གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟའ་ཉི་མའི་ཉིན་ཐོ།

2012-06-14 14:19:00 སེང་གདོང་འབུམ། ཀློག་གྲངས། མཆན ཡོད།

  ནམ་རྒྱུན་དང་འདྲ་བར་ཆུ་ཚོད་དྲུག་དང་ཕྱེད་ཀའི་ཡས་མས་སུ་གོམས་ཕྱོགས་ཤིག་གིས་གཉིད་ལས་སད་ཅིང་། མིག་ལ་ཕུར་ཕུར་འགའ་བྱས་ནས་བློ་རིག་ཅུང་ཇེ་གསལ་ལ་སོང་དུས་ད་བཟོད་དེ་རིང་གཟའ་སྤེན་པ་ཡིན་པ་ཚོར། ང་ལ་མཚོན་ན་ནངས་སྔ་མོར་ལངས་རྒྱུ་དེ་ནི་ཆེས་ཆེ་བའི་སྡུག་བསྔལ་ཞིག་རེད། མལ་ཐུལ་གྱི་སྣེ་མོ་མགོ་ཡི་མཚམས་ལ་འཐེན་རྗེས་ཕྱིར་རྨི་ལམ་གྱི་ཞིང་ཁམས་ལ་ཉུལ།
  རྟ་མཆོག་གི་འཚེར་སྐད་དང་སྐྱ་མི་ཚོའི་ཀི་སྒྲའི་ཁྲོད་ནས་ས་གཞི་དངངས་འདར་རྒྱག་ཅིང་། ཁྲི་ཤོར་རྒྱལ་མོ་སྐྲག་དངངས་ཀྱིས་སྐྱོམས། མདའ་གྲི་མདུང་གསུམ་གྱི་གོ་མཚོན་སྤྲས་པའི་སྐྱ་མི་མང་བོ་གྲལ་རིང་བོར་སྒྲིག་ཅིང་། དེའི་ཁྲོད་ངས་ཀྱང་མདའ་གཞུ་རྒྱབ་ལ་ཁུར་ཞིང་དམག་མིའི་གོ་ཆ་ལུས་ལ་གྱོན་ཏེ་རྟ་རྒོད་རྐྱང་དང་འདྲ་བ་ཞིག་ལ་ཞོན་ནས་ཙོང་ཁའི་ཡུལ་དུ་ཐོན། སྐབས་དེར་རྟ་རྒོད་པོ་ལྷའི་ཆིབས་རྟ་ཡིན་ཟེར་བ་དེ་ལ་བཅིབས་ཡོད་པའི་དམག་དཔོན་གྱིས་རྟ་ཁ་ཕྱིར་བསྐོར་བྱུང་།
     “ང་སྟག་སྒྲ་ཀླུ་གོང་།།
      གོང་བཙན་པོའི་ཐུགས་བློན།།
      འོག་འབངས་མིའི་སྐྱབས་མགོན།།
      དགྲ་འདུལ་བའི་གཤེད་མ།།
      གཉེན་སྐྱོང་བའི་ཕ་མ།།
      ཁྱེད་དམག་མི་རྣམ་པ།།
     དཔའ་རྒྱ་སྟག་ངང་ཚུལ།།
    རྩལ་ཁྱུང་ཆེན་ལྡང་འདྲ།།
    སེམས་བློ་དཀར་གཞུང་དྲང་།།
    ཕར་སྡང་དགྲའི་ཁ་གནོན།།
    གན་རི་བོའི་ཕ་རོལ།།
    རང་བཙན་པོའི་མངའ་སྡེ།།
    དགྲ་སྲིན་པོས་བཟུང་འདུག།
    དུས་ད་ལྟ་འུ་ཚོར།།
    གོང་བཙན་པོའི་བཀའ་གསུང་།།
    འོག་འབངས་མིའི་རེ་བ།།
    དགྲ་སྡིག་ཅན་ཕར་སྐྲོད།།
   རང་མངའ་སྡེ་ཚུར་ལེན།།
   དཔའ་ཡོད་ན་ངོམས་དུས།།
   དུས་དེ་རིང་ཉིན་མོ།།
