ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༧

                                          བདུན།
  ཚེ་སྐྱིད་ལ་ཐོག་མར་བྱིས་པ་བཙས་པ་ནི་བུ་མོ་ཞིག་ཡིན་པས་དོན་གྲུབ་ཅུང་ཡིད་ཕངས་པར་གྱུར་ཡང་ཚེ་སྐྱིད་ཀྱི་སེམས་ལ་བསྣད་པར་དོགས་ནས་སེམས་དོན་ངག་ནས་མ་ཕུད། བུ་མོ་བཙས་ནས་ཏག་ཏག་ཟླ་གཅིག་འགོར་བའི་དགོང་མོ་དེར་ཁྱོ་ཤུག་གཉིས་ཀ་སླར་ཡང་མལ་ཁྲི་གཅིག་གི་སྟེང་དུ་ཉལ་བ་རེད། མལ་ཁྲིའི་སྟེང་ནས་དོན་གྲུབ་ཀྱིས་ཚེ་སྐྱིད་ལ་“ཅི་འདྲ་རེད། བྱིས་པ་བཙའ་མི་ནུས་པ་ནི་ངའི་སྐྱོན་མ་ཡིན་པ་ཤེས་སོང་ཨང་། ད་ནི་ཞི་ལི་ཞིག་བཙས་པ་ན་ཁྱོད་ཀྱི་འགན་ཁུར་འགྲུབ་སོང་བ་རེད་”ཅེས་བཤད།
ཚེ་སྐྱིད་དེ་མ་ཐག་ཏུ་གནམ་ལ་ལྡིང་བྱུང་། “ཅི་ཟེར། ཁྱོད་ཀྱི་ཆུང་མ་སྔོན་མས་ཁྱོད་ལ་བྱིས་པ་བཙའ་མ་ནུས་པ་རེད་མོད། ངས་ནི་ཁྱོད་ལ་བུ་མོ་ཞིག་བཙས་ན་ད་དུང་ཡིད་མི་ཚིམ་པ་རེད་དམ་”ཟེར་ནས་བསམ་འཆར་བཤད་བྱུང་།
  དོན་གྲུབ་དགོད་བཞིན་དུ། “ཡིད་མ་ཚིམ་པ་ག་ལ་ཡིན། མ་བུ་མོའི་ཁོག་ལ་བུ་ཆུད་དགོས་ཟེར་བ་ལྟར་ཁྱོད་ལ་བྱིས་པ་བཙའ་ནུས་པས་དེ་ལྟར་བཤད་པ་ཡིན་”ཞེས་བཤད།
ཚེ་སྐྱིད་ཀྱིས་“འོ་ན་ཁྱོད་ཀྱིས་བྱིས་པ་བཙའ་རྒྱུ་རྟ་སྦངས་གཏོང་བ་ལྟ་བུའི་ལས་སླ་མོ་ཞིག་རེད་སྙམ་མམ། བྱིས་པ་ཞིག་བཙས་ན་ཨ་མ་དམྱལ་བར་ཐེངས་གཅིག་འགྲིམས་ཀྱིན་ཡོད་པ་རེད། ཁྱོད་ཀྱིས་ང་རང་གསོད་འདོད་པ་ཡིན་ནམ་”ཟེར།
  དོན་གྲུབ་ཀྱིས་ཁོ་མོར་ཞུ་བ་བྱེད་དགོས་བྱུང་། “ཁྱོད་ལ་ཁག་མེད་པ་ངས་ལོས་ཤེས་མོད། གང་ལྟར་སྲིད་ཇུས་ལྟར་ན་བྱིས་པ་གཉིས་བཙའ་ཆོག་པ་ཡིན་པས། ཁྱིམ་ནང་དུ་བུ་བུ་མོ་གཉིས་ཡོད་ན་ཧ་ཅང་བཟང་བ་མ་རེད་དམ་”ཞེས་བཤད།
ཚེ་སྐྱིད་ཀྱི་སེམས་ནས་ཀྱང་བུ་མོར་ཕུ་བོ་ཡོད་ན་ཅིས་མི་འདོད། ད་དུང་དེ་སྔ་ནས་ཁོ་ལ་བུ་ཕྲུག་བཙའ་རྒྱུ་ནི་རང་གི་ཆེད་ལས་ཡིན་ཞེས་ཚིག་ཤོར་ཡོད་པས། ཅུང་ཙམ་ལ་འདང་ཞིག་བརྒྱབ་རྗེས་ན་རེ། “ཆོག་གི་ཆོག་གི  ཁྱོད་ཀྱིས་བཤད་པར་གནས་ལུགས་ཡོད་པ་ལྟར་བྱོས། ངས་ཁྱོད་ཀྱི་ཆེད་དུ་སླར་ཡང་དམྱལ་བར་ཐེངས་གཅིག་འགྲིམ་པར་བྱ། འོན་ཀྱང་ངས་བཙའ་བའི་དུས་སུ་ཁྱོད་དེ་སྔ་ལྟར་དགོད་མི་ཆོག་”ཟེར།
  དོན་གྲུབ་ལ་དགོད་རྒྱུ་ཞིག་བྱུང་ཡང་བཙན་ཚུགས་ཀྱིས་བསྲན་ནས། “ང་རང་བགད་ཚེ་ཁྱོད་ཀྱིས་ང་ལ་ཆད་པ་བཅད་ཆོག་”ཅེས་བཤད།
