གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་རྩྭ་ཐང་དང་ལོ་ཟླ།

2012-08-23 21:32:00 ཁང་སར་ཚེ་དབང་རིག་འཛིན། ཀློག་གྲངས། མཆན ཡོད།

  མཐོ་སྒང་གི་ཡུལ་གྲུ་འདིའི་མི་རྣམས་ཀྱིས་གནའ་སྔ་མོ་ནས་ཡུལ་དུས་ཀྱི་གནམ་གཤིས་དང་ས་བབས་ལ་ཧ་ཅང་མཐུན་པའི་ལོ་གཅིག་གི་ཟླ་རེ་རེའི་གནམ་གཤིས་འགྱུར་ལྡོག་ལ་ཞིབ་འཇུག་སྤྱི་སྡོམ་བྱས་ཡོད་དེ།  དཔྱིད་ཟླ་དང་པོར་“བྱ་ཆུ་ནག་ལམ་ནག”ནས་དགུན་ཟླ་གསུམ་པར་“སྤྲེལ་ས་གད་རྡོ་གད།”ཀྱི་བར་གྱི་བཤད་སྟངས་དེས་དུས་རབས་ཉེར་གཅིག་པའི་བརྡ་འཕྲིན་ས་ཁྱབ་རྡོ་ཁྱབ་ཀྱི་དེ་རིང་ཡང་ཡིག་རྨོངས་ལས་ཐར་ཐུབ་མེད་པའི་རྩྭ་ཐང་གི་འབྲོག་པ་ཚོར་ཧ་ཅང་ནུས་པ་ལྡན་པའི་འཚོ་བའི་ཕྱོགས་སྟོན་ཞིག་ཏུ་གྱུར་ཡོད།
  ད་ལྟ་“གླང་རྩྭ་སྨྱོ་ཆུ་སྨྱོ།”ཞེས་རྩྭ་ཐང་གི་ལོ་གཅིག་གི་ཆར་ཆུ་ཆེས་མོད་ཅིང་།   རྩྭ་རྩི་ཤིང་ཀུན་ནས་རྒྱས་པ།  ཆབ་ཆུ་བོ་ཇེ་རྒྱས་སུ་འགྲོ་བ།   དུས་ཚིགས་གཞན་གསུམ་ཀར་ཐ་ན་ཆུ་རྡུལ་ཙམ་ཡང་མེད་པའི་ལུང་ཤུར་དག་གི་ནང་དུའང་ཆུ་ཕྲན་ལྷུང་ལྷུང་དུ་འབབ་ཀྱིན་ཡོད།    ཆུས་ཤུར་མོ་བཏོད་པའི་གྲམ་ཐང་དག་ནི་ཆེད་དུ་སྤྱོད་ཁང་མེད་པའི་འབྲོག་པའི་མཚེར་སར་མཚོན་ན་གཅིན་སྐྱག་གཏོང་ས་དང་ཐལ་བ་གཙོའི་གད་སྙིགས་ཕོ་སར་གྱུར་ཡོད་མོད།   ད་ལྟ་དེ་དག་ཀྱང་ཆུས་དེད་དེ་གང་ཞིག་ཏུ་བསྐྱལ་སོང་། 
   ཕུར་ཁོས་རྟ་སྔོ་ལུར་ཞོན་ཏེ་ནོར་དེད་ནས་རི་འདབས་སུ་འོང་གིན་ཡོད།  “ ངོ་མི་རིག་རྒྱུའི་གནམ་ངོ་། ངོ་མི་རིག་རྒྱུའི་གནམ་ངོ་།” སྐད་ཆ་འདི་ཁོས་དེ་རིང་བཤད་པ་ཆེས་མང་བ་ཡིན་མོད་དེ་ནི་ཁེར་བཤད་རྐྱང་བ་ལས་ཉིན་གང་བོར་རྫི་རོགས་གཅིག་ཀྱང་མེད།  ཁོས་ཆར་ལྭ་ནག་པོ་རིང་བོ་ཞིག་གོན་ཡོད་པས་ཁོག་སྟོད་རློན་མེད།  འོན་ཀྱང་རྟ་སྒ་ལས་ཡར་རློན་དེ་བརླ་རྩ་ནས་རྐང་མགོའི་བར་དུ་རློན་པར་ཆགས་ནས་ཧ་ཅང་མི་བདེ་བ་ཞིག་ཏུ་གྱུར་ཡོད།  