གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁོ་མོའི་མཛུབ་དཀྲིས་དང་ཤུབས་སུ་འཛུལ་བའི་གྱེས་བརྡ།

2012-06-29 11:37:00 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

  གཡང་འཛོམས་དང་བཀྲ་ཤིས་གཉིས་ནི་སློབ་གྲྭ་གཅིག་ལས་སློབ་གཉེར་བྱེད་ཀྱིན་འདུག་མོད་ཡིན་ཡང་ཆེད་ལས་མི་གཅིག་པའི་དབང་གིས་སྡོད་སའི་སློབ་གླིང་ཡང་རང་རང་ཁ་ཁ་ཡིན། སྔོན་ཆད་ཁོ་གཉིས་ཀྱིས་ཕན་ཚུན་བར་ངོ་མི་རྟོགས་ཤིང་གཡང་འཛོམས་ནི་སློབ་སྦྱོང་ལ་ཅུང་བཟང་ཤིང་སློབ་གྲྭ་དེ་གའི་ཕུལ་བྱུང་སློབ་མ་ཞིག་ཡིན་རྐྱེན་རྒྱང་སྒྲོགས་ཁང་སོགས་སུ་གདན་དྲངས་ནས་སློབ་ཆེན་པའི་ཇི་ལྟར་སློབ་སྦྱོང་བྱེད་ཚུལ་སྐོར་སོགས་ཀྱི་བགྲོ་གླེང་མང་བོ་བྱས་མཐར་བཀྲ་ཤིས་ལའང་རང་བཞིན་མ་ཡིན་པའི་ཁྱད་ཆོས་ཤིག་འཛོམས་འདུག་པ་ནི་ཁོ་རང་སྒྱུ་རྩལ་ལ་དགའ་བ་དང་ལྷག་པར་དུ་མདོ་འཛིན་བྱེད་སྟངས་ཀྱི་རིགས་ལ་དེ་ལས་དུངས་བ་ཆེན་པོ་འདུག  ནམ་རྒྱུན་རླུང་འཕྲིན་ཁང་སོགས་ཀྱི་མདོ་འཛིན་པ་དེ་དག་གི་སྐད་ཆའི་བཤད་སྟངས་ལ་ལད་མོ་བྱེད་རྒྱུ་ནི་ཁོ་བོར་མཚོན་ན་དགའ་འོས་བའི་དོན་ཆེན་ཉག་གཅིག་ཏུ་བརྩི་བཞིན་འདུག བར་སྐབས་ཤིག་ལ་ཁོ་བོས་སློབ་རྭའི་འགྱུར་ཁུགས་ཀྱི་ལེ་ཚན་དེར་ཉན་བཞིན་པའི་སྐབས་སུ་བློ་ཡུལ་ལས་འདས་བ་ཞིག་ལ་གཡང་འཛོམས་ནི་སྐབས་དེའི་གདན་ཞུ་མི་སྣ་རུ་བསུ་ཡོད།  དུས་དེ་ནས་བཟུང་བཀྲ་ཤིས་ཀྱིས་བརྗེད་ཐབས་མེད་པའི་སེམས་ཀྱི་འདོད་པ་དང་བོ་འདི་ནས་འཕྱུར་བ་འདྲ། ཏག་ཏག་དུས་ཚོད་ཀྱི་མདའ་རྩེ་དང་འགྲོགས་ནས་རེ་ཞིག་གི་དུས་ཡུན་གྱི་ཀློང་ནས་ཁོ་མོའི་རྒྱང་རིང་གི་འཛུམ་མདངས་དྲོན་མོ་ཞིག་གམ་དུ་བསྐྱལ་ཡོང་བ་བཞིན་རིམ་གྱིས་ཁོ་མོར་འབྲེལ་འདྲིས་བྱེད་པའི་སྐལ་བའང་ཐོབ་བྱུང་།
