ཉིན་གཅིག་གི་ཕྱིར་དྲན།

ཀླུ་ཚང་བྱམས་པ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-22

  ནམ་གུང་གི་ཆུ་ཚོད་ལྔའི་ཡས་མས་སུ། ང་ཚོའི་མལ་ཁང་གི་སྒོའི་ཁ་གཏད་དུ་ཡོད་པའི་མལ་ཁང་གང་ཞིག་གི་སྒོ“ཙིར”ཞེས་གྲག་འོང་པ་དང་མཉམ་དུ་ཐོག་ཁང་གི་ཁྱམས་ར་ནས་གོམ་སྒྲ་ཞིག་“ཐྲིག་ཐྲིག”ཅེས་གྲག་བྱུང་ལ། རིམ་བཞིན་གོམ་སྒྲ་དེའང་གསལ་ལ་མི་གསལ་བར་གྱུར་བ་ལ་གཞིགས་ན་སློབ་གྲོགས་ཆེ་གེ་མོ་ཞིག་ལུས་རྩལ་ར་བའི་གློག་སྒྲོན་འོག་ཏུ་སློབ་སྦྱོང་བྱེད་དུ་འགྲོ་བ་གདོན་མི་ཟའོ།
  དེ་ནས་ང་རང་ཡང་བསྐྱར་སེམས་ལྷོད་ལ་བབ་སྟེ་རྨི་ལམ་གྱི་ཞིང་ཁམས་སུ་མྱུལ་བཞིན་པའི་སྐབས་དེར། གློ་བུར་དུ་ང་ཚོའི་མལ་ཁང་གི་སྒོ“ཐག་ཐག”ཅེས་རྡུང་བྱུང་། ངས་སུ་ཞིག་ཡིན་ནམ་སྙམ་བཞིན་ཁ་གྲག་འདོད་མི་འདོད་ཀྱིས“སུ་ཡིན”ཞེས་དྲིས་པ་དང་ཆབས་ཅིག་སྒོ་འབྱེད་དུ་སོང་བ་ན། ཐོག་ཁང་གི་ཁྱམས་རའི་ནང་ནག་འཐིབ་བེར་འདུག་ལ་གྲག་འགུལ་ཅི་ཡང་མེད་པས་ང་རང་ཐེ་ཚོམ་དང་བཅས་ཏེ་ཡུན་རིང་ཞིག་ལ་མལ་ཁང་གི་སྒོ་ཁ་ནས་ཧད་དེ་ལུས། དེ་ནས་རང་ཉིད་རང་ཉིད་ཀྱི་རྣར་ཡང་ཡིད་མ་ཆེས་པའམ་ཡང་ན་རྨི་ལམ་ཡིན་པར་འདོད་ནས་དལ་ཅག་གེར་རང་གི་མལ་སར་ཕྱིར་ལོག་སྟེ། ལག་མགོའི“པེ་ཅིན”རྟགས་ཅན་གྱི་ཆུ་ཚོད་ལ་བལྟས་པ་ན། དུས་ཚོད་ལྔ་དང་ཕྱེད་ཀར་སླེབས་འདུག  སྤྱིར་ཡིན་ན་དུས་ཚོད་ལྔར་སླེབས་མ་ཐག་སློབ་གྲོགས་འགའ་ཞིག་གིས་དུས་རྒྱུན་དུ་ཐོག་ཁང་གི་ཁྱམས་ར་ནས་གློག་སྒྲོན་བཀར་ཏེ་སློབ་སྦྱོང་བྱེད་པ་མ་ཡིན་ནམ། དེ་རིང་རྣམ་ཀུན་དང་མི་འདྲ་བར་སློབ་གྲྭའི་ཁོར་ཡུག་ལྷིང་འཇགས་སེར་གནས་པའི་རྒྱུ་མཚན་ཅི་ཡིན་ནམ། འོ། མ་གཞི་དེ་རིང་གཟའ་ཉི་མ་ཡིན་པས་རེད།  ཡིན་ནའང་། འདི་འདྲའི་ནམ་གུང་ཞིག་ལ་ང་ཚོའི་མལ་ཁང་གི་སྒོ་རྡུང་མཁན་ཞིག་ཡོད་དམ། དེ་ལྟར་རང་ཉིད་ཀྱིས་བསམ་གཞིག་གཏོང་བ་ལས་གཉིད་གཏན་ནས་མི་ཁུགས། སྐབས་དེར་སློབ་གྲོགས་གཞན་དག་ད་དུང་རྨི་ལམ་གྱི་ཞིམ་ཁམས་སུ་བདེ་སྐྱིད་ཀྱི་དཔལ་ལ་རོལ་གྱིན་“ཨུ   ཨུམ”ཞེས་སྔུར་བ་འཐེན་གྱིན་གདའ།
  དེ་ནས་ཅང་མ་འགོར་བར་ཐོག་ཁང་གི་ཁྱམས་ར་ནས་ཡང་བསྐྱར་གོམ་སྒྲ་ཞིག“ཐྲིག་ཐྲིག”ཅེས་གྲག་འོང་པ་ཁོ་བོའི་ཐོས་འཛིན་གྱི་བུ་གར་ལྷུང་མ་ཐག་ཁ་རོག་གེར་ཉན་ནས་བསྡད་པ་ཡིན། ངའི་སེམས་ལ་མི་དེས་གཏན་ནས་གཉིད་དུ་མ་བཅུག་པ་རེད་སྙམ་པ་དང་མཉམ་དུ་སུན་སྣང་ཞིག་ཀྱང་དབང་མེད་དུ་སྐྱེས་བྱུང་། རྒྱུ་མཚན་ནི་ང་རང་གཉིད་ལ་དུང་ཞིང་ཞེན་པས་མ་ཡིན་ནམ། ཡིན་ནའང…… 
   མི་དེ་ང་ཚོའི་མལ་ཁང་གི་སྒོ་ཁར་བསྙེགས་ཏེ་འོང་བཞིན་ཡོད་པ་གཞི་ནས་ཚོར་ཐུབ་སྟེ་གོམ་སྒྲ་རིམ་བཞིན་ཇེ་གསལ་ནས་ཇེ་གསལ་དུ་གྱུར་བས་རེད། མི་དེ་སྒོ་ཁར་ཐོན་པའམ་ཡང་ན་ཅི་ཞིག་ལ་བསམ་བློ་གཏོང་བ་ཇི་བཞིན་གོམ་པ་སྤོ་མཚམས་བཞག་སྟེ་གྲག་འགུལ་ཅི་ཡང་མ་བྱུང་། དེ་དུས་ཁོ་བོའི་སེམས་ལ་ལན་མི་ཤེས་པའི་འདྲི་གཞི་མང་པོ་ཞིག་འདྲི་རྟགས་དང་འགྲོགས་ནས་གཅིག་འཕྲོར་གཅིག་མཐུད་དེ་སླེབས་འོང་། ཡིན་ནའང་། མི་དེ་སུ་ཡིན་ནམ་སྙམ་བཞིན་འདུག་པ་ལས་ཐབས་ཅི་ཡོད།
  ཅུང་ཙམ་འགོར་རྗེས་ང་ཚོའི་མལ་ཁང་གི་སྒོ“ཐག་ཐག”ཅེས་རྡུང་བྱུང་། སྐབས་དེར་ངས་ ‘འདི་འདྲའི་ནམ་གུང་ཞིག་ལ་འདྲེ་ཡིས་བཟུང་བ་ཡིན་ནམ’ཞེས་བཤད་སྙིང་འདོད་ཀྱང་། ཉིན་འགའི་སྔོན་དུ་འཛིན་བདག་ཀྱང་འདི་འདྲའི་ནམ་གུང་ཞིག་ལ་ནམ་རྒྱུན་དྲ་ཁང་ནང་དུ་འགྲོ་བར་གོམས་པའི་སློབ་གྲོགས་རེ་གཉིས་ཤིག་མལ་ཁང་དུ་ཡོད་མེད་ལ་ཆེད་དུ་ཞིབ་བཤེར་བྱེད་དུ་ཡོང་བ་མ་ཡིན་ནམ། དེ་དག་ཡིད་ལ་ཝ་ལེར་འཁོར་བྱུང་བས་བཤད་འདོད་པའི་སྐད་ཆ་དེ་མིད་པའི་ཁར་ཐོན་ཡང་དགེ་རྒན་ཡིན་པར་དོགས་ནས་མཆིལ་མ་ཞིག་དང་ལྷན་དུ་ཕྱིར་མིད་དེ་སྐད་མགོ་ཅུང་མཐོན་པོས“ཨ་རོག   སུ་ཡིན”ཞེས་དྲིས་པ་ཡིན། དེ་ལྟར་དྲིས་ན་དགེ་རྒན་ཡིན་ཡང་སེམས་ལ་ཕོག་ཐག་བཟོ་མི་སྲིད་པས་ཡིན།
  “བཀྲ་ཤིས་ཡོད་དམ”ཞེས་སྐད་མགོ་དམའ་མོས་དེ་ལྟར་སྨྲས།
