གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོར་སྟོར།

2012-08-06 14:58:00 རྨས་མ། ཀློག་གྲངས། མཆན ཡོད།


             གཅིག
  ཟ་ཁང་ཆུང་ཆུང་འདིའི་ནང་ནས་ཁོས་དོན་ངོ་མར་ཅི་ཞིག་བོར་སོང་། 
  ཞོགས་པ་དེར་ཁོས་སྦྱིན་བདག་མའི་ས་ནས་བག་ལེབ་ཁ་ཤས་ཉོས་ཏེ་ཕྱིར་སློབ་གྲྭར་སོང་།ལམ་སྐེད་ཅིག་ནས་ཁོའི་བེམ་པོར་རྣམ་ཤེས་གསར་དུ་ཞུགས་པ་ལྟར་དངངས་འཚབ་ཀྱིས་དབུགས་རྔུབ་ཅིང་།ལག་པ་ཟུང་གིས་རང་གི་ཨམ་ཕྲག་ཧྲིལ་བོ་ཐེངས་ཁ་ཤས་ལ་བསློགས་ཀྱང་འབྲས་བུ་ཅི་ཡང་མ་སྨིན་པ་འདྲ་སྟེ།ཤུགས་རིང་ཞིག་དང་མཉམ་དུ་སློག་མཚམས་བཞག་པ་དང་ཁ་ནས་ལྡབ་ལྡིབ་མང་ཙམ་ལབ་རྗེས་ཁ་ཕྱིར་འཁོར་ཏེ་སྦྱིན་བདག་མའི་ཟ་ཁང་གི་ཕྱོགས་སུ་བརྒྱུགས།
  ཁོའི་མིང་ཆ་ཚང་ལ་བཀྲ་ཤིས་དོན་འགྲུབ་ཟེར།འོན་ཀྱང་མི་ཚོས་ཁོའི་མིང་ལ་བཀྲ་དོན་དུ་འབོད།བསྡུས་མིང་དེར་ཁོ་ཧ་ཅང་འཐད་ཀྱིན་མེད།སྐབས་ལན་རེར་མི་མང་ཚོགས་ས་ནས་གཞན་གྱིས་ཁོ་ལ་བཀྲ་དོན་ཞེས་བོས་ཚེ་ཁོས་ཅི་ཡང་མ་གོ་ཁུལ་བྱས་ནས་བུད་འགྲོ། ཁོས་མི་འདི་དངོས་གནས་སྒྱིད་ལུག་ཆེ་བ་ལ་ཨང་།ཐ་ན་མིའི་མིང་ཙམ་ནས་འབོད་པར་ཡང་སླ་ལས་ཁྲལ་བཅོས་བྱེད་དགོས་པ་འདི་ཅི་ཞིག་གིས་ལན་ནམ་སྙམ།ཉིན་འགའི་སྔོན་དུ་ཁོས་རང་གི་བརྩམས་ཆོས་ཤིག་གཞུང་ཕྱོགས་དུས་དེབ་ཅིག་གི་སྟེང་དུ་བཀོད་ཅིང་།རྩོམ་ཡིག་དེའི་མགོ་ཡི་མདོ་བ་བཀྲ་ཤིས་དོན་འགྲུབ་ཅེས་པའི་མིང་དེ་རང་གི་བློ་ལ་ཧ་ཅང་བབས།དུས་དེ་ནས་བཟུང་ཁོས་རང་ལ་པིར་མིང་གཞན་ཞིག་འདོགས་པ་ནི་སྦྲུལ་ལ་རྐང་ལག་བྲིས་པ་བཞིན་དགོས་པ་ཡེ་ནས་མི་འདུག་པར་བསམས།