བྱིས་པ་གཉིས་པ་མངལ་སྦྲུམ་ནས་ཟླ་ལྔ་ལྷག་འགོར་བ་ཚེ་སྐྱིད་ཀྱི་ཕོ་བ་མངོན་གསལ་དུ་ཆེ་བར་སྣང་བས་ཁྱོ་ཤུག་གཉིས་ཀས་ད་ཐེངས་ངེས་པར་དུ་བུ་ཞིག་ཡིན་པར་སྙམ་གྱིན་ཡོད་ཅིང་། ཚེ་སྐྱིད་ཀྱི་སེམས་ཀྱང་སྔོན་ཆད་ལྟར་བདེ་ལ་བབས་སོང་། ཁོ་མོས་ཁྱིམ་ནང་དུ་བུ་མོ་སྙོར་བཞིན་དུ་ཐིག་ལྭ་སླེ་བར་སྦྱོང་གིན་ཡོད། ཁོ་མོས་སྔོན་ཆད་ཐིག་ལྭ་སླེ་མ་མྱོང་ལ་སླེ་ཡང་མི་ཤེས་མོད། ཁོང་ཚང་གི་ཁྱིམ་མཚེས་ཀྱི་བུད་མེད་ཀྱང་ཁོ་མོ་འདྲ་བར་འདི་གའི་སློབ་འབྲིང་གི་དགེ་རྒན་ཞིག་གི་ཆུང་མ་ཡིན་ཞིང་ཟླ་འགའི་སྔོན་ལ་འདི་གར་སྤོས་ཡོང་སྟེ་ཁྱིམ་མཚེས་སུ་གྱུར་བ་རེད། རིམ་བཞིན་དུ་ཁོ་མོ་གཉིས་ཀྱིས་ཕན་ཚུན་ངོ་ཤེས་པར་གྱུར་བ་མ་ཟད་ཧ་ཅང་འདྲིས་པར་གྱུར་ཏེ་ད་ལྟ་བློས་ཐུབ་ཀྱི་གྲོགས་མོར་གྱུར་ཡོད། ཁོ་མོའི་མིང་ལ་རྒྱ་མོ་སྐྱིད་ཟེར་ཞིང་ཕར་བལྟས་ཚོད་དུ་ཁྱིམ་ཚང་གི་འཚོ་བ་ཧ་ཅང་ཐབས་ཆག་རེད་མོད། ཁོ་མོ་ཐིག་ལྭ་སླེ་བར་ཧ་ཅང་མཁས་པར་འདུག་པས་ཚེ་སྐྱིད་ཀྱིས་ཀྱང་ཁོ་མོའི་གན་ནས་ལག་རྩལ་འདི་སྦྱངས་ཏེ་དོན་གྲུབ་དང་བུ་མོ་ལ་རི་མོ་སྣ་ཚོགས་པའི་ཐིག་ལྭ་སླེ་མགོ་བརྩམས་པ་རེད། དོན་གྲུབ་ཀྱིས་ཁོ་མོའི་ཕོ་བ་ཆེ་བས་འགུལ་སྐྱོད་བྱས་ན་བཟང་ཞེས་ནམ་རྒྱུན་གྱི་དགོང་དྲོའི་དུས་སུ་ཁོ་རང་གིས་བུ་མོ་ཁྱེར་ནས་ཁྱོ་ཤུག་གཉིས་ཀ་ཕྱི་རོལ་ཏུ་འཆམ་འཆམ་དུ་འགྲོ་བཞིན་ཡོད་མོད། དོན་གྲུབ་ལས་ཀར་ཕྱིན་པའི་སྐབས་དག་དང་ནམ་རྒྱུན་ཁྱིམ་ནང་དུ་གཅིག་པུར་བསྡད་དེ་སུན་སྣང་སྐྱེ་བའི་དུས་དག་ཏུ་ཚེ་སྐྱིད་ཁོ་མོ་ཚང་དུ་འགྲོ་བའམ་རྒྱ་མོ་སྐྱིད་ཁོང་ཚང་ལ་བོས་ནས་ཐིག་ལྭ་སླེ་བཞིན་དུ་ཁ་བརྡ་བྱས་ཏེ་ཉི་མ་གཏོང་གིན་ཡོད། ནམ་རྒྱུན་ཁོ་མོ་གཉིས་ཀ་ལྷན་དུ་བསྡད་ཚེ་ཁ་བརྡ་ཧ་ཅང་འཛོམས་པོ་ཡོད་དེ། ཆེ་བ་རྒྱལ་ཁབ་ཕྱི་ནང་གི་དོན་ཆེན་ནས་ཆུང་བ་མཐའ་འཁོར་གྱི་བུད་མེད་དག་གི་གྱོན་གོས་ཀྱི་གསར་རྙིང་ཐམས་ཅད་གླེང་ཞིང་དཔྱད་ལ། དཔྱད་ནས་ཀྱང་དགོད་པར་བྱེད་པ་ཡིན།
  གུང་ཟས་འཐུང་རྗེས་དོན་གྲུབ་ཀྱིས་གུང་གཉིད་བྱེད་དགོས་ཟེར་ནས་གཟིམ་ཁང་དུ་ཕྱིན་ནས་བུ་མོ་བསྙལ་ཡོད་པའི་གན་ནས་ཉལ་བྱུང་བས། ཚེ་སྐྱིད་ཀྱིས་ཟས་སྣོད་དག་ཉར་ཚགས་བྱས་ཤིང་ཁྱིམ་ནང་ཡོངས་ལ་གད་བདར་གཙང་མ་ཞིག་བྱས་རྗེས། ད་ནི་དོན་དག་ཅི་ཡང་མི་འདུག་པས་གཅིག་པུར་འདུག་མ་འདོད་པར་སྒོ་ཕྱིར་བུད་དེ་ཁྱིམ་མཚེས་ཚང་གི་ཕྱོགས་སུ་འཁོར་ནས། “ཝེ། རྒྱ་མོ་སྐྱིད། ”ཅེས་ལན་འགར་བོས་བྱུང་།