  “ཨ་ཙི། བུ་མོ་ཞིག་རེད།” ངས་དེ་ལྟར་ཧ་ལས་པའི་ངང་ནས་ཆིག་ལབ་ཅིག་བརྒྱབ་པ་དང་། ད་སྔོན་ནས་བུ་མོ་ཞིག་ཡིན་པ་ཤེས་ཡོད་ན་‘འདི་འདྲའི་ནམ་གུང་ཞིག་ལ་འདྲེ་ཡིས་བཟུང་བ་ཡིན་ནམ’ཞེས་བཤད་ཀྱང་སྐྱོན་ག་ལ་ཡོད།  དེ་ལྟར་སེམས་བཞིན་རང་ཉིད་ལ་ལེ་བདའ་ཞིག་ཀྱང་བྱེད་དགོས་བྱུང་།  
  ཁོ་མོས་ཡང་བསྐྱར“བཀྲ་ཤིས་ཡོད་དམ”ཞེས་སྐད་དམའ་ཞིང་ངག་འཇམ་པོས་དེ་ལྟར་སྨྲས་བྱུང་།
  བུ་མོ་དེ་སུ་ཡིན་ནམ། ཁོ་མོས་ང་རང་འདི་འདྲའི་ནམ་གུང་ཞིག་ལ་བཙལ་འོང་བའི་རྒྱུ་མཚན་ཅི་ཡིན་ནམ། ཡིན་ནའང་སློབ་གྲྭ་འདི་ན་ང་རང་བཙལ་མཁན་གྱི་བུ་མོ་ཞིག་མེད་པ་རང་ཉིད་སེམས་ལ་གསལ་བས་“བཀྲ་ཤིས་ཨེ” ཞེས་ལྡོག་འདྲི་ཞིག་བྱེད་དགོས་བྱུང་སོང་།
  “འོ་ལེ། འོ་ལེ ……”
  འོ། ང་རང་གོ་བ་ལོག་འདུག  རྒྱུ་མཚན་ནི་ང་ཚོའི་འཛིན་གྲྭའི་ནང་དུ་ང་ལས་གཞན་མིང་ལ་བཀྲ་ཤིས་ཚེ་རིང་ཟེར་བ་ཞིག་ཡོད་ལ། སློབ་གྲོགས་ཚོས་རྒྱུན་དུ་ཁོའི་མིང་ལ་བཀྲ་ཤིས་ཞེས་འབོད་པ་མ་ཡིན་ནམ། ངས་བུ་མོ་དེ་ནི་བཀྲ་ཤིས་ཚེ་རིང་གི་དགའ་རོགས་དེ་ལོས་ཡིན་སྙམ་ནས་“འབའ་རྫོང་བཀྲ་ཤིས་ཚེ་རིང་གི་མལ་ཁང……”
ཁོ་མོས་དེའི་མུར་ངའི་ཚིག་མཚམས་བཅད་དེ“ཕ་ཡུལ་རེབ་གོང་གི་བཀྲ་ཤིས”ཞེས་གསལ་བོར་བཤད།
  “ཨ་ཙི། ཁོ་མོས་འཚོལ་བའི་བཀྲ་ཤིས་དེ་མ་གཞི་ང་རང་ཡིན་འདུག”ཅེས་སྐད་མགོ་དམའ་མོས་ཁེར་ལབ་ཅིག་བརྒྱབ་པ་དང་འབྲེལ“ཁྱོད་སུ་ཡིན”ཞེས་ནན་གྱིས་དྲིས།
 “གྲོགས་པོ་ལགས། ངས་ཁྱོད་ཀྱི་རྨི་ལམ་ལ་བར་ཆད་བཟོས་སོང་བས་ཐུགས་རྒྱལ་མ་བཞེངས། ཁྱོད་ཀྱིས་མྱུར་དུ་བཀྲ་ཤིས་འབོད་རོགས་ཞུ།  འོ། ང་ནི་བཀྲ་ཤིས་ཀྱི་གྲོགས་མོ་ཞིག་ཡིན”ཞེས་འཚབ་བེ་འཚུབ་བེར་བཤད་པ་དང་དེ་ནས་ཐེ་ཚོམ་ཞིག་ཀྱང་སྐྱེས་ཀྱིན་ཡོད་པ་འདྲ་སྟེ། ཡང་བསྐྱར་“བཀྲ་ཤིས་ཀྱི་མལ་ཁང་འདི་ཨེ་རེད།”ཅེས་དྲིས་བྱུང་།  
   ཁོ་མོས་སྐད་དེ་ཅུང་ཆ་ཡོད་ཅིག་ཡིན་ན་ཡང་ཁོ་བོས་གཏན་ནས་གསལ་རྟོགས་མ་བྱུང་། དེ་ནས་ཁོ་བོ་མལ་ལས་ལངས་ཏེ་ལྭ་བ་གོན་ཞོར་དུ“ཁྱོད་ཀྱིས་འཚོལ་བའི་བཀྲ་ཤིས་ང་ཡིན”ཞེས་བཤད་བཞིན་མལ་ཁང་གི་སྒོ་ཁར་བུད་པ་ན། ཁྱམས་རའི་ནང་དུ་གློག་སྒྲོན་བཀར་མེད་པས་སྔར་བཞིན་ནག་འཐིབ་བེར་འདུག་ལ་མི་ངོའང་གསལ་བོར་མཐོང་མི་ཐུབ། དེ་མ་ཐག་བུ་མོ་དེས་ལག་ཁྱེར་ཁ་པར་ཞིག་ཡིན་མིན་གསལ་བོར་མི་ཤེས་མོད། དེ་ལས་འཕྲོས་པའི་འོད་དེ་ཁོ་བོའི་གདོང་དུ་གཏད་པས་མིག་ཟུང་རབ་རིབ་ཏུ་གྱུར་སོང་།
  “ཨ་ལ  བཀྲ་ཤིས…… ”ཞེས་དགའ་བ་འབུམ་གྱིས་མྱོས་ཏེ་ཁོ་བོར་ལག་འཇུ་ཐེངས་ཤིག་བྱས།
  “ཁྱོད   ཁྱོད”ཅེས་འཚབ་བེ་འཚུབ་བེར་དྲིས་པ་ན།
   ཁོ་མོས་དེའི་མུར་ཐེ་ཚོམ་ཅི་ཡང་མེད་པར“ཁྱོད་ཀྱིས་འཛེམ་དོགས་ཅི་ཡང་བྱེད་མི་དགོས། ཕྱི་སྒོར་སོང་ནས་ཁ་བརྡ་བྱས་ན། ད་གཟོད་ཁྱོད་ཀྱིས་ང་རང་ཤེས་ངེས་རེད”ཅེས་སྨྲས་པ་དང་མཉམ་དུ་ངེད་གཉིས་ཀྱི་གོམ་ཁའི་འདེགས་འཇོག་མལ་ཤག་ཐོག་ཁང་གི་ཕྱི་རོལ་དུ་བསྒྱུར་བ་ཡིན། མལ་ཤག་ཐོག་ཁང་གི་མདུན་དུ་གསོམ་སྡོང་དང་ཨ་གར་ཤིང་སོགས་ཀྱི་སྐྱེད་མོས་ཚལ་ཅིག་ཡོད་པ་དང་དེའི་མཐའ་འཁོར་ན་གློག་སྒྲོན་ཡོད་པས། ངས་ད་གཟོད་ཁོ་མོའི་ངོ་གདོང་གསལ་བོར་མཐོང་བྱུང་། 
  “ཨ་ཙི། ལྷ་སྐྱིད། ཁྱོད་བདེ་མོ་ཡིན་ནམ།  ཁྱོད་ཀྱིས་ང་ཚོའི་མལ་ཁང་ཇི་ལྟར་ཤེས་པ་ཡིན”ཞེས་ང་རང་གཉིད་ལས་སད་པ་ཇི་བཞིན་ཁོ་མོར་ལག་འཇུ་བྱེད་ཞོར་དེ་ལྟར་མགོ་རྔ་མེད་པའི་གཏམ་ཞིག་འདྲི་དགོས་བྱུང་། སྐབས་དེར་ངས་རྨི་ལམ་ཨེ་ཡིན་སྙམ་པའི་ཐེ་ཚོམ་དང་བཅས་ཅི་ཞིག་བཤད་དགོས་པའང་མ་ཤེས་པར་ཁོ་མོའི་གདོང་ལ་ཅེར་ནས་ཅུང་ཙམ་ཞིག་ལ་དེ་ལྟར་འགྲེང་དགོས་བྱུང་སོང་། དེ་རིང་ཁོ་མོ་སྔོན་ཆད་དང་མི་འདྲ་ས་ཞིག་ཡོད་པ་ནི་གདོང་ལ་མཐའ་ཤན་ནག་པོ་ཅན་གྱི་ཤེལ་མིག་ཅིག་གྱོན་ཡོད་པ་དེ། བོད་ཀྱི་ཁ་དཔེ་ལ་འདོ་རིག་རྟ་ཕོར་གསེར་སྒ་བསྟད།། གསེར་སྒ་ལྷུ་བཞི་འཕྲ་ཡིས་བརྒྱན།། ཞེས་པའི་དཔེ་ལྟར་ཡིད་དུ་འོང་པ་ཞིག་རེད་ཨང་། དེ་བས་ན་ལྷ་སྐྱིད་ནི་གཟུགས་སྐྱེ་ལས་དང་ཡག་མོ་སྒོ་ཀུན་འཛོམས་ཀྱི་ན་ཆུང་མ་ཞིག་ཡིན་ཞེས་བརྗོད་ན་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་ཡིད་ཆེས་བྱེད་དཀའ་མོད། འོན་ཀྱང་ངའི་མིག་ལམ་དུ་དེ་ལྟ་བུ་ཞིག་ཡིན་པས་དེ་ལྟར་སྨྲ་བར་སྤོབས།