མཚན་མོར་བདེ་སྐྱིད་ཀྱིས་ཁོ་ལ་ཉལ་བོ་བྱེད་འདོད་ཀྱི་རྣམ་འགྱུར་བསྟན་ནའང་ཁོ་རང་ཉིན་གང་བོར་ཆར་ཆུའི་ནང་དུ་སོང་བས་ཡིན་ནམ་ལུས་པོ་ཉོག་པོར་ཆགས་ཡོད་ཕྱིར་དང་ལེན་མ་བྱས།  ཉལ་ནས་སྐར་མ་ཁ་ཤས་ལས་མ་འགོར་བར་གཉིད་སོང་ལ།  རྔུལ་བ་ཞིག་དང་མཉམ་དུ་རྨི་ལམ་གྱི་ཞིང་དུ་འབྱམས།  དེ་ནི་ཁོ་རང་གི་བྱིས་དུས་ཀྱི་འཚོ་བ་ལ་ཕྱིར་དྲན་བྱས་པ་ལྟ་བུ་ཞིག་རེད།  དངོས་གནས་ཁོ་ལ་ཕ་མས་གཅེས་མིང་གིས་བོས་པའི་ཕུར་བ་སྐྱབས་ལ་ཕུར་ཁོ་ཐོག་པའི་སྐབས་ཤིག་སྟེ།  དབྱར་གཞུང་དུ་ཁོ་དང་ཁྱིམ་མཚེས་དག་གི་བྱིས་པ་དག་ཆུ་ཁར་སོང་ནས་རྩེད་མོ་སྣ་ཚོགས་རྩེས།  རྐང་མགོར་ལྷམ་ཡོད་སའི་བྱིས་པ་གཅིག་ཀྱང་མེད་ལ་ཐ་ན་འགའ་རེར་རྐེ་ལ་ཚི་དྲེག་ཆེན་པོ་ཆགས་པའི་མདུད་པ་རེ་ལས་གྱོན་པ་གང་ཡང་མེད་པར་གཅེར་བུ་གཅེར་རྐྱང་ཡིན།
  ཁོ་ཚོས་རྡོ་དཀར་པོ་མང་བོ་ཕྱོགས་གཅིག་ཏུ་བསྡུས་ཏེ་ཆེན་པོ་རྣམས་གཡག་དང་དེ་བཞིན་དུ་གཡུ་གུ   འབྲི།  ཡར་རུ།   བེའུ་སོགས་ཆེ་ཆུང་ལྟར་སྒྲིག་ནས་ཁྱེད་ཚང་གི་ནོར་དང་ངེད་ཚང་གི་ནོར་ཞེས་སུའི་མང་བལྟ་བ་དང་།   ནོར་རྡང་དུ་འདོག་པར་སུས་མགྱོགས་བལྟ་བ།   དེ་ནས་གཅིག་གིས་གཅིག་མགྲོན་དུ་འབོད་པ།   ཇ་བླུད་པ་སོགས་དྭངས་གཙང་བྱིས་པའི་བདེ་སྐྱིད་ཀྱི་འཇིག་རྟེན་ཞིག་བསྐྲུན་པའི་མོད་ལ།   བྱིས་པ་ཞིག་གློ་བུར་དུ་ཆུས་ཁྱེར་དེ་ཨག་སྐད་རྣར་གཟན་པ་ཞིག་ཁྱབ་པ་ན་ཁོ་རང་ཡང་སྐྲག་སྣང་ཆེན་པོ་ཞིག་སྐྱེས་ཏེ་ཨ་ཕ་ལ་འབོད་སྒྲ་བཏང་བ་དང་མཉམ་དུ་གཉིད་ལས་སད་པ་ན་ཆུང་མ་བགད་ཀྱིན་འདུག“་ཁྱོད་ཀྱིས་ཨ་ཕ་ལ་བོས་ཏེ་ཅི་ཞིག་བཤད་རྩིས་ཡོད།” ཅི་འདྲའི་དགོད་བྲོ་བ་ལ་ཨང་ཟེར།   ཁོ་རང་ད་དུང་སྙིང་ཆུང་སྟིག་སྟིག་ཏུ་ལྡང་གིན་འདུག   ཆར་བ་ཉིན་མོ་ལས་ཀྱང་ཇེ་དྲག་ཏུ་སོང་སྟེ།  ཤག་ཤག་ཏུ་འབབ་ཀྱིན་ཡོད་ལ།   སྦྲ་ནང་གི་ཆུ་ཤོག་སྟེང་དུ་ཐིག་ཆུའི་སྒྲ་ཤིན་ཏུ་མང་བོས་ཁྱབ་ཀྱིན་ཡོད་ཅིང་མཚམས་དང་མཚམས་རེར་གློག་འཁྱུག་པ་དང་འབྲུག་སྒྲ་རྣ་ལ་གཟན་པ་དག་གྲགས་ཀྱིན་ཡོད་པས་ཕུར་ཁོས་ཡང་བསྐྱར་ངག་རྡབ་མ་རྡུབ་ཀྱིས་ “ངོ་མི་རིག་རྒྱུའི་གནམ་ངོ་། ངོ་མི་རིག་རྒྱུའི་གནམ་ངོ་། ”ཞེས་བཟློ་ཞོར་ཡང་བསྐྱར་གྱོན་པས་མགོ་མཏུམ་ནས་རང་གིས་རང་གཉིད་ལ་བསྐུལ།   ཁོ་རང་ཇི་ལྟར་གཉིད་ལ་རེ་ནའང་ད་སྔོན་གྱི་རྨི་ལམ་འཇིགས་པོ་དེས་གཉིད་རྨུགས་ཏེ་རྒྱང་རིང་དུ་བསྐྲད།  ཕྱི་རོལ་དྲག་ཆར་གྱི་ཁྲོད་དུ་ཁྱི་སྐད་གཉོམ་པོ་འགའ་རེ་བསྟུད་མར་གྲགས་འོང་།  ཁྱི་སྐད་དེ་དག་སྤྱང་ཀིའི་རྫི་ལེན་པའི་ཚོར་བ་སྐྱེན་པོ་ལས་བྱུང་བ་མིན་ལ།  ཕྱི་རོལ་རྐུན་མ་འགོག་པའི་ངར་སྒྲ་ནི་དེ་བས་ཀྱང་མ་ཡིན།  སྒོ་ཁྱི་དེ་དག་གི་སྐེ་ལ་ལྕགས་ཐག་རྒྱ་མ་བཅུ་ཁ་ཉི་ཤུ་རེ་བསྐོན་ཞིང་ཕུར་བ་མི་ཚད་ལོངས་བ་རེའི་ངོས་སུ་དམ་པོར་བཏགས་ཡོད་པས་འདི་འདྲའི་ཆར་རླུང་གི་འཇིགས་ཟུར་རེ་རེའི་ཁྲོད་ནས་ཁོ་ཚོའི་ཉལ་ས་ཆུས་བཀང་བས་ཉམ་ཆུང་གི་ཟུག་རྔུ་ཡིན་མ་སྨོས་ཅི་དགོས།  ཕུར་ཁོས་ལས་ངན་གྱི་སྒོ་ཁྱི་དེ་དག་གི་ལས་དབང་ལ་བསམ་གཞིག་བྱས་པས་རང་ཉིད་ནི་བདེ་སྐྱིད་ལྷ་ཡི་གཞལ་ཡས་ཁང་ཞིག་གི་ནང་དུ་རིན་པོ་ཆེའི་ཁྲི་སྟེང་དུ་ཉལ་ནས་བསྡད་ཡོད་པའི་ཚོར་བ་བྱུང་།       
   ད་ལོར་མཐོ་སྒང་གི་འབྲོག་ས་འདིར་མཚོན་ན་སོས་སྔོན་མོ་ལ་ཁར་བུད་པ་ནས་བཟུང་།  གནམ་གཤིས་ཧ་ཅང་དྭངས་པའི་ཉིན་མོ་ཞིག་ནི་ཅི་འདྲའི་དཀོན་ཨང་།  ཕུར་ཁོས་འཛམ་གླིང་གི་ཡུལ་གྲུ་གཞན་དུ་སྨོས་ཅི།  ཁོ་རང་མི་ཚེ་འདིར་ཆེས་ཐག་རིང་བའི་ས་ཆར་ཐོན་སའི་ཁྲོ་སྐྱབས་ཐུགས་ཆེན་གྱི་ས་རུའང་གནམ་གཤིས་འདི་འདྲ་ཞིག་ཡིན་མིན་མི་ཤེས།  ཉིན་འགའི་སྔོན་དུ་ཁོ་རང་ཆུར་བ་རྒྱ་མ་འགའ་བཙོང་བར་རྫོང་ཐོག་ཏུ་འགྲོ་སྐབས་རོང་བ་བཟའ་ཟླ་གཉིས་ཀྱིས་གཉེར་བའི་ཟ་ཁང་དེའི་ནང་དུ་གྱོན་པ་གྲལ་དག་གྱོན་ཞིང་།  