  ཁོ་རང་དབུགས་ཧལ་ཧལ་ངང་ཟ་ཁང་ཆུང་ཆུང་དེའི་ནང་དུ་འཛུལ་མ་ཐག་ཡང་གློ་བུར་དུ་ཅི་ཞིག་དྲན་པ་ལྟར།སྒོའི་ཕྱིར་བཀྱེད་ནས་སྦྱིན་བདག་མ་ཚང་གི་གཡས་གཡོན་གྱི་ཟ་ཁང་ཚང་མའི་སྒོ་བྱང་ལ་ཐེངས་ཁ་ཤས་བལྟས་རྗེས་ད་གཟོད་གདེངས་དང་བཅས་ཏེ་ནང་དུ་འཛུལ་ཞིང་།ཟ་ཁང་ནང་་གི་མདུན་ཅོག་དང་རྐུབ་སྟེགས་ཀྱི་སྟེང་འོག་ཀུན་ལ་གསེག་ནས་བལྟས། དགྱེ་ནས་བལྟས། སྒུར་ནས་བལྟས་ཀྱང་བོར་བ་གང་དེ་རྙེད་མ་སོང་། དེ་བས། ཁོ་རང་ཐབས་ཟད་དེ་གཡོས་ཁང་དུ་ལས་ཀར་བྲེལ་གྱིན་པའི་རྒྱ་རིགས་སྦྱིན་བདག་མ་དེའི་སར་སོང་ནས་རྒྱ་སྐད་ཀྱིས།རང་གིས་གནས་འདི་ནས་དངོས་པོ་རྩ་ཆེན་ཞིག་བོར་སོང་ཚུལ་བཤད།
  སྦྱིན་བདག་མས་རྩ་ཆེན་ཞེས་པའི་ཚིག་འབྲུ་གཉིས་ཐོས་སྐབས་འཚུབ་ཆ་ལངས་ཏེ“རྩ་ཆེན། ཅི་ཞིག་གི་རྩ་ཆེན། རྩ་ཆེན་ཅི་ཞིག་རེད”ཅེས་དྲིས། 
  སྦྱིན་བདག་མའི་རྣམ་འགྱུར་དེས་བཀྲ་དོན་ཡང་ཅུང་དོགས་མི་བདེ་བར་བཟོས་པས“འོ་་་་་མ་་་་མ་རེད།  ཁྱོད་བྲེལ་བ་ལང་མི་དགོས།  ང་ལ་མཚོན་ན་ཅུང་རྩ་ཆེན་ཞིག་ཡིན་མོད་ངས་ཁྱོད་ལ་ལེ་བདའ་བྱེད་མི་སྲིད།ཡང་གཅིག་བཤད་ན་དངོས་པོ་དེ་ཁྱོད་ལ་དགོས་མཁོ་ཅི་ཡང་མེད།”ཅེས་བཤད་པ་ན་སྦྱིན་བདག་མའི་རྣམ་འགྱུར་ཀྱང་རྩ་བ་ནས་འགྱུར་ཏེ་གདོང་ལ་པྲ་ཆལ་གྱི་ཉམས་ཤིག་གཏོད་ཀྱིན་“འོ—ད་ངས་ཤེས་ཐལ། མཛའ་མོར་ཉོས་པའི་གཉེན་སློང་མཛུབ་དཀྲིས་ཡིན་ནམ།སྐེ་རྒྱན་ཞིག་ཡིན་ནམ། གང་ལྟར་དྲན་རྟེན་ཞིག་ཡིན་ཁོ་ཐག་རེད།”ཅེས་སྨྲས།
  “མ་རེད་མ་རེད”ཁོས་ནན་ཏན་གྱིས།“ང་ཚོར་གཉེན་སློང་བར་མཛུབ་དཀྲིས་སྦྱིན་པའི་སྲོལ་མེད།གལ་ཏེ་ཁྱེད་ཀྱིས་དངོས་པོ་དེ་རྙེད་ན་བདག་ལ་སྤྲོད་རོགས་ཞུ། ངས་ཁྱོད་ལ་འབྲེལ་གཏུགས་ཨང་གྲངས་འཇོག”ཅེས་གཉེར་མས་ཟིན་པའི་མིང་བྱང་ཞིག་ཁོ་མོའི་ལག་ཏུ་སྤྲད་ཅིང་།སྦྱིན་བདག་མར་གུས་ཉམས་ཤིག་བསྟན་རྗེས་ཟ་ཁང་དེ་དང་ཁ་གྱེས།
  སྦྱིན་བདག་མའི་མགོ་རྨོངས་ནས་དལ་ཅིག་ལ་གནས་དེར་རེངས་པར་ལུས་ཤིང་།ཅུང་མ་འགོར་བར་ཡང་དྲན་པ་སོས་པ་ལྟར་སྟབ་སྟབ་པོར་སྒོའི་ཕྱིར་རྒྱུག་སྟེ་སྐད་གསེང་མཐོན་པོས“ཝེ—ཁྱོད་ཀྱིས་དངོས་པོ་ཅི་ཞིག་བོར་བ་ང་ལ་མ་བཤད་ན་ངས་ཅི་ལྟར་འཚོལ།”ཞེས་བསྒྲགས།