  “ཅི་རེད། འདི་ལྟར་འཕྲད་པ་ཁྱོད་ཀྱི་སེམས་པའི་དགུ་ལའང་མ་དྲན་ན། ཧི་ཧི་ཧི། ལས་བཟང་ན་ལམ་ནས་ཐུག་ལ། ལས་མི་བཟང་བསྐལ་བར་མི་འཕྲད་ཅེས་པ་དེ་ཅིས་མི་བདེན། ”
  ཁོ་མོས་“ ངས་ས་མཁྱེན་གནམ་མཁྱེན་བྱས་ཏེ་ཐ་མར་མངོན་སུམ་དུ་མཁྱེན་པ་ཡིན། ”ཟེར།  ཡང་བསྐྱར“ཨ་ལ།  ཀུ་རེ་ཡིན།  གྲོགས་མོ་ཀུན་བཟང་མཚོས་བཤད་པ་ཡིན།  དེ་མ་གཏོགས་ངས་ཁྱོད་སྟོད་ལྷ་ཡུལ་དང་འོག་ཀླུ་ཡུལ། བར་མི་ཡུལ་གང་ན་ཡོད་འདུག་ཀྱང་ག་ལ་ཤེས་ཐུབ་བམ། ”ཟེར།
  “ངོ་མ། ཁ་ལྕེ་མེ་ལྕེ་རང་འབར་རེད་ལ།   ཧི་ཧི་ཧི”
   “ ……”
  རེད་ལགས། ཁོ་མོ་ནི་ངའི་དམའ་འབྲིང་སྐབས་ཀྱི་སློབ་གྲོགས་ཤིག་ཡིན་ལ་དགའ་རོགས་ཤིག་ཀྱང་ཡིན། ཁོ་མོའི་གནག་སྣུམ་གྱི་སྐྲའི་ལན་བུ་རིང་ལ་དཔྲལ་བའི་དབྱེས་ཀྱང་ཅུང་ཆེ། རྒོད་པོའི་གཤོག་ཟུང་བརྐྱངས་འདྲའི་སྨིན་མ་སྟུག་པོའི་འོག་ན་ཐོ་རེངས་སྐར་ཆེན་ལ་འཁུ་བའི་ཁྲ་ཆུང་གི་མིག་ཟུང་དེ་ཡིད་དུ་འོང་པ་ཞིག་ཏུ་འདུག  གཟེངས་མཐོ་བའི་སྣ་ཡི་སྟེང་དུ་སྨེ་བ་ཞིག་ཡོད་པས“གདོང་ནག་མ”ཞེས་འབོད་མཁན་ཡང་ཡོད། དེ་བས་ན་སློབ་གྲོགས་ཚོས་གདོང་ནག་མ་ཞེས་འབོད་དུས་ཁོ་མོ་དེ་མུར་སྐྱེངས་ནས་སྣའི་སྟེང་གི་སྨེ་བ་དེ་ལག་པས་ཅི་ཐུབ་ཀྱིས་འགེབ་པར་བྱེད་པའི་སྣང་བརྙན་གསོན་པོ་རེ་རེ་ངའི་སེམས་ཀྱི་ཡོལ་རིས་ངོས་ན་ལོ་དང་ཟླ་བའི་འདུ་འཛི་ཡིས་འདེད་མ་ཐུབ་ཅིང་ས་ཕྱོགས་གྲུ་བཞིའི་རླུང་གིས་ཀྱང་བསུབ་མ་ཐུབ་པར་གསལ་ལྷང་ངེར་འདུག ད་དུང་།  དུས་རྒྱུན་དུ་ཁོ་མོ་སློབ་གྲོགས་སྐྱེས་པ་ཡིན་ནའང་འདྲ། སྐྱེས་མ་སློབ་གྲོགས་ཡིན་ནའང་འདྲ། ཀུན་ལ་ཁྱད་མེད་པར་ཀུ་རེ་རྩེད་རྒྱུར་དགའ་བས་སློབ་གྲོགས་ཚོའི་ནང་ན་ཁོ་མོའི་མིང་ལ“རྩེད་ཁ་མ”ཞེས་འབོད་མཁན་ཡང་ཡོད།
  སློབ་གྲོགས་ཚོས་དེ་ལྟར་ཟེར་ནའང་། ཁོ་མོ་ནི་རྒན་ལ་བཀུར་ཞིང་གྲོགས་ལ་བརྩེ་བའི་སློབ་གྲོགས་ཡ་རབས་ཤིག་ཡིན། ངེད་གཉིས་ཀྱིས་རྨ་ལྷོ་ཁུལ་ཐུན་རིན་རྫོང་མི་རིགས་སློབ་འབྲིང་དུ་སློབ་གྲོགས་ཐུབ་བསྟན་བརྒྱུད་ནས་ཕན་ཚུན་ངོ་ཤེས་པ་དང་། དེ་ནས་རིམ་བཞིན་བརྩེ་བ་ཇེ་ཟབ་ཏུ་གྱུར་ཏེ་བརྩེ་དུང་གི་དབུ་ཁྱུད་འབྲི་འགོ་བརྩམས། སྐབས་དེར་ངེད་གཉིས་ཀྱིས་ལྔ་རིག་གི་སྐྱེད་ཚལ་གླིང་ནས་ཤེས་རིག་གི་མེ་ཏོག་འཐུ་བཞིན་བདེ་སྐྱིད་ཀྱི་དཔལ་ལ་རོལ།
  ཡིན་ནའང་། ལོ་ངོ་གསུམ་གྱི་དམའ་འབྲིང་གི་འཚོ་བ་དེ་མིག་རྡེབ་དབང་ཙམ་གྱིས་མཇུག་རྫོགས་ལ་ཉེ་བར་གྱུར་སོང་། སྤྱིར་འབྲིང་རྒྱུགས་ལ་མཚོན་ནའང་སློབ་གྲོགས་སུ་དང་གང་ཞིག་ཡིན་རུང་མི་ཚེའི་དཀྱོགས་མཚམས་ཤིག་ཡིན་པས། བློ་བདེ་བག་ཕེབས་ཀྱིས་མཐོ་འབྲིང་གི་སྒོ་ཐེམ་རྡོག་པས་གནོན་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། དེ་བས་ན་ཁོ་བོས་ཀྱང་འབྲིང་རྒྱུགས་ལ་གྲ་སྒྲིག་ལེགས་པོ་ཞིག་བྱེད་དགོས་པ་སོགས་ཀྱི་རྐྱེན་དུ་མའི་དབང་གིས་ཁོ་མོར་མཇལ་བའི་གོ་སྐབས་ནི་ཅུང་ཙམ་རེ་ཡོད་པ་ནས་རིམ་བཞིན་ཡེ་ནས་མེད་པར་གྱུར།
  དེ་ལྟར་དམའ་འབྲིང་གི་འཚོ་བ་དེ་མཇུག་རྫོགས་ནའང་ཁོ་མོར་ཐུག་རྒྱུ་ཕར་ཞོག  འཕྲིན་ཞིག་ཀྱང་འབྲི་མི་ཐུབ་པར་ལུས་སོང་། ངོ་མ། འབྲིང་རྒྱུགས་ལ་མཐོང་ཆེན་བྱས་ཏེ་འདོད་བརྩེ་ཡི་ཕྱོགས་སུ་སྣང་འཇོག་མ་བྱས་པའི་རྐྱེན་ཡང་ཡིན་སྲིད་དེ། དོན་དམ་དུ་ལག་པ་གཉིས་ཀྱིས་གནམ་མཁའི་དབྱིངས་ཀྱི་བྱ་འཛིན་རྒྱུ་དང་རྐང་བ་གཉིས་ཀྱིས་རྒྱ་མཚོའི་ནང་གི་ཉ་འཛིན་རྒྱུ་ནི་དཀའ་ཙམ་གདའ་བའི་ཕྱིར།
  དེ་ནས་དབྱར་གསུམ་གྱི་ཁུ་བྱུག་རྒྱང་དུ་ཆས་ཤིང་འཇོལ་མོ་ཡི་གྲེ་འགྱུར་ལྷོད་ཀྱིས་འཇགས་པའི་སྟོན་གཞུང་གི་ཉིན་མོ་ཞིག་ལ། ང་རང་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གླིང་གི་རིག་པའི་སྡིངས་ཀར་ཆས་པ་ཡིན།
  ང་རང་སློབ་གླིང་འདིར་འབྱོར་དུས་ང་དང་ས་ཕྱོགས་གཅིག་པའི་སློབ་གྲོགས་རིན་རྡོ་དང་སྟོབས་རྒྱས། ཚེ་དབང་ལྷ་མོ་དང་ཀུན་བཟང་མཚོ་སོགས་ཀྱང་སྔ་མོ་ནས་སློབ་གླིང་འདིར་ཐོན་འདུག