  མོ་ལ་མཚོན་ན་ཨུ་ཚུགས་ཡོད་པ་ཞིག་ཡིན་འདུག་ཟེར་ནའང་དེའང་དཀའ་མོ་ཞིག་འདུག  གང་ལྟར་ཁ་སྐྱེས་བདེ་མོ་ཞིག་ཡོད་པ་འདྲ།  ངེད་གཉིས་ཀྱིས་ནམ་རྒྱུན་ཁ་པར་ལས་ཁ་རྩོད་རང་བཞིན་གྱི་མཐོ་རླབས་འཕྱུར་བྱུང་ནའང་ཕན་ཚུན་བར་སེམས་ན་ཉར་བའི་རྩུབ་པའི་སྐད་ཆ་བཤད་མ་མྱོང་།  སྐབས་འགར་རྩོད་པའི་ཉམས་དམས་ཀྱི་དབང་གིས་ཕན་ཚུན་བར་གོ་ལྡོག་པའི་གནས་ཚུལ་རེ་འགའ་ཞིག་འབྱུང་སྲིད། དེ་ལྟར་སློབ་ཆེན་གྱི་ལོ་ངོ་གསུམ་དེ་ལྟར་འདས་སོང་།བཀྲ་ཤིས་སློབ་ཆེན་གྱི་ལོ་རིམ་གསུམ་པ་སོན་འདུག་པའི་སྐབས་ཁོ་མོའང་ཕྱིར་སློབ་གྲྭ་འདི་གའི་ཞིབ་འཇུག་སློབ་མར་རྒྱུག་འཕྲོད་ནས་འདོན་བཞིན་པའི་སྒང་ཡིན། འདི་ནི་ཡག་ཐོག་ལ་ཡག་དང་སྒ་ཐོག་ལ་ཕྲ་བརྒྱན་པ་ལྟ་བུའི་བཤད་སྲོལ་གྱི་སྐད་ཆ་དེ་དང་མཐུན་པོར་བྱུང་སོང་།
  བཀྲ་ཤིས་ནི་ནམ་རྒྱུན་ཆང་རག་གི་བཟི་ཁའི་ཁྲོད་ནས་གྲོགས་པོ་གཞན་དང་འབྲེལ་འདྲིས་བྱེད་པར་དགའ་ཞིང་དུས་གཏན་དུ་ཆང་ཁང་ན་ཡོད་ཅེས་བའི་སྐད་ཆ་དེ་ནི་ཀུན་གྱིས་ཟེར་སྒྲོགས་ཐེངས་ཤིག་ཡིན་ནོ།  སློབ་ཆེན་ཞེས་བའི་སྒོ་ར་གྲུ་གཞི་འདིའི་ནང་བརྩེ་དུང་གི་མདུད་པ་བཅངས་མཁན་དང་གྲོལ་མཁན་གཉིས་ཀ་ཡོད་རུང་ལ་ལ་ནི་རེ་སྙེག་གི་ཆེད་དུ་འབད་ཀྱིན་འདུག་ཀྱང་ལ་ལ་ནི་འགྲོ་རོགས་འདུག་རོགས་ཤིག་གི་ཆེད་དུ་ཉི་མ་འཁྱོལ་ཐབས་བྱེད་བཞིན་འདུག  དུས་དེ་ནས་བཟུང་སྐབས་བབ་ཀྱི་འགྱུར་ལྡོག་ཞིག་གི་སྣང་ཚུལ་ལས་བཀྲ་ཤིས་ལའང་གཏན་འཇགས་ཀྱི་དམིགས་ཡུལ་ཅིག་ཡོད་བསམ་ནས་འདི་ལྟར་ཆང་འཐུང་བ་ཡིན་ཞེས་བརྗོད་ན་ཁོ་ལ་དམིགས་བསལ་གྱི་ལས་འབྲས་ཤིག་དང་གཞི་ནས་གོ་ལྡོག་བྱུང་བ་འདྲ།  མི་ཚེ་ནི་མ་གཞི་ནས་ཀྱག་ཀྱོག་གི་བརྒྱུད་རིམ་ཞིག་ཡིན་ཕྱིར་བརྩེ་དུང་གི་མགོ་བསླངས་སའང་གཞི་ནས་གཏན་སྡོད་ཀྱི་གནས་ཤིག་ནས་དུས་བཅད་བྱས་བའི་བར་སྐབས་དེ་ནས་བྱུང་བ་འདྲ།
  རིམ་བཞིན་ཁ་པར་དང་བརྡ་འཕྲིན་སོགས་ཀྱི་ལས་སྐལ་དེའི་དབང་གིས་ཁོ་གཉིས་ཀྱི་འབྲེལ་བ་དེའང་རིམ་བཞིན་དམ་ཟབ་ཏུ་གྱུར་ཏེ་ཕན་ཚུན་གྱི་སེམས་པ་རྟོགས་སོང་བའི་གནས་ཤིག་གི་ཚོར་སྣང་སྐྱེས་ཞིང་མི་ལོ་གསུམ་གྱི་ལོ་ཟླའི་བརྒྱུད་རིམ་ལ་ཕྱིར་དྲན་རེ་བྱས་ན་དགའ་བ་ནི་བརྩེ་དུང་མཚོན་བྱེད་ཀྱི་མཆོད་བརྗོད་ལྟ་བུ་ཞིག་ལ་ངོས་བཟུང་ཆོག་ཆོག་རེད།