བཀྲ་དོན་གྱིས་འགྲོ་ཞོར་དུ“ཁྱོད་ཀྱིས་ཅི་ཞིག་རྙེད་ན་དེ་ངས་བོར་བའི་དངོས་པོ་ཡིན།”ཞེས་ཁ་ལོ་ཕྱིར་འཁོར་ཙམ་བྱས་ནས་བུད་སོང་།
                གཉིས།
  གྲོགས་པོ་ཁ་ཤས་ཀྱིས་ཐད་འཕུར་གནམ་གྲུའི་ནང་ནས་བལྟས་ཚེ་གྲོང་ཁྱེར་འདི་ཧ་ཅང་ཆུང་ཟེར།འོན་ཀྱང་།བཀྲ་དོན་གྱིས་ཁོ་ཚོའི་སྐད་ཆ་དེར་ཡིད་ཆེས་སྤུ་ཙམ་ཡང་བྱས་མ་མྱོང་།ཁོས་བཤད་རྒྱུར།
  “དངོས་པོ་གང་ཡིན་ཡང་དེ་དང་བར་ཐག་གིས་ཅི་ཙམ་བསྐལ་ན་དེ་ཙམ་ཇེ་ཆུང་དུ་འགྲོ་ངེས་ཏེ།དཔེར་ན་སའི་གོ་ལའི་སྟེང་ནས་བལྟས་ཚེ་མཐོངས་ཀྱི་ཟླ་བའང་ཨ་མའི་བཞིན་རས་ཀྱི་ཆེ་ཆུང་ཙམ་རེད།”ཅེས་ཟེར།
  དེ་བཞིན་དུ་གྲོང་ཁྱེར་ཙུག་སྐྱག་འདྲ་བོ་འདི་ནས་སློབ་ཆེན་འཚོ་བསྐྱལ་ན་དངོས་གནས་སྙིང་བོ་མི་འདུག་ཟེར་མཁན་གྱི་སློབ་གྲོགས་ཚོའི་འདོད་ཚུལ་དང་ཡང་ཏན་ཏན་ཁྱི་ཞི་རྒྱབ་གཏོད་ཡིན་པ་བཤད་མ་དགོས།
  ད་ལྟ་ས་རུབ་ལ་ཉེ།ཤིན་ཏུ་གསལ་བའི་གློག་སྒྲོན་དག་གིས་གྲོང་ཁྱེར་གྱི་མུན་པའི་ཤུན་སྐོགས་ཡོངས་སུ་བཤུས་པས། གནས་འདི་རུ་ཉིན་མོ་ལས་མཚན་མོ་མེད། ཡིན་ནའང་། བཀྲ་དོན་ལྟ་བུའི་གྲོགས་པོ་ཁ་ཤས་ཤིག་ས་ཆ་གང་དུ་སོང་ཡང་ཉིན་མཚན་གྱི་དབྱེ་བ་ཧ་ཅང་གསལ་ཏེ།དུས་རྒྱུན་དགུང་མོའི་ཆུ་ཚོད་དགུ་པ་ཡས་མས་ནས་རང་མལ་དུ་སྔུར་བ་འཐེན་བཞིན་ཡོད། དགོང་མོ་འདིར་ཡང་སྔོན་དང་འདྲ་བར། བཀྲ་དོན་གྱིས་གྱོན་པ་ཡོངས་སུ་ཕུད་དེ་མལ་ཁྲིར་འཛེག་སྐབས་ཁ་པར་ལས་བརྡ་འཕྲིན་གྱི་དུང་བརྡ་ཞིག་གྲགས་བྱུང་། 
  ཁོས་ཁ་ཕྱེས་ནས་བལྟས་པ་ན་དེ་ནི་སྦྱིན་བདག་མས་བསྐུར་བ་རེད་འདུག  འཕྲིན་ཐུང་དུ“བཀྲ་ཤིས་དོན་འགྲུབ་ལགས།བདག་གིས་ཁྱེད་ཀྱིས་བོར་བའི་དངོས་པོ་རྩ་ཆེན་དེ་རྙེད་བྱུང་། ཁྱོད་ཀྱིས་ས་གནས་འདི་བརྒྱུད་ནས་ལེན་དུ་ཤོག”ཅེས་བྲིས་ཡོད་ལ་གཤམ་དུ་སྡོད་གནས་སོགས་གསལ་བོར་བཤད་འདུག