  རེ་ཞིག་ནས་ལྷས་རའི་བར་གྱང་གི་ཕ་རོལ་ནས་བུད་མེད་ཅིག་གིས་ཁོ་མོའི་འབོད་དོན་སྔར་ནས་རྟོགས་ཡོད་པ་ལྟར། “ཡ་ཡ། ཡོང་གིན་ཡོད་”ཅེས་ལན་བཏབ་བྱུང་།
ཁོ་མོ་དལ་དལ་ངང་ཕྱིར་ཁྱིམ་ནང་དུ་ཡོང་ནས་འབོལ་ཁྲིའི་སྟེང་དུ་བསྡད་རྗེས་ཧ་ཅང་སྐྱིད་སྣང་གིས་སྣ་གླུ་ཞིག་ལེན་བཞིན་འགྲམ་རོལ་ཏུ་སླེ་འཕྲོར་བསྐྱུར་ཡོད་པའི་ཐིག་ལྭ་དེ་ལག་ཏུ་བླངས་ནས་སླེ་མགོ་བརྩམས། ཐིག་ལ་སླེ་བཞིན་དུ་ལན་རེར་དགྱེ་ནས་བསྡད་དེ་དོན་ཅི་ཞིག་ལ་བསམ་བློ་གཏོང་བ་ལྟར་སྡོད་ཅིང་དེ་འཕྲལ་སླར་ཡང་གདོང་ལ་འཛུམ་ཞིག་ལངས་ནས་མུ་མཐུད་དུ་ཐིག་ལྭ་སླེ་བར་བྱེད། ཕར་བལྟས་ཚོད་ཀྱིས་ད་ལྟ་ཁོ་མོར་སེམས་ཁྲལ་ཅི་ཡང་མེད་པ་འདྲ།
  ཅུང་མ་འགོར་བར་ཁྱིམ་མཚེས་ཀྱི་བུད་མེད་རྒྱ་མོ་སྐྱིད་ཀྱིས་ཀྱང་ཐིག་ལྭ་སླེ་བཞིན་དུ་སྒོ་ཕྱེ་ནས་ནང་དུ་ཐོན་བྱུང་། ཁོ་མོ་ནང་དུ་ཡོང་རྗེས་སྒོ་གཏད་བཞིན་དུ་གདོང་ལ་འཛུམ་ཞིག་ལངས་ནས་“ཅི་རེད། གུང་ཟས་ཀྱང་འཐུང་དུ་མི་འཇོག་པ་ཅི་ཡིན་”ཟེར།
  ཚེ་སྐྱིད་ཀྱིས་རང་ཉིད་ཀྱི་གཡུགས་ལས་ཀ་ངོམ་འདོད་པ་ལྟར་། “ངས་ད་སྔོན་ནས་གུང་ཟས་བསྐོལ་ཏེ་འཐུང་ཡང་ཟིན་པ་ཡིན། ཁྱོད་ཀྱིས་ད་བར་དུ་ཅི་བྱས་པ་ཡིན་”ཞེས་བཤད།
  རྒྱ་མོ་སྐྱིད་ཀྱང་ཚེ་སྐྱིད་ཀྱི་འཁྲིས་སུ་བསྡད་དེ་འཛུམ་མདངས་ཕྱིར་བསྡུས་ཅུང་སུན་པའི་ཚུལ་གྱིས། “ངས་ཀྱང་སྔ་མོ་ནས་བསྐོལ་ཟིན་ཡང་ཁོ་ནི་ལས་གྲོལ་བྱས་ཏེ་ད་སོ་མར་ཐོན་པ་རེད། ད་ལྟ་སློབ་མགོ་བརྩམས་ཟིན་པས་ཁོ་ཚོའི་ལས་ཀར་བྲེལ་བ་ཧ་ཅང་ཆེ་བ་རེད་”ཟེར།
  ཚེ་སྐྱིད་ཀྱིས་ཀྱང་ཁོ་མོའི་ཁྱོ་གར་གདུང་སེམས་བཅངས་ཀྱིན་པའི་ཉམས་ཀྱིས། “རེད་ཡ། དགེ་རྒན་བྱས་ན་ཧ་ཅང་དཀའ་མོ་རེད། ནམ་རྒྱུན་ཁོམ་དུས་ཤིག་མི་འདུག  དེ་ལས་ལས་ཁུངས་གཞན་ཞིག་གི་ནང་དུ་ལས་བསྒྱུར་བྱས་ན་མི་བཟང་ངམ་”ཞེས་བཤད།
  རྒྱ་མོ་སྐྱིད་ཀྱིས་བཅོས་ཐབས་མེད་པའི་ཉམས་ཤིག་བཏོད་ནས། “ངས་ཀྱང་དེ་ལྟར་བཤད་པ་ཡིན་མོད་ཁོས་མི་ཉན་པར་འདུག  ཁོ་རང་དགེ་རྒན་གྱི་བྱ་བར་ཧ་ཅང་དགའ་ཟེར་”ཞེས་བཤད་པ་དང་། སླར་ཡང་དགོད་ཙམ་བྱས་ཏེ་“ངོ་མ་བཤད་ན་དགེ་རྒན་དག་གི་བྱ་བ་ཡང་ཧ་ཅང་ལྕི་མོད་ཟླ་ཕོགས་ཀྱང་མཐོ་བས་ངས་མུ་མཐུད་དུ་ཨུ་ཚུགས་བྱེད་དགོས་མི་འདུག་”ཟེར།