སྐད་ཆ་འདྲ་མིན་བཤད་མཁན་གྱི་སྐྱེས་པ་གཉིས་ཀྱིས་བཤད་པ་ལ་བལྟས་ན་རྒྱ་ནང་གི་ས་ཆ་མང་བོ་ཞིག་ཏུའང་ཆུ་ལོག་གིས་གྲོང་སྡེ་མང་བོའི་མི་རྒྱུ་གཉིས་ཀ་ཁུར་སོང་ཚུལ་ཐོས་པས་ཁོ་རང་ཧད་སོང་། ཟ་ཁང་གི་ཞབས་ཞུ་བས་བྱེ་ཐུག་ཁོའི་སྔོན་དུ་བཞག་སྟེ་མ་བོས་ན་ཟ་མ་ཟ་རྒྱུའང་བརྗེད་འདུག  སྐད་ཆ་དེ་དག་ཐོས་རྗེས་ནས་ཕུར་ཁོས་རྒྱུན་དུ་ཁོ་ཚང་ལ་ཆུ་ལོག་མི་འབྱུང་བའི་སྨོན་ལམ་རྒྱུན་དུ་རྒྱག་གིན་ཡོད།
   ད་ལོའི་ཆར་ཆུ་མོད་པོ་འདིས་མི་རྣམས་ལ་ཕྱོགས་ཀུན་ནས་རྒྱུན་དུ་སུན་པོ་བཟོ་བཞིན་ཡོད་ལ།  ལྷག་པར་དུ་ཕྱུགས་ལྷས་ཀྱིས་མི་འདང་བ་ནི་ཉེ་ཆར་འབྲོག་པ་འདི་དག་གི་ཆེས་མགོ་ན་བའི་དོན་དག་ཅིག་ཏུ་གྱུར་ཡོད།  ད་ལྟ་འབྲོག་ཁྱིམ་རེ་རེའི་མཐའ་སྐོར་ཡོངས་སུ་ཕྱུགས་ལྷས་རེས་མོས་ཀྱིས་དཔར་ནས་འདམ་འབག་གིས་ནག་གོར་རེར་གྱུར་ཡོད་པས་རྒྱང་རིང་གི་རི་སྒང་ནས་མར་བལྟས་ན་ལྗང་མདོག་གི་རྩྭ་ཐང་ལ་མེ་བཙའ་ཆེན་པོ་རེ་རེ་བཞག་ཡོད་པ་དང་འདྲ།  ད་ལྟ་ལྷས་སུ་ནོར་འདོག་ཕུད་དང་།  འབྲི་མོ་བཞོ་བ་ལྕི་བ་སྒུམ་པ་སོགས་ཕྱུགས་ལྷས་ཀྱི་ལས་ཀ་དག་ལས་ཚེ་ཆུ་ལྷམ་མ་གྱོན་ན་ཐབས་ཤེས་གཞན་མེད་པའི་ཚད་དུ་བསྐྱལ་ཡོད།  བུད་མེད་ཚོས་འབྲི་མོ་བཞོ་བ་ནི་དེ་ལས་ཀྱང་དཀའ་སྟེ།  རྡང་དང་ཕྱུ་གུ་དག་འདམ་ནང་དུ་ཟུག་ཡོད་པས་བེའུ་འདོག་ཕུད་རེ་རེས་འོ་མའི་ཁ་དོག་ཀྱང་ནག་པོ་ལྟ་བུར་བསྒྱུར་གྱིན་ཡོད་ལ།  ཁྱིམ་དུ་ཐོན་ནས་བཞོ་ཟེའུ་སྣོད་གཞན་དུ་བྱོ་སྐབས་ཟེའུ་རྐུབ་ཏུ་འདམ་ཁུ་ནག་ཏིག་གེ་རེ་ཆགས་ཡོད།  
   སྔོན་ཆད་འབྲོག་མོ་ཚོས་དབྱར་ཁའི་དུས་སུ་ཤར་སྐྱ་རེངས་སྐྱ་མདའ་མ་བཀྱགས་གོང་ནས་ཡར་ལངས་སྟེ།  འབྲི་མོ་བཞོས་ནས་ཡ་རུ་དང་བེའུ་རྣམས་ལ་འོ་མ་བཞོས་པའི་ལྷག་མ་ཧ་ཅང་ཉུང་ཙམ་རེ་ནུ་རུ་བཅུག་རྗེས་ཕྱིར་རྡང་དུ་འདོགས་ཤིང་།   འབྲི་མོ་དག་ནོར་ཁྱུ་དང་མཉམ་དུ་རྒྱང་རིང་ཙམ་དུ་དེད་རྗེས་ད་གཟོད་ཡ་རུ་དང་བེའུ་རྣམས་གཉིས་སམ་གསུམ་རེ་སྐེ་སྦྲེལ་ལམ་ལག་སྦྲེལ་བྱས་ཤིང་ནོར་ཁྱུའི་ལྡོག་ཕྱོགས་སུ་ཕུད་དེ་འབྲི་མོ་དག་དང་ཁ་བཀར་ནས་འཚོ་དགོས་ལ།    