  ཁོའི་གདོང་ལ་བཅོས་མིན་གྱི་འཛུམ་ཞིག་ལྷུག་གེར་བཞད་ཅིང་མཐེབ་ཆེན་གཉིས་བདེ་ལྕག་འཁྱུག་པོའི་ངང་ཁ་པར་གྱི་མཐེབ་གཞུང་དུ་འགུལ་ཙམ་གྱིས་“དངོས་གནས་བཀའ་དྲིན་ཆེ། ང་ད་ལྟ་ཉིད་དུ་ལེན་པར་ཡོང་།”ཞེས་པའི་ འཕྲིན་ཐུང་འདི་འདྲ་ཞིག་བསྐུར་ཚར་འདུག
སྦྱིན་བདག་མ་ནི་དངོས་གནས་སྦྱིན་བདག་མ་ཆེན་པོ་ཞིག་ཡིན་པ་འདྲ་སྟེ།ཁོ་མོ་སྡོད་སའི་ཁང་བ་འདིས་བཀྲ་དོན་ཧ་ལས་སུ་བཅུགགྲོགས་པོ་ཚོས་བཤད་ན་གྲོང་ཁྱེར་གྱི་ཁང་བའི་རིན་གོང་ཧ་ཅང་མཐོ་ཟེར།མཐོ་དྲགས་པས་གྲངས་ཀ་དེ་བཀྲ་དོན་གྱི་ཡིད་ལའང་གསལ་བོར་ངེས་མེད།ཁོ་ཧ་ལས་ས་ནི་ཟ་ཁང་ཆུང་ཆུང་ཞིག་གི་སྦྱིན་བདག་མས་ཀྱང་གྲོང་ཁྱེར་གྱི་ཁང་བ་སྤུས་ལེགས་ཤིག་ལོངས་སུ་སྤྱད་འདུག་པ་དེ་རེད།
  “ཤོག་ཤོག   ནང་དུ་ཤོག”སྦྱིན་བདག་མས་འཛུམ་པའི་སོ་དཀར་ཕངས་མེད་དུ་ངོམ་བཞིན་བཀྲ་དོན་ནང་དུ་བསུས།
  བཀྲ་དོན་གྱིས་མགོ་ལྕོག་ལྡེམ་ཞོར་དུ་སྦྱིན་བདག་མས་ལག་པས་བསྟན་པའི་འབོལ་ཁྲི་དེར་གཟས་ནས་སོང་།
  ཅུང་མ་འགོར་བར་སྦྱིན་བདག་མས་ཇ་དེམ་ཞིག་དང་ཤེལ་ཕོར་གཉིས་ལྕགས་སྡེར་ཞིག་གི་ནང་གོ་རིམ་ཡོད་པར་བསྒྲིགས་ནས་ཐོན།ཁོ་མོས་བཀྲ་དོན་ལ་ཇ་གང་དྲངས་རྗེས་ཁོའི་ཁ་གཏད་དུ་བསྡད།
  བཀྲ་དོན་གྱིས་སྦྱིན་བདག་མའི་གདོང་ལ་ལྟ་ཙམ་རེ་བྱས་མ་ཐག་སྐད་ཅིག་དེ་ཉིད་ལ་མིག་མདའ་མཐའ་འཁོར་གྱི་དངོས་པོ་གཞན་ཞིག་ལ་ཕྱོགས་ཏེ་ཡང་ནས་ཡང་དུ“ཧུ་ཧུ།  ཧུ་ཧུ།”ཟེར།
  སྦྱིན་བདག་མས་བཀྲ་དོན་གྱི་དོགས་མི་བདེ་བའི་ཚུགས་ཀ་མཐོང་ནས་ལམ་སང་“ཁྱོད་རང་ཕལ་ཆེར་རྩོམ་རིག་གི་ཆེད་ལས་གཉེར་མཁན་ཞིག་ཡིན་ཚོད་འདུག”ཅེས་ཁོར་ཡུག་གི་ཁུ་སིམ་དཀྲོགས།
  བཀྲ་དོན་གྱིས་མྱུར་དུ།“མིན།  ད་དུང་ངེས་གཏན་གྱི་ཆེད་ལས་མེད།”ཅེས་ལན་བཏབ།
