གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀུན་གསལ་བུ་མོ།

2012-06-19 14:48:00 ལམ་འགྲོ་བ། ཀློག་གྲངས། མཆན ཡོད།

  “ད་ཐེངས་སློབ་ཁྲིད་ཅི་རེད།”
  “བོད་ཡིག་སློབ་ཁྲིད། བོད་ཡིག་སློབ་ཁྲིད།”
  “སུན་པ་ལ།    བོད་ཡིག་དགེ་རྒན་སྣ་སྟུག་དེས་སྒོ་སམ་ངོར་འབོད་རྒྱུ་རེད།”   སློབ་གྲོགས་ཚེ་རིང་བསམ་འགྲུབ་ཀྱིས་འདུག་གྲོགས་ལྷ་མོ་ལ་དེ་སྐད་གླེང་བཞིན་པའི་སྐབས་དེར།   “ཡང་བོད་ཡིག་སློབ་ཁྲིད།感觉ཞིག་མི་འདུག”    སློབ་ཁང་གི་གྲལ་རྗེས་ནས་རྒྱ་བོད་འདྲེས་མའི་ཁམས་སྐད་འདྲ་བ་ཞིག་ལྷང་ངེར་གྲགས་འོང་ལ།     མ་གཞི་དེ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཆ་ག་གེ་མོ་ནས་ཡོང་བའི་རྒྱ་ཡིག་དགེ་རྒན་གྱི་སྙིང་གི་ཐིག་ལེ་དང་བོད་ཡིག་དགེ་རྒན་གྱི་ཡིད་ཀྱི་ཚེར་མ་ལྟ་བུར་གྱུར་བའི་སློབ་གྲོགས་གཡང་འཛོམས་མཚོ་མོ་ཟེར་བ་དེ་རེད།     ཁོ་མོས་རང་ཡུལ་དང་ཁ་བྲལ་ནས་ས་ཐག་རིང་བོའི་མི་རིགས་སློབ་འབྲིང་འདིར་བོད་ཡིག་སྦྱངས་ཆེད་ཡིན་ཞེས་ལབ་བརྒྱབས་མོད།འོན་ཀྱང་ཕངས་པ་ཞིག་ལ་སློབ་གྲྭ་འདིར་ཞུགས་ནས་སློབ་སྐབས་གཅིག་དང་ཕྱེད་ཀ་ལྷག་འདས་ཀྱང་།    བོད་ཡིག་ཀློག་འདོན་བྱེད་དུ་བཅུག་ཚེ།     ཕྱི་གླིང་བ་ཞིག་གིས་“ཁྱེད་བདེ་མོ”བཤད་པ་དང་གཉིས་སུ་མ་མཆིས་པས་རང་དབང་མེད་པར་གད་མོ་ཤོར་དུ་བཅུག་ངེས།  ད་དུང་མིང་མ་གཏོགས་ཕྱིའི་ཆ་ལུགས་དང་འགྲོ་འདུག་སྤྱོད་གསུམ་ལ་བལྟས་ན་བཤད་ཚེ།    རྒྱ་བོད་གང་དུའང་མ་ངེས་པའི་ཕུང་གསུམ་པ་ཞིག་གི་སྣང་བ་དབང་མེད་དུ་སྤྱིན་འོང་ལ།     ནམ་རྒྱུན་བོད་ཡིག་སློབ་ཁྲིད་སྐབས་སུ་ཁོ་མོས་ལག་འཁྱེར་ཁ་པར་ལ་མགོ་འཁོར་བ་འམ་ཡང་ན་རྒྱ་ཡིག་གི་ཚགས་དེབ་ལ་ལྟ་ཀློག་བྱེད་ནས་དུས་འདའ་བར་བྱེད།
       སློབ་ཁྲིད་མགོ་བརྩམས་པའི་ཅོང་བརྡའི་དབྱངས་རྟ་སྙན་མོ་གྲགས་དང་ལྷན།དགེ་རྒན་ཚེ་བརྟན་ལགས༼སློབ་མ་རྣམས་ཀྱིས་ལྐོག་ཏུ་ཁོའི་མཚང་མིང་ལ་སྣ་སྟུག་ཅེས་བཏགས་ཡོད༽་སློབ་ཁང་གི་ཕྱོགས་སུ་སླེབས་པ་ན་སློབ་གྲོགས་རྣམས་སྦྱང་ཀི་མཐོང་བའི་ལུག་ཁྱུ་ཞིག་དང་ཀུན་ནས་མཚུངས་པར་སློབ་ཁང་ནང་འཛང་ནས་འོང་ཞོར་རང་རང་གི་འདུག་གནས་སྟེང་བཙོག