  ཚེ་སྐྱིད་ཀྱིས་ཅུང་མ་དགའ་བ་ལྟར་དེ་མུར། “སྡུག་དེ་འདྲ་མྱངས་པའི་ཚོད་ཀྱི་ཟླ་ཕོགས་ཤིག་ག་ལ་ཡོད། ལས་བྱེད་པ་གཞན་དག་ལ་ཞོར་གྱི་ཡོང་སྒོ་ཡང་ཧ་ཅང་མང་བར་འདུག ངེད་ཚང་གི་དོན་གྲུབ་ལ་མཚོན་ན་ཡང་ཟླ་བ་རེ་རེའི་ཟླ་ཕོགས་ལ་ལག་པས་རེག་མི་དགོས་པར་འདུག ད་དུང་དགེ་རྒན་ཚོ་འདྲ་བའི་སྡུག་ཅི་ཡང་མྱོང་མི་དགོས་པ་རེད”ཅེས་བཤད།
  རྒྱ་མོ་སྐྱིད་ཀྱིས་ཅུང་ཡིད་སྨོན་པའི་ངང་། “དཔོན་པོ་ཡིན་ན་དེ་འདྲ་ལོས་ཡིན། འོན་ཀྱང་ལས་བྱེད་པ་གཞན་དག་ལ་དེ་འདྲ་ཞིག་ག་ལ་ཡོད། ཁོ་ཚོའི་ལས་ཀའང་ཡང་བ་རེད་མོད་་་་”ཟེར།
  ཕལ་ཆེར་ཚེ་སྐྱིད་ལ་མཁོ་བའི་སྐད་ཆ་ཡང་དེ་ཡིན་པ་འདྲ། ཁོ་མོས་མུ་མཐུད་དུ་གླེང་གཞི་དེའི་རྒྱུན་མི་སྐྱོང་བར། ཅུང་ངའོ་སྙམ་པའི་ཉམས་འགྱུར་ཞིག་བསྟན་ནས། “མདང་དགོང་ཡང་དཔོན་པོ་འགའ་ཁྱིམ་ནང་དུ་ཁྲིད་ཡོང་སྟེ་ནམ་གུང་བར་དུ་ཆང་འཐུངས་ནས་གཉིད་དུ་མ་བཅུག་པས་ཡིད་སུན་པར་བྱས་སོང་། དེ་རིང་རང་ཉིད་གཅིག་པུ་བསྡད་ན་གཉིད་འགྲོ་བར་དོགས་ནས་ཁྱོད་རང་བོས་ནས་ཁ་བརྡ་བྱེད་བསམ་པ་ཡིན་”ཞེས་བཤད།
  རྒྱ་མོ་སྐྱིད་ཀྱིས་ཀྱང་དེ་མུར་ཁོ་མོར་རྒྱུས་ལོན་བྱེད་ཀྱིན་པའི་རྣམ་འགྱུར་ཞིག་བསྟན་ནས། “ཁྱོད་ལའང་ཁག་མི་འདུག མདང་དགོང་ཁྱོད་ཚང་ན་འུར་ཆེ་བ་ངེད་ཚང་ནས་ཀྱང་ཐོས་ཐུབ། ཁྱིམ་ནང་དུ་ཆང་འཐུང་ཡོང་སྟེ་གཉིད་དུ་མ་བཅུག་པ་ལས་ཡིད་སུན་པ་ཞིག་གང་ན་ཡོད། ངེད་ཚང་གི་ཁོས་ཆང་མི་འཐུང་བས་ངེད་ཚང་ལ་ཆང་འཐུང་མི་ཡོང་བར་འདུག ཁྱིམ་ནང་དུ་ཆང་འཐུང་མ་ཡོང་བ་དེ་ནི་ངོ་མ་དགེ་བ་ཞིག་རེད་”ཟེར།
  ཚེ་སྐྱིད་ཀྱིས་རང་ཉིད་ཀྱི་སྐད་ཆར་དག་བཅོས་བྱེད་པ་ལྟར། “ངས་ཀྱང་དོན་གྲུབ་ལ་དེ་ལྟར་བཤད་པ་ཡིན་མོད། ཁོས་ནི་ད་ལྟའི་དུས་འདིར་ཆང་མ་འཐུང་ན་གྲོགས་པོ་མི་འདུག་ཟེར། ད་དུང་ཁོ་ཚོ་དཔོན་པོ་དག་ལྷན་དུ་འདུས་ན་ཆང་ཞིག་མི་འཐུང་བར་ཡང་ཅི་ཞིག་བྱ་ཨང་”ཟེར།
བར་དེར་གཟིམ་ཁང་ནང་ནས་བུ་མོ་ངུས་བྱུང་བས། ཚེ་སྐྱིད་ཀྱིས་ཁོ་མོ་གཉིས་ཀྱི་ཁ་བརྡར་བར་ཆད་བྱས་སོང་པར་ཅུང་སུན་པའི་ཉམས་ཀྱིས་སྐེ་དེ་ཕྱོགས་སུ་འཁོར་ཏེ་ཅུང་བཀའ་འབེབས་པའི་གདངས་ཀྱིས་“ཝེ། དོན་གྲུབ། ཁྱོད་ཀྱིས་དེ་ལ་ཁ་ཡ་ཙམ་བྱས་ན་མི་ཆོག་གམ་”ཞེས་བཤད་།
  ཕ་རོལ་ནས་དོན་གྲུབ་ཀྱིས་ཀྱང་བུ་མོ་སྙོར་བའི་སྐད་ལྡབ་ལྡིབ་ཐོས་ཡོང་མོད། ཅུང་མ་འགོར་བར་སྐད་ཅུང་གསལ་བོའི་ངང་“ཁོ་མོ་ལྟོགས་ཀྱིན་འདུག། ཁྱོད་ཀྱིས་ཁོ་མོར་འོ་མ་ཞིག་བླུད་དང་”ཟེར། དེ་ལྷན་དུ་བུ་མོ་རྐང་རྗེན་དུ་གཟིམ་ཁང་ལས་བུད་དེ་ཨ་མའི་གན་དུ་གོག་ནས་ཐོན་བྱུང་།