དགོང་མོ་ནོར་ཁྱུ་ལྷས་སུ་མ་ཐོན་གོང་བེའུ་ཡར་རྣམས་རྡང་དུ་བཏགས་ཏེ་དགོང་མོ་ཡང་བསྐྱར་ཐེངས་གཅིག་བཞོ་སྲོལ་ཡོད་པས་སྐབས་དེ་དག་ནི་ཁྱིམ་མི་བྱིས་པ་ཡན་ཆོད་ལ་བྲེལ་བ་ཤིན་ཏུ་ཆེ་བའི་དུས་ཚིགས་ཤིག་རེད།
  ད་ལྟ་སྔོན་ཆད་དང་མི་འདྲ་སྟེ་ཉིན་རེར་འབྲི་མོ་ཐེངས་གཅིག་རེ་ལས་བཞོ་བཞིན་མེད་པས་འབྲོག་མོ་ཚོ་ཞོགས་པར་ལངས་བའང་དེ་འདྲ་མི་སྔ།  བེའུ་ཡར་དག་ཀྱང་རང་རང་གི་མ་དང་མཉམ་དུ་རྩྭ་ཐང་གི་དུས་ཐུང་བདེ་སྐྱིད་ཉམས་སུ་མྱོང་ཆོག་ལ།  དཔྱིད་ངན་མའི་ནང་དུ་སྤགས་རྒལ་བར་འབྱར་ཏེ་ལུས་ཟུང་ཟད་པའི་སྐྱོ་སྡུག་གི་ལས་དབང་དེའང་ཕལ་ཆེར་མེད་པར་གྱུར་ཡོད། 
   ལོ་ངོ་འདི་འགར་འབྲོག་པ་ཚོའི་འདོད་པ་དང་བསྟུན་མི་བསྟུན་ལ་མི་བལྟ་བར།  རྩྭ་ཐང་གི་ག་ས་གང་དུ་ལྕགས་དྲས་བསྐོར་རྒྱུ་ནི་ལོ་རེ་ནས་ལོ་རེར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས།  ད་ལྟ་སྔོན་གྱི་ལམ་བུ་དག་ཀྱང་བཀག་ནས་ཧ་ཅང་སྟབས་མི་བདེ་བ་ཞིག་ཏུ་གཏོང་གིན་ཡོད།   སྐབས་འགར་གསར་བུ་མ་རབས་འགའ་རེས་མཚན་མོར་སྔར་གྱི་ལམ་བཀག་ཡོད་པའི་ལྕགས་དྲ་འགའ་རེ་གཏུབ་པའི་སྣང་ཚུལ་ཡང་བྱུང་མྱོང་།    འབྲོག་པ་ཚོའི་སེམས་སུ་སྔོན་ཆད་མི་རབས་ནས་མི་རབས་བར་ཧ་ཅང་རང་དབང་གིས་བསྐྱོད་ཆོག་པའི་རྩྭ་་ཐང་གི་རི་ཆུ་ཐང་གསུམ་དེ་ད་ལྟ་སྡོམ་རྒྱ་འཐེན་པ་ལྟར་བཅིངས་བསྡམ་བརྒྱ་ཕྲག་གིས་དབུགས་གཏོང་ལེན་མི་ཐུབ་པའི་ཚད་ལྟ་བུར་བསྐྱལ་ཡོད་པའི་ཚོར་བ་ཞིག་རྒྱུན་དུ་འབྱུང་གིན་ཡོད།
  ད་ལྟ་འབྲོག་སྡེ་འདིའི་རུ་ཆེན་ལ་ལས་ཚོ་བ་དང་ཚོ་བའི་བར་ལྕགས་དྲས་བསྐོར་ཡོད་ལ།  ལ་ལས་ཁྱིམ་ཚང་དང་ཁྱིམ་ཚང་གི་བར་འཐེན་ཡོད་པས་ངོ་མ་ལོ་འདི་འགར་རྩྭ་ཐང་འདིར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་བ་ཞིག་འབྱུང་བཞིན་ཡོད།   