  ལྷ་སྐྱིད་དང་ངེད་གཉིས་ཀྱིས་འབྲིང་རྒྱུགས་མ་སྤྲད་གོང་ནས་སློབ་གྲྭ་འདིར་ཡོང་རྒྱུའི་དམ་བཅས་ཡོད་མོད། འོན་ཀྱང་སློབ་འགོ་ཚུགས་ནས་བསྟུད་མར་ཉིན་བཅུ་ལྷག་འགོར་ནའང་ཁོ་བོའི་མིག་མདུན་དུ་ལྷ་སྐྱིད་ཀྱི་གྲིབ་མ་ཙམ་ཡང་མ་མངོན་པས། བརྩེ་དུང་གི་མཁའ་དབྱིངས་ནས་སྡུག་ཡུས་ཀྱི་སྤྲིན་ནག་འཁྲིགས་པ་དང་མཉམ་དུ་རེ་བ་ཡི་ས་གཤིན་སྟེང་ལ་མི་འདོད་དྲག་ཆར་བབས། ཕྱི་དྲོ་ཞིག་ལ། ཁོ་བོ་ཆེད་དུ་ལྷ་སྐྱིད་དང་སྡེ་བ་གཅིག་པའི་ཀུན་བཟང་མཚོ་བཙལ་ནས་ལྷ་སྐྱིད་ཀྱི་གནས་ཚུལ་དྲིས་པ་ན། ཀུན་བཟང་མཚོས་བཤད་རྒྱུར“ད་ལོའི་དབྱར་ཁར་ང་རང་ལྷ་སྐྱིད་ལ་ཐེངས་མང་པོར་ཐུག་མྱོང་། ཏག་ཏག་ལྷ་སྐྱིད་ཀྱིས་མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་དུ་འགྲོ་འདོད་ཆེ་ཚུལ་དང་བཀྲ་ཤིས་ལ་མཇལ་འདོད་ཀྱི་འདུན་པ་དེ་བས་ཀྱང་ཆེ་ཟེར”ཞེས་པའི་གཏམ་དེས་ང་ལ་ཁོ་མོར་མཇལ་མ་ཐུབ་པའི་སྐྱོ་སྡུག་གི་སྟེང་ལ་དེ་ལས་ལྷག་པའི་དྲན་གདུང་གི་ན་ཟུག་ཅིག་རྨང་ནས་བསླངས་བྱུང་།
  ངེད་གཉིས་ཀྱིས་ཕན་ཚུན་ལ་ལབ་གླེང་བྱས་ནས་ཡུད་ཙམ་འགོར་མཐར། དབང་ཕྱོགས་ས་འཛིན་གྱི་ཕྲག་སྟེང་ནས་རྟ་བདུན་དབང་བོ་ཡང་ཁད་ཀྱིས་འཕགས་པའི་འོད་ཟེར་གྱིས་ཉེ་འཁོར་གྱི་གློག་སྒྲོན་དག་ཀྱང་རིམ་བཞིན་ཉམས་པར་བྱས་སོང་། དེ་དུས་ངེད་གཉིས་ཀྱི་མཐོང་ལམ་དུ་མངོན་པ་ནི་གཉིད་ལས་སད་མ་འདོད་པ་ལྟར་ཞོགས་པའི་སྨུག་སྤྲིན་གྱིས་གཡོགས་འདུག་པའི་ཕྱོགས་བཞིའི་རི་ཚོགས་དག་དང་། བཟོ་གྲྭ་སྣ་ཚོགས་ལས་ཐོན་པའི་དུ་བ་སྔོ་ལྷོག་ལྷོག་གིས་ཡོ་འཁྱོག་ཅི་ཡང་མེད་པར་ནམ་མཁའི་སྤྲིན་པ་དང་ཡུག་ཅིག་ཏུ་འདྲེས་ཡོད་པ་དེ་རེད། ད་དུང་། སློབ་གྲོགས་རེ་འགས་ལྭ་བ་གསར་བ་དག་གྱོན་ནས་འཛུམ་མདངས་ཤིག་ཤིག་གིས་སློབ་གྲྭའི་སྒོ་ཆེན་ནས་དྲང་ཤ་ལེར་རྒྱ་སྲང་དུ་བུད་འགྲོ་ལ། ཡང་ལ་ལ་ཞིག་སློབ་གྲྭའི་ཕྱི་སྒོ་ནས་ཅི་ཞིག་ལབ་གླེང་བྱེད་ཀྱིན་མལ་ཁང་གི་ཕྱོགས་སུ་འགྲོ་བཞིན་ཡོད་པ་དེ་དག་རེད།
  ཁོ་མོས་རྒྱང་རིང་ན་སྨུག་སྤྲིན་གྱིས་གཡོགས་པའི་རི་ཚོགས་ལ་བལྟ་ཙམ་བྱས་པ་དང་མཐུད་ནས་བཤད་རྒྱུར“གཟའ་འཁོར་གཅིག་གི་སྔོན་ལ་ངེད་ཚང་གི་ཁྱིམ་གཞིས་རྨ་ལྷོ་ནས་མཚོ་ལྷོར་སྤར་བ་དང་ང་རང་ཡང་མཚོ་ལྷོ་ཁུལ་སློབ་འབྲིང་དུ་ཞུགས་ནས་ཉིན་བཞི་ལྷག་འགོར་ཟིན”ཞེས་ང་ལ་གསལ་འདེབས་ཤིག་བྱས་སོང་།
  གནས་ཚུལ་དེ་ཐོས་མ་ཐག་ང་ལ་ཐོག་མར་སྨྲ་མི་ཤེས་པའི་སྤྲོ་བ་ཞིག་འཕེལ་དུ་བཅུག་པ་དང་དེ་ནས་སླར་ཡང་ཐེ་ཚོམ་གྱི་ན་བུན་ཞིག་ངང་གིས་འཐིབ་ཏུ་བཅུག   དེ་ལས་དགའ་དོན་ནི་ངེད་གཉིས་ཡང་བསྐྱར་ལྷན་འཛོམས་བྱུང་བས་ཡིན་ལ། དེ་ལས་ལྡོག་སྟེ་ཐེ་ཚོམ་སྐྱེས་དོན་ནི་ངེད་གཉིས་མ་མཇལ་བར་ལོ་ངོ་གཉིས་དང་ཟླ་ངོ་འགའ་ལྷག་འགོར་བའི་རིང་ཁོ་མོའི་གངས་རི་བཞིན་དཀར་བའི་བརྩེ་དུང་གི་འདུ་ཤེས་སྟེང་ལ་སྨུག་སྤྲིན་བཞིན་མི་འདོད་པའི་ལྷད་ཀྱིས་གོས་ཡོད་མེད་ཀྱི་དོགས་གཞི་ཡིས་བསླང་བས། ང་ནི་སྤྲོ་དགའ་དང་ཐེ་ཚོམ་གཉིས་ཀྱི་བསྣོལ་མཚམས་ནས་འགྲེང་སྟེ། དེའི་ཕྱོགས་ལ་མནོ་བསམ་བགྱིད་པའི་སྐབས་དེར། ཕལ་ཆེར་ཁོ་མོས་ངའི་རྣམ་འགྱུར་རྟོགས་སོང་བ་འདྲ་སྟེ། དང་ཐོག་ཁོ་མོའི་ཁྲ་ཞིང་སྒོར་བའི་མིག་ཟུང་གིས་ཁོ་བོའི་གདོང་ལ་བལྟ་ཙམ་བྱས་པ་དང་། དེ་ནས་སླར་ཡང་གདོང་ལ་འཛུམ་མདངས་ཀྱིས་ཁེངས་བཞིན་ལག་གཡས་པའི་གོང་མཛུབ་ཀྱིས་ཤེལ་མིག་ཡར་འདེད་ཙམ་བྱས་རྗེས“བཀྲ་ཤིས། ཁྱོད་ཀྱིས་ཅི་ཞིག་ལ་འདང་རྒྱག་བྱེད་ཀྱིན་ཡོད”ཅེས་དྲིས།
  ངས་ཁོ་མོས་དྲིས་པའི་འདྲི་གཞིའི་དེའི་ལན་དུ་མགོ་བོ་ཐད་དུ་གཡུག་པ་ཙམ་ལས་ཅི་ཡང་མ་སྨྲས།
  “བཀྲ་ཤིས། ཁྱོད་རང་དངོས་གནས……”
  ངས་དེར་མཐུད་ནས“ལྷ་སྐྱིད། ང་ལ་དོན་དག་ཅིག་བཤད་རྒྱུ་ཡོད་པས……”
ཁོ་མོས་ཐེ་ཚོམ་དང་འཁང་ར་ཅི་ཡང་མི་བྱེད་པར“ཁྱོད་ཀྱིས་འཛེམ་དོགས་བྱས་ནས་ཅི་བྱེད། ངོ་མ…… ”མགོ་བོ་འཕྲེད་གཡུག་ཅིག་བྱས་རྗེས“ཧི་ཧི་ཧི  ཅི་ཞིག་རེད།  ཤོད་ཡ……”
  ང་ཐོག་མར་ངོ་སྐྱེངས་པས་གདོང་ཡོངས་ཚ་ལམ་ལམ་དུ་སྣང་ཡང་། དོན་དེ་ཁོ་མོར་མི་འདྲི་ཐབས་མེད་རེད། དེ་ནས་མགོ་བོ་དགྱེ་སྟེ་ཁོ་མོར་བཤད་རྩིས་བྱས་པ་ན། ཁོ་མོའི་མིག་ཟུང་ལ་གཡོ་འགུལ་ཅི་ཡང་མེད་པར་ཁོ་བོའི་གདོང་དུ་བལྟས་ཡོད་པ་དེ་མཐོང་མ་ཐག་ལྷག་ཏུ་སྐྱེངས་པར་བྱས་པས་ཡང་བསྐྱར་མགོ་བོ་དུད་དེ་འདུག་པ་ལས་ཐབས་ཅི་ཡང་མི་འདུག