  “འོ། ཧུ་ཧུ།  རང་འགར་ཚོད་དཔག་བྱས་པ་ཡིན།  ཁྱོད་ཀྱིས་བོར་བའི་འཁྱེར་སྡེར་དེའི་ནང་དངོས་གནས་མང་པོ་ཞིག་བྲིས་འདུགགཞན་པ་མི་ཤེས་མོད་རྒྱ་ཡིག་གིས་བྲིས་པའི་བརྩམས་སྒྲུང་དེ་ངས་ཞིབ་ཀློག་བྱས་པ་ཡིན།ང་ཧ་ལས་ས་ནི་ཁྱོད་ཀྱི་སྐད་ཆའི་སྒྱུ་རྩལ་རེད།གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་ཞིག་གིས་རྒྱ་ཡིག་གི་ཚིག་སྦྱོར་འདི་འདྲ་ཞིག་སྤེལ་ཐུབ་པ་ངའི་ཡིད་ལའང་མ་ཤར།”ཞེས་ཡིད་སྨོན་གྱི་མིག་གིས་བཀྲ་དོན་ལ་བལྟས། 
  བཀྲ་དོན་གྱིས།“ཧུ་ཧུ།  བསྟོད་ཐལ་སོང་། དངོས་གནས་བསྟོད་ཐལ་སོང་།”ཞེས་ལག་པས་ལག་པར་གཙུབ་བཞིན་ཁ་སྐྱེངས་པའི་གཞོན་ནུ་མ་ཞིག་ལྟར་ལན་བཏབ།
  སྦྱིན་བདག་མ་མར་སྒུར་ནས་མདུན་ཅོག་འོག་ཏུ་ལག་པས་ཤེད་ཀྱིས་ཐེངས་འགར་བསྙབས་རྗེས་ཝུ་ཆང་སྒམ་གང་འདྲུད་ཡོང་། ཁོ་མོས་ཆང་ཤེལ་གཉིས་ཀྱི་མགོ་གཏུག་ཙམ་གྱིས་
  “ཚིད”སྒྲ་ཞིག་དང་མཉམ་དུ་ཝུ་ཆང་གི་ཁ་ཀོར་བར་སྣང་དུ་གཡུགས་ཤིང་བཀྲ་དོན་ལ་བྱིན་རྗེས་རང་གིས་ཀྱང་གཅིག་བླངས་ཏེ་“གཙང་བཞེས།”ཞེས་ཁམ་གང་རེ་རྒོག་སེ་མིད།
  “ང་ལ་སེམས་ཁུར་ཞིག་འདུག ཁྱོད་ཀྱི་བརྗོད་བྱ་འདེམས་སྟངས་དེ་ཡན་གར་བ་ཞིག་རེད་མོད།གཏིང་ཟབ་དྲགས་པས་ཕལ་བའི་ཀློག་པ་པོའི་ཁྲོད་དུ་ཚུར་སྣང་བྱེད་དཀའ་རྒྱུ་རེད།”ཅེས་ཡང་བསྐྱར་ཆང་གཏུགས་ཤིག་བྱས།
  “དེ་ལྟར་བྱས་ན་རྩོམ་པ་པོའི་སྒེར་ཚུགས་བོར་བ་རེད།རྩོམ་པ་པོ་ཞིག་ཡིན་ན་སྒྱུ་རྩལ་རང་ངོས་ཀྱི་མཛེས་པ་བསྔོག་རྒྱུ་གཙོ་བོ་རེད།ཀློག་པ་པོའི་ཡི་ག་དང་བསྟུན་ཐབས་བྱེད་པ་ནི་སྒལ་ཚིག་འཁྱོག་པ་དང་གཉིས་སུ་མེད།”ཅེས་ཡིད་ཆེས་དང་བཅས་ལན་བཏབ། “ཁྱོད་ཀྱིས་ངའི་སྐད་ཆ་དག་སྟོང་ལབ་ཤ་སྟག་ཅིག་ཏུ་མི་བསམ་རོགས།ངས་ཀྱང་རྩོམ་པ་པོའི་འཚོ་བ་ལོ་ཤས་ལ་རོལ་མྱོང་། མི་ཞིག་ཡིན་ན་མིང་གྲགས་ལ་མི་དགའ་མཁན་མེད། འོ—ད་དུང་བསམ་འཆར་ཞིག་ཡོད་པ་ནི།