  ཚེ་སྐྱིད་ཀྱིས་བུ་མོར་བལྟས་ཏེ་དགོད་བཞིན་དུ་སྡིགས་མོ་བྱེད་པའི་རྫུ་ཞིག་དོད་དེ། “ཚང་མས་ཟ་མ་ཟ་དུས་གཉིད་ནས་མི་ཟ། གཉིད་ལས་སད་དུས་ལྟོགས་ཀྱིན་འདུག ཕག་མ་འདི་་་་”ཞེས་བཤད་རྗེས་ཐིག་ལྭ་སླེ་མཚམས་བཞག་ཅིང་ཡར་ལངས་ཏེ་ཇ་ཁང་ནང་དུ་བུ་མོར་འོ་མ་ལེན་དུ་བུད་སོང་། རྒྱ་མོ་སྐྱིད་ཀྱིས་བུ་མོ་ཁོ་མོའི་གན་དུ་འབོད་ཀྱིན་འདུག
  ཚེ་སྐྱིད་ཀྱིས་བུ་མོར་འོ་མ་ཁྱེར་ནས་ཕྱིར་ཡོང་དུས་ཁྱིམ་མཚེས་བུད་མེད་ཀྱིས་བུ་མོ་ཆུང་བར་ཁ་རྩེད་ཀྱིན་འདུག་ལ་བུ་མོ་ཡང་ཁོ་མོར་འདྲིས་ཆ་ཡོད་པས་ཕྱིར་པང་དུ་འཁྱུད་ཀྱིན་འདུག ཚེ་སྐྱིད་ཀྱིས་བུ་མོར་བལྟས་ཏེ། “ཁྱོད་ཀྱིས་ཨ་ནེ་སུན་དུ་མ་འཇུག མྱུར་དུ་སར་བོབས་ལ་འོ་མ་ཐུངས་ཞིག”ཟེར་བས། བུ་མོས་ཀྱང་ཨ་མའི་ལག་ནང་གི་ཤེལ་ཕོར་མཐོང་འཕྲལ་སར་བབས་ནས་ཡང་བསྐྱར་ཨ་མའི་པང་དུ་འཁྱུད་བྱུང་།
  སྐབས་དེར་དོན་གྲུབ་ཀྱང་གཟིམ་ཁང་ནང་ནས་ཕྱིར་བུད་ཡོང་སྟེ་རྒྱ་མོ་སྐྱིད་ལ་འཚམས་འདྲི་ཞིག་བྱས་རྗེས་ཚེ་སྐྱིད་ལ་བལྟས་ཏེ། “ང་རང་ལས་ཀར་འགྲོ་རྒྱུ་ཡིན། ཕྱི་དྲོ་ལས་ཁུངས་ནང་དུ་དོན་དག་ཕྲན་ཙམ་ཡོད”ཟེར།
  ཚེ་སྐྱིད་ཀྱིས་ཧ་ཅང་སེམས་ཁུར་བྱེད་པའི་ཉམས་ཤིག་བཏོད་ནས། “ཇ་ཞིག་འཐུང་ནས་སོང་ཞིག་ཨང་། ཕྱི་དྲོ་ཚད་པ་ཆེ་བས་ཁ་མི་སྐོམ་མམ་”ཞེས་བཤད།
དོན་གྲུབ་ཀྱིས་“མི་དགོས། ལས་ཁུངས་ནང་དུ་སོང་ནས་འཐུང་ཆོག་པ་རེད་”ཟེར།
  དོན་གྲུབ་ནང་སྒོའི་ཁར་ཐོན་དུས་སླར་ཡང་ཚེ་སྐྱིད་ཀྱིས་བོས་བྱུང་། ཁོ་མོས་འཛུམ་དམུལ་དམུལ་དུ་བཤད་རྒྱུར། “ལས་གྲོལ་བྱས་ཏེ་ཁྱིམ་དུ་ལོག་དུས་ང་ལ་ཀ་ར་དབུགས་རྒྱག་ཅིག་ཉོས་ལ་ཤོག”ཅེས་བཤད།
  “ཡ་ཡ”
  དོན་གྲུབ་ཀྱིས་མགོ་བོ་ལྡེམ་ཙམ་བྱས་རྗེས་ཕྱི་རོལ་ཏུ་བུད་ཅིང་སྒོ་བརྒྱབ་བྱུང་། ཚེ་སྐྱིད་ཀྱིས་དོན་གྲུབ་ལ་ཀ་ར་དབུགས་རྒྱག་ཉོས་ལ་ཤོག་ཟེར་བ་ནི་ཁོ་མོའི་ལག་ཏུ་ཀ་ར་དབུགས་རྒྱག་ཉོ་བྱེད་ཀྱི་སྒོར་མོ་མེད་པ་མིན་ལ་ཁོ་མོ་རང་ཉིད་ལ་ཉོ་རུ་འགྲོ་བའི་དུས་ཚོད་མེད་པ་ཡང་མ་ཡིན་པར། མི་གཞན་གྱི་མདུན་དུ་ཁྱོ་གས་རང་ཉིད་ལ་འདང་རྩིས་ཅི་འདྲ་ཆེ་བ་ངོམ་སོ་བྱེད་འདོད་པ་རེད། ཚེ་སྐྱིད་ལོ་ན་ཆུང་བའི་དུས་སུ་ན་མཉམ་གྱི་བུ་མོ་དག་གིས་ནམ་རྒྱུན་ཁ་ནང་དུ་ཀ་ར་དབུགས་རྒྱག་བལྡད་ཀྱིན་ཧ་ཅང་ཡིད་སྨོན་བྱེད་ཀྱིན་ཡོད། དེ་དུས་ཀ་ར་དབུགས་རྒྱག་རེར་སྐར་ལྔ་ཙམ་ལས་མ་ཡིན་ཡང་ཁྱིམ་ནང་ཧ་ཅང་དབུལ་ཞིང་ཁོ་མོར་དེ་ཉོ་བྱེད་ཀྱི་སྒོར་མོ་མེད་པས། ནམ་རྒྱུན་ཁྱིམ་ནང་དུ་ཕག་ཤ་བཙོས་པ་ན་ཕག་ཤའི་ཀོ་བ་དག་ཡན་གར་དུ་བསགས་ཏེ་བུ་མོ་གཞན་དག་གིས་ཁ་ནང་དུ་ཀ་ར་དབུགས་རྒྱག་བལྡད་དུས་སུ་ཁོ་མོས་ཀྱང་ཕག་ཤ་བཙོས་མའི་ཀོ་བ་དག་བལྡད་དེ་ཀ་ར་ཡིན་ཁུལ་བྱེད་རྒྱུར་གོམས་ཡོད། ད་ལྟ་ནི་ཁོ་མོར་ཀ་ར་དབུགས་རྒྱག་ཉོ་བྱེད་ཀྱི་ཆ་རྐྱེན་ལྡན་པར་མ་ཟད་ཁྱོ་ཀས་ཉོས་ཏེ་ཡོང་མི་དགོས་པར་འགྲམ་རོལ་གྱི་ཚོང་ཁང་ནང་དུ་ཡོད་པ་རེད་མོད། ཁོ་མོས་ནམ་རྒྱུན་ཁྱོ་གར་གཅེས་ལངས་བྱེད་འདོད་དུས་དང་བུད་མེད་གཞན་གྱི་མདུན་དུ་ཁྱོ་ག་རང་ཉིད་ལ་འདང་རྩིས་ཅི་འདྲ་ཆེ་བ་ངོམ་དུས་སུ་འདི་ལྟ་བུའི་བྱེད་ཐབས་བཀོལ་གྱིན་ཡོད་དེ། ཐ་ན་དངོས་རྫས་ཆུང་ངུ་ཙམ་ཉོ་ན་ཡང་ཆེད་མངགས་ཀྱིས་ཁྱོ་ག་བཅོལ་བར་བྱེད།
  “དོན་གྲུབ། ཕྱིར་ཁྱིམ་དུ་ལོག་དུས་ང་ལ་ངོ་སྣུམ་ཞིག་ཉོས་ལ་ཤོག”
  “ཡ་ཡ། ”
  “དོན་གྲུབ། ཁྱོད་ཡོང་དུས་ང་ལ་ཉི་དགའི་འབྲས་བུ་ཞིག་ཉོས་ལ་ཤོག”
  “ཡ་ཡ། ”
  “དོན་གྲུབ། ཕྱིར་ལོག་དུས་ང་ལ་རྐང་འབོབ་ཅིག”
  “ཡ་ཡ། ”་་་་་་
  གང་ལྟར་ཁྱོ་ག་ཕྱིར་ཁྱིམ་ནང་དུ་ལོག་དུས་སུ་ཁོ་མོས་མངགས་བཅོལ་བྱས་པ་དེ་དག་གཏན་བརྗེད་དུ་གྱུར་ཏེ་ལག་སྟོང་དུ་ཡོང་ཡོད་ན་ཡང་། ཁོ་མོར་མཚོན་ན་ཁྱོ་གས་མི་གཞན་གྱི་མདུན་སར་ཁོ་མོའི་ངོ་མ་བཟློག་པར་དང་ལེན་བྱས་པ་དེས་ཆོག་པ་རེད། ནམ་རྒྱུན་སྐབས་འདི་དག་ལ་ཁོ་མོའི་ཡིད་སེམས་སྤྲོ་བའི་བཟི་འགྲོ་བར་མ་ཟད་འཁྲིས་སུ་ཡོད་པའི་བུད་མེད་དེ་དག་གི་མདུན་ནས་རང་བཞིན་གྱིས་ངའོ་སྙམ་པའི་ང་རྒྱལ་ཞིག་སྐྱེས་འོང་།
  ཚེ་སྐྱིད་ཀྱི་ཡིད་སྤྲོ་བས་མྱོས་ཤིང་མུ་མཐུད་དུ་ཐིག་ལྭ་སླེ་བཞིན་རྒྱ་མོ་སྐྱིད་ལ་ཁ་བརྡ་བྱེད། ད་ལྟ་ཁོ་མོ་གཉིས་ཀྱི་གླེང་གཞི་ནི་ཁྱིམ་མཚེས་ཀྱི་བུད་མེད་གཞན་ཞིག་སྟེ་བཀྲ་ཤིས་དབང་མོ་ཞེས་པའི་ཕྱོགས་སུ་འཁོར་འདུག བཀྲ་ཤིས་དབང་མོ་ཟེར་བ་ནི་འདི་གའི་སྲིད་གཞུང་གི་ལས་བྱེད་པ་ཞིག་གི་ཆུང་མ་ཞིག་ཡིན་ཞིང་དེ་སྔ་འབྲུ་སྣུམ་ཀུང་ཟིའི་ལས་བཟོ་བ་དཀྱུས་མ་ཞིག་ཡིན་མོད་དེ་རྗེས་འབྲུ་སྣུམ་ཀུང་ཟི་གཏོར་རྗེས་ལས་བབས་བྱས་པ་དང་། ཉེ་སྔོན་ཡང་བསྐྱར་ལས་ཞུགས་བྱས་ཏེ་སྲིད་གཞུང་གི་ལས་ཁུངས་ཤིག་གི་གད་བདར་མཁན་བྱས་ཡོད་པ་རེད།
