་ཀྱིས་འཕངས་པ་དང་བསྟུན་ནས་རྐང་བ་གཟེར་བྱུང་ནའང༌། ཨམ་གཙིགས་
བསྡམས་ནས་མུ་མཐུད་དུ་ལྩི་བ་བཏུས་པས། དཔྲལ་ངོས་ནས་རྔུལ་ཆུ་ཞམ་ཞམ་དུ་བཞུར།
    “ཨ་མ།”བུ་ཆུང་གིས་སྐད་མཐོན་པོས་ཁོ་མོ་བོས།
    “ཨ་མས་གོ་ཐལ་ཡ། ཨ་མ་རེམ་མ་ཡོང༌།”
    “རེམ་ཡ། ཨ་ཕས་ཡང་གཅར་རྒྱུ་རེད།”
    “……”
    སྒྲོལ་མས་སྒྱེ་མོ་མཆན་ལ་བཙིར་ཞིང་ཐུ་སྣེ་ལག་ཏུ་བཟུང་ནས་གྱོལ་མ་ལྡིང་གིས་ཁྱིམ་དུ་འཛུལ། 
    ཚེ་རིང་གིས་སློག་པ་དབོ་ལུག་བྱས་ཏེ་མལ་སའི་ནང་ན་ཙོག་འདུག་ལ། ཁོའི་གདོང་སྐྲངས་ནས་མིག་ཀྱང་རུབ་འདུག
    “ཁྱོད་ཀྱི་ངོ?”
    “ཆང་དུག་ཕོག་པ་འདྲ།”
    “ ཆང་དུག?”ཁོ་མོ་ཧད་སོང༌། མ་འགྱངས་པའི་སྔོན་ལ་ཆང་རྐྱལ་བློ་བཟང་ལ་ཆང་དུག་ཕོག་ནས་ཤི་བའི་དོན་ངན་དེ་ཡིད་གསལ་ལེར་ཤར་
པས། བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཕར་བརྒྱུགས་ནས་ཁྱོ་གའི་གདོང་ལ་བྱིལ་བྱིལ་བྱས་པ་ན།  བུ་ཆུང་ཨ་ཕའི་ཐུ་འོག་ནས་ཡར་ལངས་ཏེ་བགད་བྱུང༌།
    “ཅི་བྱུང༌། བླུན་ཕྲུག”སྒྲོལ་མ་ཡ་མཚར།
    “ཁྱོད་ཀྱིས་ཨ་ཕའི་གདོང་ལ་ལྕི་བ་བྱུགས་འདུག”
    ཁོ་མོས་ད་གཟོད་ལག་པ་མ་བཀྲུས་པ་ཡིད་ལ་ཤར།
    “སྒྲོལ་མ། འཚུབ་ཆ་མ་ལངས་དང་སྐྱོན་མེད།   ང་གཡག་ལུང་ནས་བཟི་ཐེངས་ཤིག་ལ་ཁ་ངོ་སྐྲངས་མོད། གཡུ་མཚོས་གདུས་པའི་ཤ་ཁུ་འཐུངས་རྗེས་
སངས་དྲག་ཏུ་སོང༌།”
    “གནམ་རྒན་མ། དེ་འདྲ་ཡིན་པར་སྨོན། ངས་རེམ་མ་ཤ་ཁུ་གདུ་ཡ།”
   ཉིན་གུང་ལ་ཐོན་པ་འདྲ། ཁ་ཚུབ་ཀྱི་དབྱིབས་དང་མཚུངས་པའི་ཉི་འོད་ཐབ་ཐོག་ཏུ་འཕྲོས་འདུག
   ཚེ་རིང་གིས་ཤ་ཁུ་བཏུང་རྗེས། གདོང་གི་སྐྲངས་པ་ཅུང་ཞུད་ཅིང་སྐྱ་བོར་གྱུར་བའི་མཁུར་མགོ་ལའང་དམར་མདངས་རྒྱས། ཁོས་བུ་ཆུང་མངགས་ཏེ་
ཐབ་ཐོག་གི་སྒྲ་སྡུད་འཁོར་ལོ་བླངས་ཏེ་གློག་སྒོ་ཕྱེས།
   “ཉན་མཁན་རྣམ་པ། དེ་རིང་ནི་གསུམ་བརྒྱད་བུད་མེད་དུས་ཆེན་ཡིན་པས། ང་ཚོས་ད་ཐེངས་ཀྱི་རིག་རྩལ་ལེ་ཚན་ནང་དུ། བོད་རིགས་བུད་མེད་
རྣམས་ལ་ཁ་ཤགས་སྐོར་ཞིག་བཀོད་བསྒྲིགས་བྱས་ཡོད།”
   “ཨ་ཕའི་རོ། ཡང་ཁ་ཤགས།”ཚེ་རིང་གི་ངོ་མདངས་སྐད་ཅིག་ལ་འགྱུར་ཏེ་སྒྲ་སྡུད་འཁོར་ལོའི་གློག་སྒོ་ཁྲོག་སེ་བརྒྱབ།
   “གློག་སྒོ་མ་རྒྱག་ཡ། སྨན་བླ་སྐྱབས་ཀྱིས་བཤད་པའི་ཁ་ཤགས་ཡོད་ན་ཐང༌།”སྒྲོལ་མའི་མིག་ཟུང་ལ་རེ་བའི་འོད་སྣང་ཉམ་ཆུང་བ་ཞིག་འཁྱིལ་
འདུག
   “ཡང<<བཟའ་འཁོན>>ལ་ཉན་འདོད་དམ། ང་སྐྱེ་ཕོ་རབ་ཅིག་ཡིན་པས<<བཟའ་འཁོན>>བརྒྱ་ལ་ཉན་རུང་གཤིས་རྒྱུད་མི་འགྱུར་རྡོ་རྗེ་བྲག་ཡིན།
ཁྱོད་ཁྱིམ་འདི་ནས་འདུག་མི་འདོད་ན་སོང་དང༌། ངས་གཡུ་མཚོ་བླངས་ཆོག  ཁོ་མོས་ང་བསམས་ནས་གཉེན་སྒྲིག་མ་བྱས་པ་མ་ཟད། ང་ལ་བུ་གཉིས་
ཀྱང་བཙས་ཡོད།”
   “སོང་ཡ། འགྲོ་ས་ཡོད་དམ།”
    སྒྲོལ་མ་མར་སྒྱིད་ཀྱི་ཕག་ཏུ་ཡིབ་ནས་སྐད་དམའ་མོས་ངུས་པ་ན། གཡོན་རྐང་གཟེར་བྲང་བྲེང་བྱེད་ལ། སེམས་པའང་གཟེར་བྲང་བྲེང་བྱེད།
 

རྩོམ་ཁུངས། སྒྲུང་ཐུང་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།