  ཁོ་མོས་ང་རང་སྐྱེངས་པའི་ཚུགས་ཀ་དེ་མཐོང་འཕྲལ“བཀྲ་ཤིས། སྔོན་ཆད་འུ་གཉིས་ཕན་ཚུན་འདྲིས་ལོབས་སུ་གྱུར་ཡོད་པས། ཁྱོད་རང་འདི་ལྟར་ངོ་གནོང་ནས་ཅི་བྱེད།  ཤོད་དང་། དོན་དག་ཅི་ཞིག་ཡིན། རེམ་མ་ཤོད་ཡ……” ཞེས་ང་ལ་ཡང་དང་བསྐྱར་དུ་ཞུ་བ་བྱས་མཐར། ངས་ཀྱང་སྤོབས་པ་ཆེར་བསྐྱེད་དེ“ལྷ་སྐྱིད། ཁྱོད་ཀྱི་སེམས་ན་སྔར་བཞིན་ང་རང་ཡོད་དམ”ཞེས་དྲིས་པ་ན། ཁོ་མོས་དོགས་སྣང་ཅི་ཡང་མི་བྱེད་པར“ང་ནི་དེ་འདྲའི་ཁྲེལ་མེད་ཅིག་མིན་པ་ཁྱོད་ཀྱིས་ཀྱང་ལོས་ཤེས། དེ་མིན་ན་དེ་རིང་གི་ཉིན་མོ་འདི་ལྟ་བུ་ཞིག་ག་ལ་ཡོད་ངེས”ཞེས་དགོད་སྒྲ་ཞིག་དང་མཉམ་དུ་ལན་བཏབ་པ་དང་དེར་མཐུད་ནས་“ཁྱོད་ཀྱི་གནས་ཚུལ་ཡང་སྦ་གསང་མེད་པར་བཤད་རོགས་གནོངས”ཞེས་ང་ལ་ནན་གྱིས་བསྐུལ།
  “ཧི་ཧི་ཧི …… ཆོག་གི  དོན་ངོ་མས་བཤད་ན་ངས་ཀྱང་སྔར་བཞིན་འུ་གཉིས་ཀྱི་བརྩེ་བ་དེ་བཅངས་བཞིན་དེ་རིང་གི་འདི་ལྟ་བུའི་ལྷན་འཛོམས་ཀྱི་ཉིན་མོར་སྒུག་ཡོད”ཞེས་ཁ་ཁོག་པས་མ་གསང་བར་བློ་རྒྱུ་མས་མ་བསྐུམས་པར་དྲང་མོར་བཤད།
  ཁོ་མོས“བཟང་གི  ངོ་མ་བཟང་གི  ང་ཡང་དེ་ལས་མ་འདས་པ་རེད” ཞེས་དགའ་སྤྲོའི་ངང་སྨྲས་པ་དང་པྲ་ཆལ་གྱི་མིག་ཟུང་བཙུམ་མ་ཕྱེ་ཡིས་ཁོ་བོར་བརྡ་ཞིག་བརྒྱབ་བྱུང་།
ངེད་ག་ཉིས་ཡུན་རིང་མ་མཇལ་བའི་རྐྱེན་གྱིས་ཕན་ཚུན་ལ་ལབ་གླེང་བྱེད་རྒྱུ་དེ་ཡང་དཀའ་བར་སྣང་ཡང་ད་སོ་མར་བྱུང་བའི་ཁོ་མོའི་མིག་གི་ཟུར་མདའ་རྣོན་པོ་དེས་ཁོ་བོ་ཡང་སྐྱེངས་པའི་འཆིང་རྒྱ་ལས་ཡོངས་སུ་གྲོལ་ཏུ་བཅུག་བྱུང་།
  “ལྷ་སྐྱིད། ད་ནི་ནམ་གསལ་ནས་ཉི་མ་ཡང་ཤར་ལ་ཉེ་བས། ཁྱོད་རང་ཕྱིར་ཡུལ་དུ་འགྲོ་མི་དགོས་སམ”
  “སྐྱོན་མེད། ཁ་སང་ངེད་ཚང་གི་ཨ་ཕ་ཨ་མ་གཉིས་གནའ་མཁར་ཟི་ལིང་དུ་བུད་སོང”ཞེས་བཤད།
  “བལ་བོ་སེའུ་མ་ཟོས་ཀྱང་།། ཁ་དོག་ཉིད་ལས་བྲོ་བ་ཤེས།།” ཟེར་བ་ནང་བཞིན་ཁོ་མོའི་བཙུམ་མ་ཕྱེ་ཡི་མིག་བརྡ་དང་གཉོམ་དུང་དུང་གི་སྐད་ཆ་དེས་མ་གཞི་ང་ལ་བརྩེ་དུང་གི་གསལ་བརྡ་ཞིག་གཏོང་གིན་མཆིས།
  “བཀྲ་ཤིས། གལ་ཏེ་ཁྱོད་ལ་ཁོམ་པ་ཡོད་ན། འུ་གཉིས་ངེད་ཚང་གི་ཁྱིམ་ལ་འགྲོ”
  “མིན…… འདི་ལྟར་སོང་ན་འོས་འཚམ་ཞིག་ཀྱང་མ་རེད། དེ་ལས་ངས་ཁ་ལག་བཀྲུས་རྗེས་རི་མགོར་སྤྲོ་འཆམ་དུ་འགྲོ”ཞེས་ཁོ་མོའི་ཚིག་མཚམས་བཅད་ནས་མགོ་རྔ་མེད་པའི་གཏམ་དེ་འདྲ་ཞིག་གིས་ལན་བཏབ།  
  དེ་ནས་ང་རང་ཕྱིར་མལ་ཁང་དུ་སོང་ནས་ཁ་ལག་བཀྲུས་རྗེས་ངེད་གཉིས་ཀྱིས་ཕན་ཚུན་ལ་ལག་འཇུ་བྱས་ཏེ་སློབ་གྲྭའི་སྒོ་ཆེན་ནས་ཕྱིར་བུད་པ་ཡིན། སྐབས་དེར་ལས་བསམས་སར་མི་འགྲོ་བསགས་སར་འགྲོ་ཞེས་པ་བཞིན་ང་ཚོའི་འཛིན་གྲྭའི་མཆོག་སྐྱིད་ལ་འཕྲད་བྱུང་། མཆོག་སྐྱིད་ཀྱིས་ངེད་གཉིས་མཐོང་མ་ཐག་མགོ་བོ་སྒུར་ནས་བྲེལ་འགྲོ་ཞིག་བྱེད་ཞོར། ལྷ་སྐྱིད་ཀྱིས་མི་མཐོང་སར་ང་ལ་ལྕ་ནུར་ཞིག་བྱེད་བཞིན་བུད་སོང་། 
   སློབ་གྲྭའི་སྒོ་ཆེན་ནས་དྲང་ཐད་དུ་སྨི་ལྔ་དྲུག་ཙམ་ལ་སོང་ན་མྱུར་བགྲོད་གཞུང་ལམ་ལ་ཐུག་ཐུབ། མྱུར་བགྲོད་གཐུང་ལམ་དེ་ཤར་ནུབ་ཕྱོགས་སུ་བསྲིངས་ཡོད་ལ། དཀྱིལ་དུ་རྟགས་སེར་པོ་ཞིག་ཀྱང་རྒྱང་དུ་འཐེན་ཡོད། རླངས་འཁོར་ཕར་བགྲོད་ཚུར་བགྲོད་ཀྱི་འདུ་འཛི་ཆེ་བ་དང་མི་མང་པོ་གཞུང་ལམ་གྱི་མཐའ་ན་འཚང་ཁ་ཤིག་ཤིག་གིས་བགྲོད་པ་ལ་བལྟས་ན་གྲོག་མ་མང་པོ་གྲོག་ཚང་ལས་ཕྱིར་བརྡོལ་བ་དང་ཨ་ན་མ་ན་རེད།
  ངེད་གཉིས་ཀྱིས་གཞུང་ལམ་དེ་འཕྲེད་ཀྱིས་བཅད་དེ་ཐད་ཀར་གཞུང་ལམ་དང་མཉམ་འགྲོ་རུ་གྲུབ་ཅིང་གཡུ་འབྲུག་ཅིག་ངལ་བས་མ་བཟོད་པར་ཐང་ལ་ཉལ་ཡོད་པ་འདྲ་བའི་རི་རྒྱུད་དེའི་ཕྱོགས་སུ་གོམ་ཁ་བསྒྱུར་བ་ཡིན།
  ལམ་བར་དུ་ཁོ་མོས“བཀྲ་ཤིས། གཞེ་ནིང་གི་ཟླ་བཞི་བའི་ནང་དུ་ངས་ཁྱོད་ལ་འཕྲིན་ཡིག་ཅིག་བསྐུར་བས་ཁྱོད་ལ་ཨེ་འབྱོར་ཐལ”ཞེས་དྲིས་བྱུང་།