ན་ནིང་དབྱར་ཁར་ནག་སྐོར་ཚོ་བའི་ལྕགས་དྲའི་ནང་དུ་ར་སྐོར་ཚོ་བའི་ཁྱིམ་ཚང་འགའི་ནོར་བརྒྱ་ཁ་ཞིག་ཤོར་སོང་བས།   ནག་སྐོར་ཚོ་བའི་གསར་བུ་སྐོར་ཞིག་གིས་ནོར་དེ་དག་ཁོ་ཚོའི་ས་རུ་དེད་དེ་བུད་སོང་།    ར་སྐོར་གྱི་རྫི་བོ་བྱིས་པ་གསུམ་ནོར་གྱི་རྗེས་སུ་སོང་བ་ན་གསར་བུ་དེ་ཚོས་ཁ་རྡུང་མང་བོ་བཏང་བ་དང་།   ནོར་དགོས་ན་རང་གི་སར་འཚོ་དགོས་ཚུལ་དང་ཟོག་གསུམ་གྱི་བཤགས་པ་མ་བྱས་ན་ནོར་དེ་དག་མི་སྦྱིན་ཚུལ་གྱི་སྐད་བསྐུར་བས།    གནའ་ནས་ཁྱིམ་མཚེས་ཚོ་བ་ཡིན་ལ།  ཕན་ཚུན།ད“གའ་ལག་པས་འཇུ་རེས་དང་།   དཀར་འོ་མས་མཆོད་རེས།”ཡིན་པའི་ཚོ་བ་གཉིས་བར་ལ་མི་འདོད་པའི་གྱོད་གཞི་ཞིག་གི་མགོ་བརྩམས་སོང་།   ད་དུང་གླང་རྒན་དང་མཛོ།  ཁྱུ་གཡག་ལྟ་བུ་ནི་ལྕགས་དྲའི་སྟེང་ནས་ལྡིང་བའམ་བཅད་ནས་བུད་འགྲོ་ལ།   ལུག་ནི་ལྕགས་དྲའི་འོག་ནས་ཤོར་འགྲོ་བས་ཕ་དང་བུའི་བར་དང་།  གཉེན་ཉེ་ཁྱིམ་མཚེས་ཀྱི་བར་ལའང་རྙོག་དྲ་མི་ཉུང་བ་རེ་སློང་གིན་ཡོད་པས།   ལོ་ལོན་ཚོས་ལག་པ་གདོང་ལ་བཞག་སྟེ།  “དུས་ངན་སྙིགས་མ་འདི་མིན་ན་ཅི་ཡིན”ཞེས་སྐྱོ་བ་ཚད་མེད་བྱེད་ཀིན་ཡོད།   ད་དུང་དེ་ལས་ཀྱང་དོན་དག་དགོད་བྲོ་བའམ་ཚབས་ཆེན་ཆེན་ཞིག་ཡོད་པ་ནི།    འབྲོག་ཁྱིམ་རེ་རེའི་རང་རང་གི་སའི་སྲིབ་ངོས་ཀྱི་དབྱར་རྩ་དགུན་འབུ་བརྐོ་རྒྱུ་ཡོད་ས་དག་ཏུ་ལྕགས་དྲས་བསྐོར་ཡོད།   ལོ་རེའི་སོས་ཐོན་པ་དང་མཉམ་དུ་ཁོ་ཚོའི་མི་ཚེ་འདིའི་ནང་དུ་ལྡུམ་བུ་བརྐོ་བ་སོགས་ཞོར་ལས་བྱས་ཏེ་རྒྱུ་དོག་ཙམ་བཙལ་བའི་ཐོག་མའམ་གཅིག་པུ་སྟེ།    ཟླ་གཅིག་ཡས་མས་ཤིག་གི་དབྱར་རྕ་བརྐོ་རྒྱུར་འུར་ལངས་བར་བྱེད།    ཁོ་ཚོས་ལྕགས་དྲའི་ནང་གི་དབྱར་རྩ་བརྐོ་སྟངས་ནི་ཁྱིམ་མི་རང་རང་གི་མི་གཅིག་གཉིས་རེ་ལས་མི་བརྐོ་ལ།    གཞན་དག་ཚོ་བ་ཐུན་མོངས་ཀྱི་ས་ལ་ཡར་རྒྱུག་མར་རྒྱུག་བྱས་ནས་བརྐོ་རུ་འགྲོ།    འབྲོག་པ་ཚོས་དབྱར་རྩ་སྐྱེ་བར་ཉིན་འགའ་ཡོད་པའི་དུས་ནས་བྲེལ་བ་ཧ་ཅང་ཆེན་པོ་ལངས་སྟེ་དབྱར་རྩ་ཁབ་མགོ་འདྲ་བ་རེ་འབུས་ཚེའང་བཏོག་འགྲོ།   