  སྤྱིར་སློབ་ཆེན་པའི་བརྩེ་དུང་གླེང་བ་ནི་ཡིད་སྨུག་གིས་གད་སྦུབས་བྱས་བའི་གོམ་པ་བགྲོད་སྟངས་ཤིག་མ་ཡིན་པར་འདི་ནི་མི་ཚེ་སྟེང་གི་ཆེས་གནད་དུ་ཕོག་པའི་འགན་འཁྲི་ཐེངས་ཤིག་གི་རེད།
  དེའི་རྐྱེན་ཁོ་གཉིས་བར་ལའང་བརྩེ་དུང་གི་གྲུབ་ཆ་ཞིག་ཆགས་སྲིད་པའི་རྒྱུ་ཞིག་འབྱོར་ཞིང་གཟའ་སྤེན་པའི་ཉིན་ཞིག་གི་ཕྱི་དྲོ་བཀྲ་ཤིས་དངོས་སུ་གཡང་འཛོམས་བསྡད་ཡོད་སའི་སློབ་གླིང་དེར་སོང་ཞིང་སློབ་གླིང་འདི་གཉིས་བར་ལ་ཕལ་ཆེར་སྤྱི་ལེ་ལྔ་བཅུ་ཡས་མས་ཀྱི་ལམ་ཐག་ཡོད་པ་འདྲ།
  དུས་ཚོད་གཅིག་རིང་གི་རྗེས་སུ་ཁོ་གཉིས་ངོ་འཕྲད་ནས་དགོད་གཏམ་ཐ་ཐོར་ཞིག་དང་ཟ་མ་སྟབས་བདེ་ཞིག་ཟོས་རྗེས་KTVཟེར་བའི་ཆང་ཁང་ཞིག་གི་ནང་ལ་འཛུལ་སོང་། ཆང་འཐུང་དུས་བཀྲ་ཤིས་ཀྱིས་སྔོན་ཆད་ཀྱི་སློབ་གྲོགས་ཤིག་ཀྱང་བོས་ཟིན།  ནམ་བྱེད་དུ་ཆང་འཐུང་ནས་བཟི་ལ་ཉེ་བའི་དུས་སུ་བཀྲ་ཤིས་ཀྱི་སློབ་གྲོགས་དེས་༼འུ་ཚོ་གཉིད་དུ་འགྲོ༽ཟེར།
  བག་མེད་རང་བཞིན་དུ་གྱུར་མེད་རུང་འོན་ཀྱང་གོམ་པ་འཁྱར་འཁྱོར་ངང་འགྲོ་བཞིན་འདུག ཕྱི་ཉིན་ཞོགས་པར་བཀྲ་ཤིས་ཆང་གིས་ཅུང་གནོད་ཡོད་པས་དེ་འདྲ་བདེ་མོ་མིན་པ་འདྲ།ཁོ་མོའི་དངུལ་གྱི་མཛུབ་དཀྲིས་ཞིག་བླངས་ཡོང་ནས་ང་ལ་བྱིན་པ་དང་གསལ་བཤད་ཀྱི་སྐད་ཆ་ཞིག་མ་ལབ་བྱུང་།  ཚོར་བ་ཞིག་གི་དབང་གིས་བྱིན་པ་ཨེ་ཡིན་འདོད་དེ་ང་རང་ཐེ་ཚོམ་གྱི་དྲ་རྒྱར་ཚུད།  ཉིན་འགའ་འདས་རྗེས་སུ་ངས་ཁོ་ལ་༼ཁྱོད་ང་ལ་དགའ་བ་ཨེ་རེད།  རྒྱུ་མཚན་ཅི་ཞིག་ལ་དགའ་ནས་ཡིན༽ཞེས་བྲིས་ཚེ། ཁོས༼ང་རང་ཁྱོས་གཤིས་ཀ་དགའ་བ་ཡིན༽ཞེས་ཟེར་བཞིན་ཡིད་སྐྱོ་བའི་ཞེད་སྣང་ཞིག་གིས་མགོ་བོ་ཡོད་ཚད་བཏུམས་སོང་བའི་ཚོར་སྣང་ཞིག་སྐྱེས།  ངས་༼ང་ལ་དགའ་རོགས་ཡོད།   ངེད་གཉིས་ད་དུང་འཛིན་གྲྭ་གཅིག་ཡིན༽ཞེས་དེའི་ཕྱོགས་ཀྱི་ཁ་བརྡ་ཅི་ལྟར་བྱས་རུང་མོ་ལ་དེ་འདྲའི་གནོན་ཤུགས་ཤིག་ཅིས་ཀྱང་ཡོད་མི་སྲིད།
ཕར་བལྟས་ཡོང་ན་མོ་ནི་སེམས་རྒྱ་ཧ་ཅང་ཆེ་བའི་བུ་མོ་ཞིག་རེད།  ནམ་རྒྱུན་ངེད་གཉིས་ཁ་པར་བརྒྱུད་ནས་ཁ་བརྡ་བྱེད་པ་ནི་རྒྱུན་འབྱམས་ཀྱི་གོམས་ལོབས་ཐེངས་ཤིག་ཡིན་ཏེ་མོས་ནམ་རྒྱུན་༼ཁྱོད་དང་དགའ་རོགས་གཉིས་འགྲིག་པོ་མཐུན་པོ་ཡིན་ན༽ཞེས་ཡང་ཡང་ལབ་ནའང་ངས་ཁོ་ལ་ངེད་གཉིས་༼ཧ་ཅང་འགྲིག་པོ་མཐུན་པོ༽ཡིན་ཞེས་བརྗོད།  