ཁྱོད་ཀྱིས་བོད་ཡིག་གིས་གསར་རྩོམ་བྱེད་པ་ལས་རྒྱ་ཡིག་གིས་གསར་རྩོམ་བྱས་ན་ལྷག་ཏུ་བཟང་། མ་མཐར་ཡང་ཁྲོམ་རའི་ཆེ་ཆུང་ལ་བསྡུར་ཐབས་མེད།”ཅེས་སེམས་ཀྱི་དམར་ས་ནས་བཤད།
  ཁོ་མོའི་ཚིག་དེས་བཀྲ་དོན་ལ་འདང་རྒྱག་བྱིན།ཁོས་ཝུ་ཆང་རྔམ་འཐུང་བྱེད་པ་ལས་ལན་ཅི་ཡང་མི་འདེབས། “ཁྱེད་ཀྱིས་མུ་མཐུད་དུ་གསར་རྩོམ་བྱེད་ན་ངའི་སར་སྡོད་དང་ལྷིང་འཇགས་ཡིན།སློབ་གྲྭས་རྩོམ་པ་པོ་སྐྱེད་སྲིང་བྱེད་མི་ཐུབ།”ཅེས་སྦྱིན་བདག་མས་གློ་བུར་དུ་འོས་འཚམས་ཡིན་མིན་མ་བརྟགས་པའི་སྐད་ཆ་ཞིག་ངག་ནས་ཤོར། འོན་ཀྱང་བཀྲ་དོན་གྱིས་ཁོ་མོར་རྒྱུན་ལྡན་མིན་པའི་རྣམ་འགྱུར་ཅི་ཡང་མ་བསྟན། ཁོས་ཤེལ་དམ་སྨིན་མཚམས་སུ་བཏེགས་ཏེ་“གཙང་བཞེས”ཞེས་སྦྱིན་བདག་མར་ཆང་གཏུགས་ཤིག་བྱས་ཏེ་ཁ་རོག་གེར་བསྡད།
  ད་ཆ་ཁང་བརྩེགས་ཧྲིལ་བོའི་ནང་དུ་སྦྱིན་བདག་མ་ཚང་གི་གློག་འོད་ནི་སྐར་ཚོགས་དབུས་ཀྱི་ཟླ་བ་བཞིན་ལྷག་པར་གསལ་ལ་ཤེལ་དམ་གཏུགས་པའི་ཏང་སྒྲ་འདིས་ཀྱང་ཚད་ངེས་ཅན་ཞིག་ནས་གྲོང་ཁྱེར་འདིའི་མཚན་ལྗོངས་ལ་འདུ་འཛི་བསྐྱལ་ཡོང་།
                   གསུམ།
  མདང་དགོང་ཆང་གིས་བཟི་རྗེས་སུ་དོན་དག་ཅི་བྱུང་ཁོ་གཉིས་ཀའི་སུ་ལའང་གསལ་པོར་བཤད་རྒྱུ་མི་འདུག་མོད།ད་ལྟ་མལ་ཁྲི་གཅིག་གི་སྟེང་དུ་རྐང་པས་རྐང་པར་བསྣོལ་ནས་ཉལ་འདུག་པ་ནི་མངོན་སུམ་ཚད་མ་རེད།ཚུགས་ཀ་དེར་ཁོ་གཉིས་ཀ་ལྷོད་ལ་བབས་ནས་འཛེམ་དོགས་ཅི་ཡང་མི་བྱེད་པར་མ་ཟད་ཕན་ཚུན་ཀློད་འདོད་ཀྱང་མེད་ན་ཡང་།སྦྱིན་བདག་མས་ཟ་ཁང་དུ་མགྲོན་པོར་སྣེ་ལེན་བྱེད་དགོས་པས་ཡིད་དུ་འོང་བའི་“ཚུགས་ཀ་”དེ་མི་བསྒྱུར་ཐབས་མེད་བྱུང་།
  སྦྱིན་བདག་མ་སོང་རྗེས་སུ་བཀྲ་དོན་ད་དུང་མལ་ཁྲིའི་སྟེང་ཙོག་འདུག ཁོས་ཐ་མག་དལ་གྱིས་རྔུབ་བཞིན་ངལ་དུབ་ཀྱི་མིག་གིས་ཁུ་སིམ་པའི་བར་སྟོང་དེར་ཕུར་ཚུགས་སུ་བལྟས། 