ལྩགས་དྲ་སྲུང་མཁན་ཚོས་ཞེ་སྡང་ནག་འདྲེས་རྒྱུན་དུ་བྱེད་ཀྱིན་ཡོད་དེ།   མི་རྣམས་སྤྱང་ལྟོགས་རེ་དང་འདྲ་བར་ལྕགས་དྲའི་མཐའ་ནས་ལག་པས་སྙོབ་ཙམ་རེའང་རྐུ་རྒྱུ་ཨེ་རག་བལྟ་བ་དང་།  ཐ་ན་གནམ་ངོ་འཁྲིགས་ནས་ཁ་ཆར་འབབ་སྐབས་སྲུང་མཁན་ཚོ་ཡུལ་དུ་ལོག་པའི་གོ་སྐབས་དང་བསྟུན་ནས་རྐུ་ཞིང་།   ཤུར་མོ་དང་སྒུར་གྱི་ཕག་ནས་ཀྱང་རྐུ་རུ་རྒྱུག་གིན་ཡོད། ད་དུང་གོ་ཐོས་ལྟར་ན་མཚན་མོར་ལྕགས་དྲའི་ནང་དུ་འཛུལ་ཏེ།   མགོ་རུ་བལ་ཕྱར་གྱོན་ཞིང་ལག་གློག་ལ་བསྟེན་ནས་རྐུ་མཁན་ཡང་ཡོད་ཟེར།  དེ་ལྟར་རྐུ་བྱེད་པའི་རྣམ་པ་འདིའི་གཉེན་ཉེ་དང་མི་ཚེ་གཅིག་གི་ཁྱིམ་མཚེས་གཡས་གཡོན།   ཚོ་བ་ཕན་ཚུན་ཁ་འཛིང་དང་ཞེ་གཙེས་པའི་དོན་དག་ལོ་རེ་ནས་ལོ་རེར་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་།      ཡུལ་གཞན་གྱི་མིའི་བར་ལོ་རེ་རེ་བཞིན་དབྱར་རྩྭ་དགུན་འབུའི་ཆེད་དུ་ཚེ་སྲོག་ཤོར་བའི་ངང་ཚུལ་ཡང་མི་ཉུང་བ་རེ་འབྱུང་གིན་ཡོད།   དེ་ལྟར་ལྕགས་དྲ་ཡོད་པའི་ཁྱིམ་ཚང་དག་གིས་དབྱར་རྩ་སྐྱེ་ཐག་ཆོད་པ་ཙམ་གྱི་སྒང་ལ་ཁྱིམ་མཚེས་དང་ཚོ་བ་གཡས་གཡོན་གྱི་མི་མང་བོ་གླས་ཏེ་ནང་དུ་གཏོང་ལ་དེ་ནི་འབུ་ཐུལ་བ་ཐང་ལ་བབས་པ་དང་འདྲ།   
   ད་ལོའི་དཔྱིད་ཀར་ཕུར་ཁོ་སང་གིས་ཀྱང་བཟའ་མི་གསུམ་ཀས་དབྱར་རྩའི་མགོ་འབུས་པ་ནས་ཡར་མར་གྱི་ས་ནས་བརྐོས་པ་དང་།   ལྕགས་དྲའི་ནང་དུ་མི་གླས་པ་སོགས་དུས་ཚོད་ཡོད་ཚད་དབྱར་རྩྭ་དགུན་འབུ་བརྐོ་བའི་ཐོག་ཏུ་བཀོལ་བས།   མཚམས་རེར་ཟོག་རྫི་ལའང་མ་སོང་བས།   བསྡོམས་པའི་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚོད་ཀྱི་རིང་ལ་ཟོག་གཅིག་བོར་བ་དང་།   གཉིས་སྤྱང་ཀིས་བསད་པ།   གཅིག་གཡང་དུ་ལྷུང་བ་སོགས་ཀྱི་གྱོང་སོད་བརྩིས་ན།  ནང་སྔ་ལངས་སྐར་ཆེན་གྱིས་ཞྭ་དང་།  