  ཁོ་མོའི་སྐད་ཆ་དེས་ང་རང་གཉིད་ལས་བསླང་བ་ཇི་བཞིན“ཨིན…… ”མགོ་བོ་ལྡེམ་ལྡེམ་བྱེད་ཞོར“འབྱོར་ཐལ། འབྱོར་ཐལ ……”ཞེས་བཤད་པ་དང་འབྲེལ་ཁོ་མོས་བསྐུར་ཡོང་བའི་འཕྲིན་ཡིག་དེ་བདག་གི་དྲན་པའི་མེ་ལོང་ངོས་སུ་གཟུགས་བརྙན་བཞིན་དུ་འཆར་འོང་། སྐབས་དེར་ང་ལ་ནོངས་འགྱོད་དང་འཁང་རའི་ཚོར་ཤེས་ཤིག་ངང་ངམ་ཤུགས་ཀྱིས་བསྐྱེད་འོང་སྟེ། རྒྱུ་མཚན་ནི་ཁོ་མོའི་འཕྲིན་ཡིག་དེར་འཕྲིན་ལན་ཞིག་ཀྱང་འབྲི་མ་ཐུབ་པར་ལུས་པས་རེད། དེ་བས་ན་དེ་རིང་ཅི་ཞིག་ལ་ཁ་གཡར་ནས་བཤད་དགོས་པའང་མ་ཤེས་པར་ཡུད་ཙམ་ཞིག་ལ་ཧད་དེ་ལུས།
  “མ་གཞི་ཁྱོད་ཀྱིས་ང་རང་བརྗེད་སོང་བ་ཨེ་རེད།”
  “འོ། མིན ……  མིན།  སྐབས་དེར་ང་ཚོའི་སློབ་སྦྱོང་གྱི་འགན་ཁུར་ལྕི་བས……”
  “……”
  རེད་ཡ། ཁོ་མོ་ནི་ཆུང་དུས་ནས་མཁར་གྲོང་དུ་སློབ་གྲྭ་འགྲིམ་མྱོང་བས། རྒྱ་ཡིག་གི་ཆུ་ཚད་ཀྱང་སློབ་གྲོགས་གཞན་དང་བསྡུར་ན་ཤིན་ཏུ་མཐོ་བས། གཞེ་ནིང་ལོར་བསྐུར་ཡོང་བའི་འཕྲིན་ཡིག་དེ་ཡང་རྒྱ་ཡིག་གི་ལམ་ནས་ཤར་མར་བྲིས་ཡོད་པ་མ་ཡིན་ནམ།
  ཁོ་བོས་དེའི་མུར་ཁོ་མོས་བསྐུར་ཡོང་བའི་འཕྲིན་ཡིག་དེའི་ནང་དོན་དེ་བོད་ཡིག་བསྒྱུར་ནས་ངག་ཐོག་ནས་ཐོགས་པ་མེད་པར་བཏོན་པ་འདི་ལྟ་སྟེ།
  “༄༅།། དུངས་བ་རི་རབ་ལས་མཐོ་ཞིང་བརྩེ་བ་མཚོ་མོ་ཟབ་པའི་སྙིང་སྡུག་བཀྲ་ཤིས་ལགས་ཀྱི་ཕྱག་ཟུང་པདྨོ་འཛུམ་པའི་དགའ་ཚལ་དུ།
  ཉེ་ཆར་ཁྱོད་ཀྱི་སྐུ་ལུས་རི་རྒྱལ་ལྷུན་པོའི་སྟེང་ལ་མི་འདོད་འབྱུང་བཞིའི་འཚེ་བ་མེད་པར་བདེ་མོ་ཡིན་ནམ།
  རྨ་ལྷོ་ཁུལ་ཐུན་རིན་རྫོང་མི་རིགས་སློབ་འབྲིང་ནས་སློབ་མཐར་ཕྱིན་རྗེས། འུ་གཉིས་གཏན་ནས་ཐུག་མ་ཐུབ་ལ་ཕན་ཚུན་གྱི་གནས་ཚུལ་ཕྲན་ཙམ་ཡང་མ་ཐོས་པར་ད་རག་བར་ལུས་སོང་། ཡིན་ནའང་། དགའ་འོས་པ་ཞིག་ལ་ཉིན་འགའི་སྔོན་ལ་ཁྱོད་དང་ཕ་ཡུལ་གཅིག་ཡིན་ཟེར་བའི་སློབ་གྲོགས་ཤིག་ངོ་ཤེས་པ་དང་། སློབ་གྲོགས་དེ་ཕལ་ཆེར་ཁྱོད་ཀྱིས་ཀྱང་ངོ་ཤེས་པ་འདྲ། ཁོ་མོའི་མིང་ལ་གཡང་སྐྱིད་ལྷ་མོ་ཟེར་ཡང་སློབ་གྲོགས་ཀུན་གྱིས་གཅེས་མིང་གཡང་རིས་ཞེས་འབོད་ཀྱིན་གདའ། ངས་གཡང་རིས་ངོ་ཤེས་པ་ནས་བཟུང་། ད་ལྟ་ཁྱོད་རང་མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་དུ་སློབ་གཉེར་བྱེད་ཀྱིན་པའི་གནས་ཚུལ་གསལ་བོར་ཐོས་རྗེས། ང་ལ་སྨྲ་མི་ཤེས་པའི་སྤྲོ་སྣང་ཞིག་ངང་གིས་འཕེལ། དེ་བས་ན་འཕྲིན་ཐུང་འདིས་སྔུན་བསུས་ཏེ་ཁྱོད་ཀྱི་ཁམས་བདེ་འདྲི་འདོད་ཆེ་བ་དང་གཅིག  རང་གི་གནས་ཚུལ་བརྗོད་འདོད་ཀྱི་འདུན་པ་དང་གཉིས་བཅས་ཏེ་བསྐུར་བ་ཡིན།
   སྤྱིར་བདག་གི་ཕ་མ་གཉིས་ལ་མཚོན་ན“མི་བཟང་པོ་ལོ་རྒན་དྲུག་ཅུས་ཐུབ”ཅེས་པའི་དཔེ་ལྟར་བགྲེས་ནས་ཁྱིམ་ལས་ཀྱང་བྱེད་དཀའ་བས་ང་རང་སློབ་གྲྭར་འགྲོ་འདོད་ཀྱི་འདུན་པ་དེ་རེ་ཞིག་ཆད་སོང་། ཡིན་ན་ཡང་། ད་ལོའི་སྟོན་ཁར་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་ནས་བརྡ་སྦྱོར་ཞིག་འབྱོར་བ་དང་དེའི་ནང་དུ་ངའི་འབྲིང་རྒྱུགས་ཀྱི་གྲུབ་འབྲས་ཤིན་ཏུ་ལེགས་པས་སྔོན་ཐོན་སློབ་གྲོགས་བཅུའི་མིང་ཐོའི་གྲས་སུ་ཚུད་ཡོད་པས། མཐོ་འབྲིང་གི་ལོ་གསུམ་གྱི་སློབ་ཡོན་དེ་རྨ་ལྷོ་ནས་སློབ་གྲྭ་གང་ལ་སོང་ནའང་སྤྲོད་མི་དགོས་པའི་གཏམ་བཟང་ཞིག་འབྱོར་བྱུང་།
  གཏམ་བཟང་དེས་ངའི་རེ་ཆད་ལ་གསོན་ཤུགས་རྒྱས་ཤིང་ཕ་མ་གཉིས་ཀྱིས་ངེས་བར་དུ་སློབ་གྲྭ་འགྲོ་དགོས་པའི་རེ་བ་ནན་གྱིས་སྐུལ་བའི་འོག་ང་རང་གི་ཕུགས་བསམ་སློབ་གླིང་ལ་བཅོལ་ཅིང་། ཕུགས་བསམ་དེ་མངོན་འགྱུར་བྱེད་སླད་གོམ་ཁའི་འདེགས་འཇོག་ཀྱང་ཡང་བསྐྱར་སློབ་གླིང་དུ་བསྒྱུར་བ་ཡིན།
  འོ། རེད་ཡ། སྔོན་ཆད་འུ་གཉིས་ཀྱིས་དམ་བཅའ་དེར་རྒྱབ་འགལ་བྱས་པ་གཏན་ནས་མ་ཡིན་པར། ལོ་རྒས་པའི་ཕ་མ་གཉིས་བློས་མ་ཐོངས་བར་ཕ་ཡུལ་དང་ཐག་ཉེ་ས་འདི་ནས་སློབ་གྲྭར་འགྲོ་འདོད་སྐྱེས་པས་རེ་ཞིག་དམ་བཅའ་དེ་བཏང་སྙོམས་སུ་མི་འཇོག་ཀ་མེད་དུ་གྱུར་མོད། འོན་ཀྱང་ཁྱོད་ཀྱིས་ཅིས་ཀྱང་ང་ལ་གུ་ཡངས་དང་བཟོད་སྒོམ་བགྱིད་རོགས། ནམ་ཞིག་གི་ཚེ་ན་ང་རང་ཐབས་བརྒྱ་ཇུས་སྟོང་གིས་ཁྱོད་རང་གི་ཉེ་སར་ཐོན་ངེས།
  ད་དུང་འུ་གཉིས་ཀྱིས་མགོ་བསྔས་ཐོག་གཅིག་ཏུ་བཞག་ནས་བཤད་པའི་སྐད་ཆ་ཚིག་གཅིག་སྟེ། བར་ཐག་ལེ་དབར་ཁྲི་ཕྲག་གིས་ཆོད་ཀྱང་། སེམས་དང་བསམ་པ་ནམ་ཡང་གཅིག་ཏུ་འདྲེས་ཡོད་ཅེས་པའི་དམ་བཅའ་དེ་ཡིད་ལ་འཇགས་པར་འཚལ།