  རྒྱ་མོ་སྐྱིད་ན་རེ། “བཀྲ་ཤིས་དབང་མོ་ད་ལྟ་བརྒྱལ་འདུག་པར་ལྟོས་དང་། རྒྱ་སྲང་དུ་འགྲོ་ན་ཡང་ལས་བྱེད་བུད་མེད་དག་གི་རྗེས་འབྲངས་ནས་འགྲོ་བ་ལས་ང་ཚོའི་གན་དུ་མི་འོང་། ཁོ་མོ་ནི་ང་རྒྱལ་གྱིས་བརྒྱལ་རྒྱུ་ཅི་ཞིག་འདུག་ཨང་”ཟེར།
  ཚེ་སྐྱིད་ཀྱིས་ཅི་མི་སྙམ་པའི་ངང་། “ཁོ་མོ་ཡང་གད་བདར་བྱེད་མཁན་གྱི་གཡོག་པོ་ཞིག་རེད་པས་ང་རྒྱལ་སྐྱེས་རྒྱུ་ཅི་ཡོད། དེ་ལ་རུལ་མས་རང་མཐོ་བྱེད་ཟེར་བ་རེད་”ཞེས་བཤད།
  རྒྱ་མོ་སྐྱིད་ཀྱིས་ཀྱང་གློ་བུར་དུ་སེམས་ལ་ཅི་ཞིག་དྲན་ཏེ་དགོད་བཞིན་དུ། “ངོ་མ་དགོད་བྲོ་བ་ཞིག་རེད། ཁོ་མོས་གྱོན་ཡོད་པའི་སྟོད་གོས་དེར་ཁོ་མོས་སྒོར་སུམ་བརྒྱ་བྱིན་པ་ཡིན་ཟེར། ཁྲོམ་རའི་ནང་དུ་སྒོར་ལྔ་བཅུ་ཡིན་པ་ངས་དངོས་སུ་མཐོང་བ་ཡིན”ཟེར།
  ཚེ་སྐྱིད་ཀྱིས་ཁོ་མོའི་སྐད་ཆར་རྒྱབ་སྐྱོར་བྱེད་པའི་ཚུལ་གྱིས་ཧབ་ཆ་ཞིག་བྱས་ནས་། “ཁོ་མོས་དེ་སྔ་གྱོན་གྱིན་པའི་ལྭ་བ་དེ་དག་མ་མཐོང་ངམ། མདོག་ཡལ་ཏེ་རྙིང་ཟད་དུ་གྱུར་བ་ཤ་སྟག་རེད། ད་ལྟ་གློ་བུར་དུ་སྒོར་སུམ་བརྒྱ་ཅན་ཞིག་གོན་ཨེ་ཐུབ་བམ་”ཞེས་རྣར་མི་འགྲོ་བའི་ཚུལ་བསྟན།
  རྒྱ་མོ་སྐྱིད་ཀྱིས་མུ་མཐུད་དུ། “ཁོ་མོའི་ཁྱོ་ག་ནི་དེ་འདྲའི་ཆང་འཐུང་རྐྱལ་སྟོང་ཞིག་རེད། ཟླ་ཕོགས་སྒོར་མོ་ཚང་མ་ཆང་ལ་བརྗེ་བ་ཡིན་སྲིད་པས་ཁོ་མོར་ལྭ་བ་དེ་འདྲ་རྩ་ཆེན་ཞིག་ཉོ་སྤྱད་ག་ལ་ཡོད། ལབ་རྒྱག་པ་ཡིན་རྒྱུ་རེད་”ཟེར།
  “ངོ་མ་དེ་འདྲ་རེད། ”ཚེ་སྐྱིད་ཀྱིས་ཀྱང་དོན་དེ་གློ་བུར་དུ་ཡིད་ལ་དྲན་པ་ལྟར་“ཁྱོ་ག་དེ་འདྲ་ཞིག་གི་གན་ནས་ཉིན་གཅིག་ལ་ཡང་སྡོད་རྒྱུ་མ་རེད། ཁོས་ཆང་འཐུང་ཚེ་ཁྱིམ་ཚང་ལ་ཁ་ཡ་མི་བྱེད་སྐད་འདུག གོ་ཐོས་ལ་རྫོང་དཔོན་ཞིག་ཁོའི་གཉེན་ཚན་ཡིན་སྐད་འདུག དེ་མ་གཏོགས་ཁོ་མོའི་ལག་ལའང་ལས་ཀ་དེ་འདྲ་ཞིག་ག་ལ་ཡོང་”ཞེས་ཁ་གསབ་བྱས།
  རྒྱ་མོ་སྐྱིད་ཀྱིས་མུ་མཐུད་དུ་ཁ་སྣོན་བྱས་བྱུང། “ཁོས་ཆང་འཐུང་ཚེ་ཁོ་མོ་དང་བྱིས་པ་གཉིས་ཀ་ཡང་སྒོ་ལ་ཕུད་འགྲོ་བ་རེད་ཟེར། བྱིས་པ་གཉིས་ཀ་ངོ་མ་སྙིང་རེ་རྗེ་ཨང་”ཟེར།
  སྐབས་དེར་ཚེ་སྐྱིད་ཀྱིས་ཅུང་ཡིད་སྨོན་སྐྱེས་པའི་ཚུལ་གྱིས། “གོ་ཐོས་ལ་ཁོང་ཚང་གི་ཞི་ལིས་ད་ཐེངས་སློབ་གྲྭ་ཆེན་མོ་ལེགས་གྲས་ཤིག་ལ་རྒྱུགས་འཕྲོད་སོང་ཟེར་ཨེ་བདེན་ནམ། ཅི་འདྲའི་བྱིས་པ་རིག་རྒོད་ཅིག་ཡིན་ཨང་”ཞེས་དྲིས་བྱུང་།