ནུབ་ཉལ་འཕྱི་བ་མོ་ཡིས་ལྷམ་བྱས་ཏེ་འབད་པའི་འབྲས་བུའང་ཧ་ཅང་ཕྲ་མོ་ཞིག་ལས་མ་ཡོད་དོ། །    ད་དུང་ལྕགས་དྲ་གླས་པའི་ཉིན་དེར་མི་ལྔ་བཅུ་གླས་པ་དང་མི་རེའི་ལག་ནས་དབྱར་རྩྭ་དགུན་འབུ་ཡིན་ན་སུམ་ཅུ་དང་།    སྒོར་རྐྱང་ཡིན་ན་བཞི་བརྒྱ་ལྔ་བཅུ་ལེན་པའི་ཁ་ཆད་ཡོད་མོད།   དགོང་མོ་མི་མང་བོ་ཞིག་གིས་དེ་རིང་ལྕགས་དྲའི་ནང་དུ་མི་གཞན་པ་མང་བོ་ཞིག་ལྡིང་ནས་བརྐོས་པས་ང་ཚོར་གྱོང་གུད་བཟོས་སོང་བས་ཁ་ཆད་ལྟ་བུ་ཞིག་སྦྱིན་མི་ཐུབ་ཀི་ཞེས་བསྙད་བསྐོས་པས་ཕུར་ཁོ་ག་བྱེད་འདི་བྱེད་མེད་པའི་གནས་སུ་བསྐྱལ་ཞིང་།    མཚམས་རེར་ཁོང་ཁྲོ་ལངས་སྟེ།    ལག་ཐུག་ལ་ཁད་ཀྱང་བྱས་པ་སོགས་མི་སེམས་སྲེག་པའི་དཀའ་ལས་མི་ཉུང་བ་ཞིག་བཟོས་སོང་བས།     ད་ལྟ་ཕུར་ཁོ་དབྱར་རྩའི་ཐོག་ཏུ་ཁོ་ཆད་པའི་ཚོར་བ་རྒྱུན་དུ་འབྱུང་ཀིན་ཡོད་ཅིང་།    དབྱར་རྩྭ་ཞེས་པ་ཞིག་མེད་ན་ཅི་མ་རུངའང་སྙམ་གྱིན་ཡོད། 
   ཕུར་ཁོས་ཕྲེང་བའི་ངོས་སུ་ཉིན་གྲངས་བཅད་པ་ལ་གཞིགས་ན།   ཕྱིར་ཉིན་ནི་གཟའ་སྤེན་པ་(ཡུལ་མི་ཚོའི་ཟེར་སྒྲོས་ཀྱི་མ་ཧྲོ་ཆུང་བ།)ཡིན་པས་ཆུང་མས་འབྲི་མོ་དག་བཞོ་ཚར་རྗེས་ནོར་ཁྱུ་རི་འདབས་སུ་བསྐོར་ནས་ཕྱིར་ཁྱིམ་དུ་འོངས་ཏེ།    ཉིན་འགར་མ་བཀྲུས་པའི་ཁ་ངོ་གཙང་བཀྲུ་ཞིག་བྱས་ཤིང་ལུག་ལྔའི་ནུས་ཤུགས་རྟགས་ཅན་གྱི་འཕྲུལ་རྟ་ལ་ཞོན་ནས་རྫོང་ཐོག་གི་སློབ་ཆུང་ལོ་རིམ་གསུམ་པ་འདོན་བཞིན་པའི་བུ་ཆུང་བསུ་རུ་བུད་སོང་།   དེ་རིང་ད་དུང་ཆར་བ་ཟམ་ཟིམ་ཞིག་བབས་ཀྱིན་ཡོད་ལ།   ཉིན་འདི་འགར་ཆར་བ་རྒྱུན་མི་ཆད་པར་བབས་པས་ལམ་ནི་འདམ་འབག་ཧ་ཅང་རྫོབ་པོར་ཆགས་ཡོད་སྟབས་ཕུར་ཁོས་རྐང་བ་གཉིས་རེས་མོས་ཀྱིས་སར་བཙུག་ནས་མ་སོང་ན་འཕྲུལ་རྟ་བསྐོར་ཐབས་མེད་པས་པུས་མོ་མན་ཆད་འདམ་རྫབ་ཀྱིས་ཟིན་ཡོད།
                           2012ལོའི་སྤྱི་ཟླ་7པར་ཕ་ཡུལ་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།