  དུས་ཚོད་ཀྱི་དབང་གིས་འཕྲིན་ཐུང་འདིའི་འབྲི་མཚམས་མི་འཇོག་ཀ་མེད་དུ་གྱུར་ཐལ། ཁྱོད་ལ་འཕྲིན་འདི་འབྱོར་རྗེས་ཁོམ་སྐབས་རེ་ཡོད་ན་འཕྲིན་ལན་ཞིག་འབྲི་རྒྱུ་མ་བརྗེད་ཅིག
  སླད་མར་ཁྱོད་ཀྱི་སློབ་སྦྱོང་གི་འབྲས་བུ་ཡར་ངོའི་ཟླ་ལྟར་འཕེལ་ཅིང་འདོད་དོན་ལྷུན་གྱིས་འགྲུབ་པར་བཀྲ་ཤིས་སྨོན་འདུན་ཞུ་ཞུ། ༢༠༠༨ལོའི་ཟླ་༤པའི་ཚེས་གྲངས་བཟང་པོར་ལྷ་སྐྱིད་ནས་ཕུལ།”ཅེས་འཕྲིན་ཡིག་དེ་བཏོན་ཚར་བས་ན། ཁོ་མོ་ཡིད་འགུལ་ཐེབས་པའམ་དྲན་གདུང་གི་དུས་ཡུན་རིང་དྲགས་པ་སོགས་ཀྱི་རྐྱེན་གང་ཡིན་མི་ཤེས་མོད། འོན་ཀྱང་ཁོ་མོའི་སེམས་ཀྱི་སྡུག་བསྔལ་ལམ་ན་ཟུག་ཅིག་ཁྲ་ཆུང་མིག་ཟུང་གི་མཁའ་དབྱིངས་ནས་མིག་ཆུའི་ཆབ་རྒྱུན་དང་འགྲོགས་ཏེ་ཕྱི་རུ་མངོན་བྱུང་།
  “……”
  དེ་དུས་ངེད་གཉིས་རི་རྩར་ཐོན་ཡོད་པས། ངལ་གསོ་ཅུང་ཙམ་བྱས་མཐར་མུ་མཐུད་དུ་རི་འགོར་འགོས། ནམ་མཁའ་སྔོ་ཞིང་དྭངས་ལ་ཁྲི་གདུགས་ཉི་མའི་འོད་ཟེར་འཕྲོས།། ནོར་འཛིན་སྒེག་མོར་ནེམ་ཤ་རྒྱས་ཤིང་ཁྲ་ཆིལ་མེ་ཏོག་རྣམ་པར་བཞད།། གཡུ་སྦྲང་གཞོན་ནུས་མགྲིན་གླུ་ལེན་ཞིང་ཕྱེ་ལེབ་སྒེག་མོས་བྲོ་གར་འཁྲབ།། དྲི་གཞོན་བུ་མོ་གང་སར་རྒྱུ་ཞིང་དྲི་ཞིམ་སྣ་ཚོགས་སྐྱེལ་ཅིང་འདུག །
  ངོ་མ། ཁོ་བོར་མཚོན་ན་ཆུང་དུས་སུ་རྩྭ་ཐང་ནས་གཉོམ་ལག་རྒྱས་ཤིང་རྩྭ་ཐང་ནས་ལམ་ལ་ཆས་པའི་བོད་ཕྲུག་དཀྱུས་མ་ཞིག་ཡིན་རྐྱེན། ཁོ་བོ་ནི་རྩྭ་ཐང་གི་དུས་བཞི་ལ་དགའ་ཞིང་དབྱར་གྱི་དུས་ཚིགས་ལ་དེ་བས་ཀྱང་སྤྲོ།
  དེ་རིང་ཡང་ཁོ་བོ་དབྱར་གཞུང་གི་མཛེས་སྡུག་ལ་རོལ་ཅིང་སྤྲོ་སྐྱིད་ཀྱིས་ཁེངས་བའི་སེམས་པ་དེ་ཐང་དཀར་རྒོད་པོ་དང་འདྲ་བར་དགུང་སྔོན་གྱི་སྤྲིན་རིམ་བསྟད་ནས་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་ལ་ལྟད་མོར་ཆས་པའི་ཉམས་སྣང་ཞིག་དབང་མེད་དུ་སྟེར་འོང་།
  དེ་དུས་ངེད་གཉིས་རི་རྩེར་ཐོན་ལ་ཉེ། མགོ་བོ་ཡར་དགྱེ་སྟེ་རི་མགོར་བལྟས་པ་ཙ་ན། ཁོ་བོའི་མཐོང་ལམ་དུ་མངོན་པ་ནི་སྐྱི་བསེར་རླུང་བུ་དལ་གྱིས་ལྡང་བ་དང་བསྟུན་ནས་དར་ལྕོག་ལྷབ་ལྷུབ་ཏུ་བསྐྱོད་ཀྱིན་ཡོད་ལ། དེའི་མདུན་གྱི་བསང་ཁྲི་ལས་འཕྱུར་བའི་བསང་དུད་སྔོན་མོ་དེ་ཡང་ནམ་མཁའི་དབྱིངས་ནས་སྐ་རགས་ཤིག་ཐུར་དུ་དཔྱང་ཡོད་པ་དང་འདྲ་བར་བར་སྣང་དུ་འཐེན་འདུག
  ཁོ་མོས་“བཀྲ་ཤིས། མཐོང་ངམ།”
  “ཅི་ཞིག”
  “རི་མགོའི་དར་ལྕོག་དང་བསང་དུད། རླུང་རྟ་སོགས”
  “འོ།  ཧི་ཧི་ཧི”
  ཁོ་མོས་ཡང་བསྐྱར“ངས་འདི་དག་མཐོང་བའི་ཚེ། དམའ་འབྲིང་སྐབས་ཀྱི་འུ་གཉིས་ཀྱི་འཚོ་བ་དེ་དྲན་འོང་།  ཧེ་ཧེ་ཧེ”
  “རེད་ཡ། དམའ་འབྲིང་གཉིས་པའི་སྐབས་སུ། འུ་གཉིས་ཀྱིས་གུང་གསེང་ཞིག་གི་དུས་ཚོད་བེད་སྤྱད་དེ་རི་མགོར་བསང་ཕུད་དུ་སོང་བ་མ་ཡིན་ནམ”
  “ཧི་ཧི་ཧི  ”
  “……”
  གོང་གི་ཕྱིར་དྲན་དེས་ངེད་གཉིས་ལ་དེ་ལས་ལྷག་པའི་སྤྲོ་སྣང་ཞིག་བསྣན་བྱུང་།
  ཅང་མ་འགོར་བར་ངེད་གཉིས་རི་རྩེ་ལ་སླེབས་བྱུང་། མཉམ་དུ་སར་བཙོག་སྟེ་ད་སོ་མར་བརྒྱུད་འོང་པའི་རི་ལྡེབས་ཀྱི་རྐང་ལམ་དེར་བལྟས་པ་ན། རྐང་ལམ་དེ་ནི་དུག་སྦྲུལ་ཅིག་ནུར་བ་དང་འདྲ་བར་ཕར་སྐྱོག་ཚུར་སྐྱོག་གིས་རི་རྩེར་འཐེན་འདུག
  དེ་ནས་ངེད་གཉིས་ཀྱིས་མ་གྲོས་གཅིག་མཐུན་གྱི་སྒོ་ནས་མིག་ཟུང་གིས་ལུང་གཞུང་བལྟས་པ་ན། མཚོ་ལྷོ་ཁུལ་ནི་ཕན་ཚུན་མཉམ་འགྲོ་ཡིན་པའི་རི་རྒྱུད་གཉིས་ཀྱི་བར་ན་ནར་དབྱིབས་ཀྱིས་ཆགས་འདུག་ལ། དཀྱིལ་དུ་གྲོག་རོང་ཆེན་པོ་ཞིག་ཀྱང་ལྷོ་བྱང་མཚམས་འབྱེད་ཅིག་དང་འདྲ་བར་རི་རྒྱུད་གཉིས་དང་མཉམ་འགྲོ་སྒོས་ཤར་ནུབ་ཀྱི་ཕྱོགས་སུ་བསྲིངས་འདུག  ད་དུང་ནུབ་ནས་བྱང་དུ་འཕྲེད་ཀྱིས་བསྲིངས་འདུག་པ་དེ་ནི་བློན་པོ་གསེར་ཆེན་གྱི་རི་རྒྱུད་རེད། དབྱར་དུས་ཡིན་ཡང་ནམ་རྒྱུན་ཁ་བས་གཡོགས་འདུག  རྒྱང་ནས་བལྟས་ན་དེ་འདྲ་མཐོ་རྒྱུ་མེད་ཀྱང་རི་རྩེར་འགོས་ན་ཉིན་གཅིག་གི་དུས་ཚོད་དགོས་སྐད།
    ཁོ་མོས“ངོ་མ་སྐྱིད་པོ་འདུག  ལྷ་ཡུལ་ཡང་འདི་ལས་ལྷག་པ་ཞིག་ཡིན་མི་སྲིད།”