  ཅུང་མ་འགོར་བར་དགྲ་དམག་ཕ་རོལ་གྱི་རི་འགོ་ལས་བུད་བྱུང་། དམག་དཔོན་སྟག་སྒྲ་ཀླུ་ཀོང་གྱིས་རལ་གྲི་གནམ་ལ་ཕྱར་མ་ཐག་ཚང་མ་ཚམ་ཚོམ་མེད་པར་དགྲ་བོའི་སྟེང་ལ་རྒྱུགས། དམག་མི་ཚོའི་ཀི་སྒྲས་བར་སྣང་འགེངས་ཤིང་། རྟ་ཕོའི་རྨིག་སྒྲས་ས་གཞི་སྐྱོམས། ཅུང་ཙམ་ལས་མ་འཐབ་པར་དགྲ་དམག་རྣམས་སྲན་ཕུང་འཐོར་བ་བཞིན་རང་རང་སར་བྲོས།
  “ཨ་རོ། ཀུན་བཟང་། ཀུན་བཟང་།” ངས་སུ་ཞིག་ཡིན་ནམ་སྙམ་ཞིང་དེའི་སྟེང་ལ་འཚིག་པ་ཟ་བ། བཞིན་མིག་ཕུར་ཕུར་བྱེད་ཞོར་མགོ་བཀྱགས་ནས་བལྟས། “ཉིན་གུང་ལ་ཐོན་འདུག ད་རུང་མི་ལངས་སམ། ”ཟླ་བ་ངའི་མལ་ཁྲིའི་འགྲམ་དུ་ལངས་འདུག ཁོའི་ལུས་པོ་ཅུང་ཚོ་ལ་གཟུགས་ཀྱང་དེ་འདྲ་རིང་རྒྱུ་མེད། ཡིན་ཡང་ཁོ་གོན་པས་རང་གི་ཉམས་དོད་རྒྱུར་མཁས་པོ་ཡོད། ལྷམ་དམར་པོའི་སྟེང་རྐང་སྣམ་སེར་སྐྱ་གོན་ཡོད་ཅིང་། ཁོག་སྟོད་དུ་མདོག་དམར་པོ་དང་དཀར་པོ་འདྲེས་མའི་ཚི་ལེན་ཞིག་གོན་འདུག ཁོས་རང་གི་སེར་བོར་བཏང་ཡོད་པའི་མིག་གཡོན་པ་བཀབ་པའི་སྐྲ་ལོ་ལ་ཕུ་ཙམ་བཏབ་ཅིང་། ང་རྒྱལ་གྱི་མདངས་འཕྲོ་བའི་མི་ཟུང་ངའི་སྟེང་ལ་གཏད་འདུག ཁོས་ངའི་མགོ་ཡར་བཀྱགས་པ་མཐོང་མ་ཐག་གདོང་ལ་འཛུམ་ཞིག་ཕྱུང་ནས་བཤད་རྒྱུར།    “མྱུར་མོར་ལོངས་དང་ཆང་འཐུང་དུ་འགྲོ གསར་མོ་གཉིས་ཀྱང་ཡོད། ”
  “མི་འགྲོ ངས་ཆང་བཅད་ཟིན། ངའི་ཕོ་བའང་ཅུང་མི་བདེ། ”དྲང་མོར་བཤད་ན་ངས་ཆང་བཅད་པ་མིན་ལ་ཆང་འཐུང་དུ་འགྲོ་མི་འདོད་པའང་མ་རེད། ངས་སེམས་ཁུར་བྱེད་པ་ནི་གཟའ་འཁོར་སྔོན་མར་ཡུལ་ནས་བསྐུར་ཡོང་བའི་འཚོ་བའི་གྲོན་དངུལ་བཀོལ་ནས་སྒོར་བརྒྱ་ལས་ལྷག་མེད་པས་འདིས་ཆང་འཐུང་ཚར་ན་ཡུལ་ལ་ཅི་ལྟར་བཤད་རྒྱུ་དེ་རེད།
  “སྐྱག་རྫུན་མ་ལབ། ཁྱོད་ཀྱིས་ཆང་གཅོད་ན་ངས་ཟ་མ་བཅད་ཀྱང་ཆོག མྱུར་མོར་ཡར་ལོངས། བུ་མོ་དེ་གཉིས་ཀྱིས་ཕྱི་རུ་སྒུག་ནས་བསྡད་ཡོད། ”ཁོས་ངའི་སྟེང་གི་མལ་ཐུལ་མར་བཤུས་བྱུང་། ང་འཐད་མི་འཐད་ཀྱིས་ཡར་ལངས་ཤིང་། ཟླ་སྔོན་མར་ཁྱིམ་ནས་རྒྱལ་ཁབ་རིམ་པའི་རྩིས་འཁོར་གྱི་རྒྱུགས་ལ་མིང་ཐོ་འགོད་བྱེད་དུ་བསྐུར་བའི་སྒོར་མོས་ཉོས་བའི་སྟོད་ལ་དེ་གོན་ཏེ་ཁོའི་རྗེས་འབྲངས་ནས་སོང་། ལམ་གང་བོར་ཐེ་ཚོམ་ཞིག་གིས་སེམས་བདེ་ལ་འབབ་ཐབབ་བྲལ།