    “དགེ་་་་རྒན་་་་བཟང་”ཤུགས་རིང་ཞིག་འཐེན་བཞིན་གཉིད་མ་སད་ཀྱིས་ཁམས་བདེ་ཞུ་བ་ལ་བལྟས་ཚེ།     དགེ་སློབ་བར་གྱི་མཛའ་བརྩེ་ནི་ཇི་འདྲའི་སྡུག་ཐུག་ཅིག་ཡིན་པ་དམར་རྗེན་དུ་མཚོན་ཐུབ།      “སློབ་གྲོགས་རྣམས་པ་བདེ་མོ།མར་བཞུགས་ཤིག”ཟེར་ཞོར་་བོད་ཡིག་དཔེ་ཆ་ཕར་ལོག་ཚུར་ལོག་ཙམ་བྱས་རྗེས།     “དེ་རིང་ཡང་སྔར་བཞིན་སློབ་གྲོགས་གཅིག་སྒོ་སམ་ངོར་འབོད་དགོས།སུས་ཡོང་རྒྱུ་ཡིན།”ཞེས་དྲིས་པ་ན་སློབ་ཁང་ནང་དུ་སློབ་མ་གཅིག་ཀྱང་མེད་པ་དང་འདྲ་བར་ཚང་མས་ཁ་རོག་གེར་མགོ་སྒུར་འདུག
  “ཁྱོད་ཤོག”
  “ང”
  “འོ་ལེ་ཁྱོད་ཤོག”མ་བསམ་སར་དགེ་རྒན་གྱིས་གློ་བུར་དུ་སློབ་གྲོགས་ཚེ་རིང་བསམ་འགྲུབ་བོས་བྱུང་བས།     ད་གཟོདསློབ་གྲོགས་གཞན་རྣམས་ཅི་བྱ་གཏོལ་བྲལ་གྱི་གནས་ལས་བཅིངས་འགྲོལ་བཏང་བྱུང་ལ།    སློབ་གྲོགས་ཚེ་རིང་བསམ་འགྲུབ་ཀྱིས་འཚབ་བེ་འཚུབ་བེའི་དང་སྒོ་སམ་གྱི་མདུན་དུ་སོང་བ་ན།    “ཁྱོས་ཚིག་གཅིག་བསྒྲིག་ན་ཆོག”ཅེས་ཟེར་ཞོར་ཡང་གོང་དང་འདྲ་བར་དཔེ་ཆའི་ཁ་ཕྱེས་ནས་ཕར་ལོག་ཚུར་ལོག་ཙམ་བྱས་རྗེས་ཁ་སང་སོ་མ་འཁྲིད་ཟིན་པའི་མིང་ཚིག་ནང་ནས་མངོན་བརྗོད་ཀུན་གསལ་བུ་མོ་ཞེས་པ་དེ་ཚིག་བསྒྲིག་ཏུ་བཅུག   ཚེ་རིང་བསམ་འགྲུབ་ཀྱིས་འདང་ཡུན་ཙམ་བརྒྱབས་རྗེས་དལ་མ་དལ་གྱིས་ཡིག་ནོར་གྱིས་སྤག་པའི་ཡིག་འབྲུ་འགའ་འདི་ལྟར་བྲིས་ཡོད་དེ།
   ༼ཀུན་གསལ་བུ་མོ་ནི་གཤིས་རྒྱུད་འཇམ་ཤིང་གཞུངས་རྒྱུད་གྲང་བའི་མི་ཡ་རབས་ཤིག་རེད།༽ཅེས་བྲིས་ཡོད་པ་སློབ་གྲོགས་ཚང་མས་མཐོང་བས་ཧབ་ཆ་དིར་ལེར་གྱུར་ཅིང་།དགེ་རྒན་ཚེ་བརྟན་གྱི་གདོང་ཆེན་པོའི་དཀྱིལ་གྱི་མིག་ཟུང་སློབ་གྲོགས་ཚེ་རིང་བསམ་འགྲུབ་ཀྱི་ཕྱོགས་སུ་གཏད་འདུག 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།