  སྔས་འགྲམ་གྱི་ཁ་པར་ཐེངས་ཁ་ཤས་ལ་གྲགས་ནའང་ཁོས་དེར་ཁ་ཡ་མ་བྱས་པར་མལ་ཐུལ་གྱིས་མགོ་བཏུམས་ནས་ཡུན་རིང་ལ་འགུལ་ཙམ་ཡང་མི་བྱེད།ཁ་པར་གྱི་སྒྲ་ད་དུང་རྒྱུན་མི་ཆད།ཁོ་འཚིག་པ་ཟོས་ཏེ་གཡོན་ལག་གིས་སྙོབ་ཐེངས་ཤིག་གིས་ཁ་པར་གནམ་ལ་ཕྱར་བ་ན་གློ་བུར་དུ་སེར་སྣའི་སེམས་བྱུང་ཞིག་འོད་ཐིག་བཞིན་འཕྲོས་ཏེ་ཁོའི་ཁོང་ཁྲོའི་མུན་པ་རྨེགས་མེད་དུ་བཏང་། དེ་བས།  ཁོས་ལྡོག་སྟེ་རང་གི་ཁ་པར་ལ་བྱིལ་བྱིལ་ཞིག་བྱས་རྗེས་ནང་གི་གློག་སྨན་བླངས་ཏེ་རྟོགས་དཀའ་བའི་གསང་བ་ཅི་ཞིག་བརྟོལ་བ་ལྟར་ཁེར་འཛུམ་ཞིག་བྱས་ཤིང་སྟེང་གི་མལ་ཐུལ་ཕར་ལ་བརྒྱངས།
  ཁོས་ཕྱི་གོས་ཅི་ཡང་མ་གྱོན་པར་ལྕོང་མོའི་ལུས་གཟུགས་ལྟ་བུའི་འདྲུད་ལྷམ་དེའི་ནང་རྐང་མགོ་བརྫངས་ནས་ཐད་གར་སྦྱིན་བདག་མའི་རྩིས་འཁོར་གྱི་མདུན་སར་བྱིན།རྩིས་འཁོར་གྱི་ཁ་གཏད་དུ་ཁོས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར་རྒྱ་ཡིག་གིས་<<ཀྲོའོ་ཚང་གི་གཉེན་སྟོན>>ཞེས་བྱ་བའི་ཁ་བྱང་ཞིག་བཏགས་ཏེ་དཔལ་འབྱོར་ཡོང་འབབ་དང་ཀློག་པ་པོའི་ཚུར་སྣང་དམིགས་ཡུལ་དུ་བྱས་པའི་གསར་རྩོམ་གྱི་ལམ་ཁ་གསར་བ་ཞིག་ལ་ཚོད་ལྟའི་ཚུལ་གྱིས་དཔུང་འཇུག་བྱས།
བསྟུད་མར་ཉིན་ཁ་ཤས་ལ་ཁོས་ཁ་པར་དང་གློག་སྨན་ཁ་ཁར་གཡུགས་ཤིང་ཕྱིའི་འུར་ཟིང་ལ་རྒྱབ་གཏད་དེ་སྦྱིན་བདག་མའི་ཁྱིམ་དུ་བརྩམས་སྒྲུང་དེའི་འབྲི་འཕྲོ་སྐྱོང་གིན་བསྡད།ཁོ་མོས་བཤད་པ་བཞིན་གནས་འདི་ནི་དངོས་གནས་གསར་རྩོམ་བྱེད་སའི་ཁོར་ཡུག་ཤིན་ཏུ་ལེགས་པོ་ཞིག་འདུག དེ་རིང་ཡང་སྔར་དང་འདྲ་བར་ཁོ་རང་རྩིས་འཁོར་གྱི་མདུན་ཐད་དུ་ལས་ལ་བྲེལ་འདུག 
  མཚམས་ཤིག་ནས་ཁོ་ཐང་ཆད་དེ་གླལ་སྒྱིང་ཞིག་བྱས་རྗེས་མདུད་ཐད་ཀྱི་དུད་སྒམ་ལ་བསྙབས་པ་ན་དེ་ཉིད་སྔ་མོ་ནས་སྟོང་པར་གྱུར་འདུག  དེ་བས།  ཁོས་མྱུར་སྟབས་ཀྱིས་ལྭ་བ་གྱོན་ཏེ་སྲང་བར་དུ་ཐ་མག་ཉོ་བར་བྱིན།(དུས་རྒྱུན་ཁོས་གསར་རྩོམ་བྱེད་སྐབས་ཐ་མག་རྔུབ་རྒྱུར་ལོབས་པས་ད་ལྟ་ཐ་མག་མེད་ཚེ་གསར་རྩོམ་བྱེད་མི་ཐུབ་པ་ལྟ་བུ་ཞིག་ཆགས་འདུག)