  ཏག་ཏག  སྐབས་ཤིག་ལ་ཁོ་རང་དངོས་སུ་༼ང་ཁྱོད་བལྟ་གིན་ཡོང་རྒྱུ༽་ཞེས་ཀུ་རེའི་ཚུལ་དུ་འཆད་ནའང་ང་གཏན་ནས་ཡིད་མ་ཆེས།  ངས་བསམ་པར་མོ་རང་འདི་གར་ཡོང་ན་དེ་འདྲ་སྟབས་བདེ་ཞིག་ཡོང་རྒྱུ་མ་རེད་འདོད་ནས་༼ཁྱོད་མི་སྐྲག་ན་ཤོག་དང་ཆོག༽ངོ་མ་འདི་ནི་ཀུ་རེ་ཐེངས་ཤིག་ཡིན་མོད་འོན་ཀྱང་མོ་རང་དངོས་སུ་སླེབས་བྱུང་།   དགོང་མོ་དེར་ང་ཚོས་ཆང་ཁང་ཞིག་གི་ནང་ནས་དགའ་བའི་བྲོ་དང་སྐྱིད་པའི་གླུ་ལེན་བཞིན་རྩེ་དགའི་དཔལ་ལ་རོལ་བཞིན་པའི་དུས་དེརབསམ་ཡུལ་ལས་འདས་བ་ཞིག་ལ་ངའི་དགའ་རོགས་ཀྱང་མོ་དང་མལ་ཁང་གཅིག་པའི་སློབ་གྲོགས་ཚོ་དང་མཉམ་དུ་གནས་དེ་ན་ཡོད་པ་མཐོང་བྱུང་།
  ཡུན་རིང་ཞིག་ལ་ཧང་སངས་ནས་འདུག་པ་ལས་གཞི་ནས་ཐབས་བཀོད་ཡག་པོ་ཞིག་རྙེད་མ་བྱུང་། དེ་མ་ཐག་ཏུ་མོས་ངའི་དགའ་རོགས་ཀྱི་ངུ་སྐད་རྒྱག་བཞིན་པ་མཐོང་ནས་་ཁོ་མོ་སྒོར་ཕྱིར་སོང་ཏེ་ང་ལསྒུག་བཞིན་ཕལ་ཆེར་དགོང་མོའི་ཆུ་ཚོད་གཅིག་ཡས་མས་སུ་སོན་འདུག   
  དགོང་མོ་དེར་ང་དངོས་གནས་ཅི་བྱ་གཏོད་མེད་དུ་གྱུར་ནའང་ཆེས་མ་མཐའ་ཡང་མོ་ནི་ངའི་དགའརོགས་ཡིན་ཕྱིར་མོ་ལ་བཀུར་སྟི་མ་བྱས་ན་མི་འགྲིག་སྟེ་ཞག་གང་བོར་མོའི་གམ་ནས་ནམ་ལངས་རག་བར་དུ་བསྡད།   འདི་ནི་མོ་གཉིས་ལ་མཚོན་ན་དབྱེ་འབྱེད་དཀའ་ཞིང་ཆེས་ཡིད་སྐྱོ་བའི་སེམས་ཀྱི་གྱོང་གུད་ཐེངས་ཤིག་རེད།  དུས་དེ་ནས་བཟུང་ངས་གཡང་འཛོམས་ལ་འབྲེལ་བ་བྱེད་པའི་སྐལ་བ་ཉག་ཕྲ་བར་གྱུར།    རིམ་བཞིན་ངེད་གཉིས་བར་ལ་ཕན་ཚུན་ཞེ་འཁོན་ཡོད་པ་ལྟ་བུ་གྱུར་ནས
  མོའི་དངུལ་གྱི་འཛུབ་དཀྲིས་དེ་ད་དུང་ཡང་ངས་བདག་གཉེར་བྱེད་བཞིན་ཡོད་ལ་ནམ་ཞིག་གི་ཚེ་མཛུབ་དཀྲིས་འདི་མོ་ལ་དབང་བའི་ཉིན་དེ་ནི་ང་ལ་མཚོན་ན་མི་ཚེ་འདིའི་ཆེས་མཇུག་གི་ཁོ་མོའི་གྱེས་བརྡ་དེ་ཡིན་ནོ།།

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།