       “ངོ་མ་རེད།”   
     “བཀྲ་ཤིས།  ཁྱོད་རང་གུང་གསེང་གི་སྐབས་སུ་རི་མགོ་འདིར་འགོས་ཨེ་མྱོང”         
    “མ་མྱོང”ཞེས་བཤད་མ་ཐག“འོ” ཞེས་གླེང་བསླངས་བའི་སྒྲ་ཞིག་དང་མཐུད་ནས་ལྕེ་བསྣར་ཅིག་བྱས་རྗེས“མྱོང་ནི་རེད”ཞེས་བཤད།
    “མྱོང་ན་བཟང་གི  ”ཞེས་བཤད་རྗེས་“ཨུམ……” ཞེས་ཅུང་ཙམ་ཞིག་ལ་འདང་ཞིག་བརྒྱབ་རྗེས“རི་མགོར་སྤྲོ་གསེང་དུ་སོང་ན། གཅིག་ནས་རང་གི་སེམས་ཁམས་སྙོམས་སྒྲིག་བྱེད་ཐུབ་པར་མ་ཟད། གཉིས་ནས་རང་གིས་སློབ་སྦྱོང་བྱེད་འདོད་ཀྱི་འདུན་པའང་ཇེ་དྲག་ཏུ་འགྲོ་ངེས་རེད”ཟེར།
   “ཨིན དེ་འདྲ་རེད། འདི་ལྟར་བྱས་ན་སེམས་ཁམས་ཀྱི་ཐད་དུ་ཕན་ཐོགས་ཆེན་པོ་ཡོད་པ་རེད”
    ཁོ་མོས“འོ། རེད་ཡ……”ཞེས་སྨྲས་པ་དང་དེ་ནས་ཅི་ཞིག་ལ་བསམ་བློ་གཏོང་བ་ཇི་བཞིན་མིོག་ཟུང་གིས་ལྷོ་ཕྱོགས་ཀྱི་མཁའ་མཐའ་ན་རྒྱུ་བའི་སྤྲིན་ཚོམ་ལ་བལྟ་བཞིན་ཅི་ཡང་མ་སྨྲས།
     ཡུད་ཙམ་འགོར་མཐར་དངན་པ་ཞིག་ཕྱུང་བ་དང་མཉམ་དུ་སྐྱོ་འཛུམ་ཞིག་བསྟན་རྗེས་མིག་ཟུང་གིས་རྒྱང་རུང་གི་རི་ཚོགས་ལ་ཅེར་འདུག
སྐབས་དེར་ ང་ལ་མཚོན་ན་དེ་ནི་ཆེས་ཡ་མཚན་ཆེ་བའི་དོན་དག་ཅིག་རེད་དེ། ཐོག་མར་ངེད་གཉིས་ཀྱིས་དགའ་སྤྲོའི་ངང་ནས་ཕན་ཚུན་ལ་ལབ་གླེང་བྱས་པ་དང་། བར་དུ་ཁོ་མོའི་ཁྲ་ཆུང་མིག་ཟུང་གིས་མཁའ་མཐའ་ན་རྒྱུ་བའི་སྤྲིན་དཀར་ལ་བལྟ་དགོས་པ་ཞིག  ཐ་མར་དངན་པ་ཞིག་ཕྱུང་སྟེ་རྒྱང་རིང་གི་རི་ཚོགས་ལ་ཅེར་དགོས་པ་ནི་ཁོ་བོས་རྟོགས་མི་ནུས་པའི་གསང་བ་ལྐོག་གྱུར་གྱི་དོན་དག་ཅིག་ཡིན་པས་སོ།
   “ལྷ་སྐྱིད།  ཅི་རེད།”
  ཁོ་མོས་ཁྲ་ཆུང་མིག་ཟུང་གིས་ཁོ་བོའི་གདོང་ལ་བལྟ་ཙམ་བྱས་པ་དང་མཐུད་ནས་“དགོངས་པ་མ་ཚོམས”ཞེས་སྐྱོ་ཉམས་ཀྱིས་དེ་ལྟར་ལན་བཏབ་བྱུང་།
  “ཁྱོད་ཀྱིས་འདི་ལྟར་དགོངས་དག་ཞུ་དོན་ཅི་ཡིན”ཞེས་ཐེ་ཚོམ་ངང་དྲིས་པ་ན།
  ཁོ་མོས་ལག་ཟུང་དཔྲལ་བར་བཞག་སྟེ་ཅི་ཡང་མི་སྨྲ་བར་མགོ་བོ་དུད་པ་དང་འབྲེལ་ཁྲ་ཆུང་མིག་ཟུང་ལས་འོད་འཚེར་བའི་མིག་ཆུའི་ཐིགས་པ་འགའ་ཡང་དལ་གྱིས་མཁུར་ཚོས་བརྒྱུད་དེ་ས་ལ་ལྷུང་སོང་།
  དེས་ཁོ་བོའི་ཤ་གསེང་རུས་གསེང་ལ་འཁྱག་སིབ་སིབ་ཀྱི་གྲང་རླུང་ཞིག་ཤུགས་ཀྱིས་ལྡང་ཞིང་ཡ་ཆུང་སྙིང་གི་དབུས་ལ་བཟོད་དཀའ་བའི་ཙག་ཤད་ཅིག་ངང་གིས་རྒྱུག  ཁོ་བོ་ཡང་དེའི་མུར་ཐེ་ཚོམ་གྱི་དྲ་བར་ཚུད་དེ་ཁོ་མོར་ཅི་ཞིག་བཤད་དགོས་པའང་མ་རྙེད་པས་རེ་ཞིག་ཁོ་མོའི་ཅི་བཤད་ཀྱི་གཏམ་དེར་སྒུག་ནས་བསྡད།
དེ་ལྟར། དར་ལྕོག་རླུང་གིས་བསྐྱོད་པའི་ཤུགས་སྒྲ་དང་མཉམ་དུ་ནུབ་ཕྱོགས་ཀྱི་མཁའ་མཐའ་ནས་དུས་ཚོད་ཀྱི་སྐྱེལ་མ་དང་མཚམས་སྤྲིན་གྱི་བསུ་མའི་ཁྲོད་དུ། མཆེ་བ་ལྟར་གཟེངས་བའི་རི་ཚོགས་ཀྱི་ཕ་རོལ་ན་གསེར་མདོག་གི་ཉི་འོད་དེས་ཀྱང་སུ་ཞིག་ལ་ཕྱི་མིག་གནང་བ་ཇི་བཞིན་དལ་དལ་གྱིས་རི་རྒྱབ་ཏུ་ནུབ་ལ་ཉེ།
ངེད་གཉིས་ཀྱིས་སྔར་བརྒྱུད་པའི་རྐང་ལམ་དེ་དེད་ནས་རི་ཁུག་གི་གཞུང་ལམ་སྟེང་ཞུགས་རྗེས་ཐད་ཀར་སློབ་གྲྭའི་ཕྱོགས་སུ་སོང་བ་ཡིན།
  ང་རང་སློབ་གྲྭའི་སྒོ་ཆེན་གྱི་མདུན་དུ་ག་ལེར་འགྲེང་སྟེ། མིག་གི་མཐོང་ཚད་བར་ལག་ཟུང་མཐོ་རུ་གཡུག་ནས་གྱེས་གདུང་དང་ཞེན་ཆགས་ཀྱི་ཕྱི་མིག་འཕེན་གྱིན་མི་ཚོགས་ཀྱི་ཁྲོད་དུ་ཡལ་བཞིན་པའི་ལྷ་སྐྱིད་ལ་སྐྱེལ་མ་བྱས།
  དགོང་མོ་དེ་ནས་བཟུང་། ང་ཚོའི་འཛིན་གྲྭའི་ནང་ན་ཡལ་མེད་དུ་གླེང་བ་ནི་ང་དང་ལྷ་སྐྱིད་ཀྱི་དོན་དག་རེད།
  འདི་དག་ཡིད་ལ་དྲན་ཐེངས་རེ་རེར་གཏམ་ནི་བྱ་སྤུ་རླུང་འཁྱེར་ཡིན་ཞེས་པའི་བདེན་དོན་དེ་སེམས་ལ་ཡང་ཡང་དུ་འཁོར་ཡོང་།
  འདི་ནི་ཉིན་གཅིག་གི་ཕྱིར་དྲན་ཐེངས་ཤིག་ཡིན་ལ། ནམ་ཡང་བརྗེད་མི་ཐུབ་པའི་ཉིན་མོ་ཞིག་ཀྱང་རེད།
                 ༢༠༠༩ལོའི་ཟླ༥བར་མཚོ་ལྷོ་ནས་བྲིས་ཤིང་།
                 ༢༠༡༢ལོའི་ཟླ༢པའི་ཚེས་༢༧ཉིན་ཁྲི་འདུ་ནས་ཞུ་དག་བྱས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་གཅིག་གི་ཕྱིར་དྲན།

2012-06-22 ཀླུ་ཚང་བྱམས་པ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།