  སྲང་ལམ་གྱི་སུམ་མདོ་ཞིག་ནས་ཁོས་མི་ཁ་ཤས་ཀྱིས་སྦྱར་བྱང་ཆུང་ཆུང་ཞིག་རུབ་ནས་འདུག་པ་མཐོང་བ་དང་རང་ཉིད་ཀྱང་དེ་ཚོའི་གསེང་དུ་འཚངས་ནས་ཅི་ཞིག་གི་གནས་ཚུལ་ཡིན་པར་བལྟས།
  “ཨ་ཙི།  དེ་ནི་ང་མ་རེད་དམ།  ”ཁོས་ལག་པས་དལ་མོར་རང་གི་གདོང་ཕྱེད་བཀབ་ནས་ཞིབ་ཏུ་བལྟས་པ་ན།མ་གཞི་དེ་ནི་རྩད་ཡིག་ཅིག་རེད།  རྩད་ཡིག་དེར “ བཀྲ་ཤིས་དོན་འགྲུབ།  ལོ༢༥  གཟུགས་པོའི་རིང་ཚད་ལ་རྨི་1.7  གདོང་དཀར་ཞིང་སྨ་ར་སྟུག་པོར་སྐྱེས་ཡོད།   ལུས་ལ་མདོག་ཁམ་སྨུག་ཅན་གྱི་ལྭ་རིང་དང་རྐང་མགོར་གོ་ལྷམ་སེར་པོ་ཞིག་བཅས་གྱོན་ཡོད།མི་འདི་ཟླ་༡༡པའི་ཚེས་༡༢ཉིན་གྱི་མཚན་མོར་སློབ་གྲྭ་ནས་གར་སོང་ཆ་མེད་དུ་གྱུར་ཅིང་ད་ལྟ་ད་དུང་ཕྱིར་ཡོང་མེད།ཁོའི་གཉེན་ཉེ་དང་སློབ་གྲོགས་ཚོས་སེམས་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པས།གལ་ཏེ་གནས་ཚུལ་ཤེས་མཁན་འདྲ་ཡོད་ན་ལམ་སང་གཤམ་གྱི་ཁ་པར་ཨང་གྲང་ཐོག་འབྲེལ་གཏུགས་གནོངས་དང་ང་ཚོས་བཀའ་དྲིན་མི་དམན་པ་ཞུ་ངེས་ཡིན།”ཞེས་བྲིས་འདུག
  ཁོའི་གདོང་ལ་ཚ་ཤད་ཅིག་བརྒྱུགས་ཤིང་རང་དབང་མེད་པར་གོམ་པ་འགའ་ཕྱིར་ནུར་བྱས་ཏེ་སེམས་ནས་རང་གིས་རང་ལ“ ང་བོར་སོང་ངམ།”ཞེས་དྲིས།
  མཐའ་འཁོར་གྱི་མི་ཚོགས་ཇེ་མང་དུ་གྱུར་པ་དང་སྦྱར་གཞི་ཆུང་ཆུང་དེ་ཡང་རིམ་གྱིས་མི་ཚོགས་ཀྱི་ཀློང་དུ་འཐིམ།  
  ཁོས་མི་ཞིག་གིས་རང་ཉིད་ངོས་ཟིན་མི་འཇོག་གམ་སྙམ་ནས་ཐ་མག་ཉོ་རྒྱུ་བསྐྱུར་དེ་སྦྱིན་བདག་མའི་ཁང་བའི་ཕྱོགས་སུ་མགྱོགས་པོར་སོང་།ལམ་བར་དུ་ཁོས་རྩད་ཡིག་སྟེང་གི་བཀྲ་ཤིས་དོན་འགྲུབ་ཅེས་པའི་མིང་ཆ་ཚང་དེ་ཅི་འདྲའི་མིག་ལ་གཟན་པ་ཞིག་རེད་ཨང་བསམས།།  

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།