  གནའ་མཁར་ཟི་ལིང་དེ་དབྱར་གྱི་ཚ་གདུག་ཁྲོད་ཐང་ཆད་པ་ནང་བཞིན་གྲོང་ཁྱེར་ཡོངས་སུ་སྒྱིད་ལུག་དང་ལེ་ལོ་ཡི་རྣམ་པ་ཞིག་གིས་ཁེངས་འདུག བྱིས་པ་ནས་དར་མ། རྒན་པ་གང་ཡང་འདུས་པའི་སྐྱེས་ཕོ་མོ་དག་གླིང་ག་དང་ཐང་ཆེན་གང་དུའང་རང་རང་སར་གཡས་འགྱེལ་གཡོན་འགྱེལ་བྱས་འདུག
  “འདི་ཆང་ཁང་གསར་བ་ཞིག་ཨེ་རེད།”
  “ཁ་སང་སྒོ་ཕྱེས་པ་ཞིག་རེད།” ཟླ་བའི་གདོང་ལ་ཡིད་ཚིམ་པའི་ཉམས་ཤིག་ཤར་ནས་དེ་ལྟར་བཤད།
  “གསར་མོ་གཉིས་ལ་ངས་ཆང་གང་རེ་འདྲེན།”
  བུ་མོ་དེ་གཉིས་ཀྱི་སྨིན་མ་འཁྱོག་པོར་བྲིས་ཡོད་ཅིང་གདོང་ལ་སྐེག་ཚོས་འཐུག་པོར་བྱུགས་འདུག བུ་མོ་གཅིག་གིས་སྨད་གཡོགས་ཐུང་ཐུང་པུས་མོའི་ཡན་ཆད་དུ་ཡོད་པ་ཞིག་གོན་འདུག་ཅིང་། དེ་ཡི་མཚམས་སུ་རྐང་འབོལ་བར་ཚགས་ཅན་ནག་པོ་རེ་གོན་ལ། ལུས་སྟོད་དུ་ད་སྐབས་དར་བཞིན་པའི་གོང་བ་དམའ་མོ་བྲང་ཁ་ན་ཡོད་པའི་སྟོད་འགག་དམར་སྨུག་ཅིག་གོན་འདུག་ཅིང་། བསམ་གཟས་ནས་སྒེག་ཉམས་སྟོན་པའམ་ཅི་ཡིན་མི་ཤེས་མོད། གདོང་ལ་འཛུམ་ཕྱུང་གང་ཐུབ་ཀྱིས་ཆང་འཐུང་བའི་བཟོ་ལྟ་དེའང་སྒེག་ཉམས་ལྡན་པ་ཞིག་རེད། གཞན་པ་དེའི་གདོང་མཛེས་ལ་གོན་པ་ཅུང་ཟད་བབ་ཆགས་ཤིང་། ཅུང་ཟད་དོགས་མི་བདེ་བའི་ཚུལ་ཀྱིས་བསྡད་འདུག
  “ཞབས་ཞུ་པ། ཆང་ཁྱེར་ཤོག འཐུང་། འུ་ཚོས་ཆང་ཡིད་ཚིམས་པ་ཞིག་འཐུང་།” ངའི་དང་ཐོག་གི་སེམས་ངལ་ཡོད་ཚད་གར་སོང་ཆ་མེད་དུ་གྱུར།
  “འཐུང་། འཐུང་།……”
  གློག་འོད་སྣ་ཚོགས་ཀྱི་འཁོར་བསྐྱོད་ཁྲོད་ཆང་འཐུང་ཚོའི་བཟི་གཏམ་དང་དམ་བེ་ཡི་སིང་སྒྲ་གདངས་དྲག་པོའི་ཕྱི་རྒྱལ་གྱི་རོལ་དབྱངས་དང་འདྲེས་ཏེ་ཁང་བ་འདིའང་གཡོ་འགུལ་བཏང་ལ། ཆང་ཁང་འདི་ཕྱི་རོལ་གྱི་འཇིག་རྟེན་དང་རིང་དུ་གྱེས་པའི་འཕྲུལ་སྣང་གི་འཇིག་རྟེན་ཞིག ཨ་རག་གི་བཟི་སྟོབས་ལས་ངའི་བསམ་པར་རང་ཉིད་བར་སྣང་ལ་འཕགས་ཀྱིན་འདུག ཇེ་མཐོ་ནས་ཇེ་མཐོ། ཇེ་མཐོ་ནས་ཇེ་མཐོ། མཐའ་མར་རླུང་ཁ་ན་ལྷབ་ལྷབ་བསྐྱོད།
           
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།