  རྒྱ་མོ་སྐྱིད་ཀྱིས་ཅི་མི་སྙམ་པའི་ཉམས་ཤིག་བཏོད་ནས། “ཁོ་མོས་ཕྱོགས་ཀུན་ཏུ་དེ་ལྟར་སྒྲོག་གིན་འདུག་མོད་སློབ་གྲྭ་ཆེན་མོ་ཚང་མ་གཅིག་འདྲ་ལོས་ཡིན། ད་དུང་ཁོང་ཚང་གི་ཞི་ལི་རིག་གནས་ལ་བཟང་རབས་ཟེར། དེ་ཚང་མ་དགེ་རྒན་གྱིས་ཁྲིད་པ་ལོས་ཡིན་”ཟེར།
  ཚེ་སྐྱིད་ཀྱིས་བུ་མོར་འོ་མ་བླུད་རྗེས་རང་ཉིད་ཀྱི་འཁྲིས་སུ་སྡོད་དུ་བཅུག་ཅིང་སྔར་བཞིན་ཡིད་སྨོན་དང་བཅས། “ཁོང་ཚང་ལ་བུ་བུ་མོ་གཉིས་ཡོད་པས་ངོ་མ་ལས་ཅན་ཟེར་བ་རེད། ”ཟེར་བཞིན་ལག་གཡོན་པས་གང་བྱུང་ལྟར་རང་ཉིད་ཀྱི་ཕོ་བར་རེག་རེག་ཅིག་བྱས་སོང་།
  རྒྱ་མོ་སྐྱིད་དགོད་བཞིན་དུ། “དེར་ཡིད་སྨོན་བྱེད་རྒྱུ་ཅི་འདུགད་ལྟ་ཁྱོད་ལའང་བྱིས་པ་གཉིས་ཡོད་པ་མ་རེད་དམ། ཁོ་མོའི་བྱིས་པ་ནི་དེ་འདྲའི་ཁྱད་པར་ཅན་ཞིག་ག་ལ་ཡིན་”ཟེར།
  ཚེ་སྐྱིད་ཀྱིས་དེ་འཕྲལ་ཅུང་སེམས་ཁྲལ་བྱེད་ཀྱིན་པའི་ཉམས་ཤིག་བསྟན་ནས། “འོན་ཀྱང་ཁོག་ན་ཡོད་པ་འདི་ཞི་ལི་ཞིག་ཡིན་མིན་སུས་ཤེས། ཁོས་ནམ་རྒྱུན་བུ་ཞིག་ཡིན་པར་རེ་བ་བྱེད་ཀྱིན་འདུག ཁྱིམ་ཚང་ཞིག་ལ་མཚོན་ན་བུ་བུ་མོ་གཉིས་ཡོད་ན་ཆོག་པ་རེད་ཟེར་”ཅེས་བཤད།
  རྒྱ་མོ་སྐྱིད་ལ་བྱིས་པ་བུ་གཅིག་མ་གཏོགས་མེད་པས་དེ་མུར་ཚེ་སྐྱིད་ཀྱི་སྐད་ཆར་དག་བཅོས་བྱེད་པའི་ཚུལ་གྱིས། “ཞི་ལི་ཚོ་ནི་སེམས་ཁ་དཀྲུག་བྱེད་ཡིན་པས་ད་ལྟའི་དུས་འདིར་བུ་མོ་ཞིག་ཡིན་ན་ཡང་བཟང་བ་རེད། ངེད་ཚང་གི་ཁྱོ་གས་ནི་བུ་མོ་ཞིག་ལ་རེ་བཞིན་ཡོད་པ་རེད། འོན་ཀྱང་ངས་ནི་བྱིས་པ་གཅིག་མ་གཏོགས་བཙའ་མ་ཐུབ་པ་རེད། ཁྱོད་ཀྱི་ཕོ་བ་ཆེ་བར་བལྟས་ན་ཞི་ལི་ཞིག་ཡིན་ཁོ་ཐག་རེད་”ཅེས་ཁོ་མོར་སེམས་གསོ་བྱས་སོང་།
  སྐད་ཆ་དེ་ཚེ་སྐྱིད་ཀྱི་འདོད་ཐོག་ལ་ཁེལ་བྱུང་། དེང་ཐོག་ཧ་ཅང་དགའ་བའི་གད་མོ་ཞིག་བགད་ཅིང་། སླར་ཡང་འདང་ཞིག་བརྒྱབ་སྟེ་ད་སྔོན་གྱི་སྐད་ཆ་དག་བརྗེད་པ་ལྟར་ཅུང་ཡིད་སུན་གྱིན་པའི་ཉམས་ཤིག་བསྟན་ནས། “ངས་ཀྱང་བུ་མོ་གཅིག་པུ་མ་གཏོགས་མི་དགོས་ཟེར་བ་ཡིན་མོད། དོན་གྲུབ་ཀྱིས་ནི་ད་དུང་བུ་མོར་རྩེ་རོགས་ཤིག་ཀྱང་དགོས་འདུག་ཟེར། སྐྱེས་པ་ཚོའི་རེ་བར་ཁེངས་རྒྱུ་ཡོད་པ་མ་རེད་”ཅེས་བཤད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༧

2012-03-19 སྟག་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།