གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

B.Lཡི་ལས་དབང་།༢

2012-05-15 13:11:00 ཚེ་ལོ་ཐར། ཀློག་གྲངས། མཆན ཡོད།

            ༢  སེམས་ཁོང་གི་མེད་རྩོམ།
   ༡༩༩༥ལོའི་དཔྱིད་ཀར། བྱ་བའི་དགོས་མཁོ་ཡི་དབང་གིས་ང་རང་ཕ་ཡུལ་གྱི་གཡུ་སྒང་སློབ་ཁུལ་དུ་ལས་གནས་སྤར་ཏེ་མུ་མཐུད་དུ་སློབ་ཆུང་དགེ་རྒན་གྱི་བྱ་བ་གཉེར། ང་ཚོའི་སློབ་གྲྭ་ནི་ལུང་ཆེན་གསུམ་གྱི་མདོ་རུ་ཡོད་ཅིང་རྫོང་ཐོག་ཏུ་འགྲོ་བའི་ལམ་འགྲམ་དུ་ཡོད་པས་ཡར་འགྲོ་མར་འགྲོ་ཡི་སློབ་མའི་ཁྱིམ་བདག་དང་འགྲུལ་པ་ནི་རྒྱུན་མི་ཆད།
   ལོ་དེའི་དྲུག་གཅིག་དུས་ཆེན་གྱི་ཕྱི་དྲོ། ར་ཚེ་ཟད་སྤྱང་ཁུའི་སྒོ་ཁ་དང་འབུ་ཚེ་ཟད་གྲོག་ཚང་ཁུང་ཁ་ཞེས་པའི་དཔེ་ལྟར། མགོ་བསྐོར་མཁན་དེ་ང་ཚོའི་སློབ་གྲྭའི་ཟ་ཁང་དུ་ཉུལ་ཡོང་།  ཧ་ལས་པ་ཞིག་ལ།  ཁོ་ནི་ང་ཚོའི་ཡུལ་འདིར་མིང་དུ་གྲགས་པའི་བློ་མཐུན་B.Lརེད། ཁོ་ནི་གཡུ་གཞོང་སྡེ་པའི་ཡིན་ཅིང་མིང་ངོ་མ་ལ་རྡོ་ནག་ཟེར། དེ་ནི་ཁོ་ལ་དྲིན་ཆེན་ཕ་མས་བཏགས་མིན་མི་ཤེས་མོད། ཁོ་དང་ཧ་ཅང་འཚམ་པའི་མིང་ཞིག་སྟེ། ཁོ་རང་ནག་ནག་རྡོ་སོལ་དང་འདྲ་བ་ཞིག་ཡིན་ནོ། ཁོ་ནི་ང་ཚོའི་ཡུལ་འདིར་དམག་ལ་ཞུགས་མཁན་ཐོག་མ་དེ་ཡིན། ང་ཚོ་ས་ཆའི་ཡུལ་མི་རྣམས་ཀྱིས་དམག་ལ་པ་ལུའུ་ཞེས་འབོད་པས། ད་ལྟའི་མི་རྣམས་ཀྱིས་ཁོའི་མིང་ལ་B.Lཞེས་འབོད་པ་ལས་རྡོ་ནག་ཅེས་འབོད་མཁན་གཅིག་ཀྱང་མེད།  
ཁོས་མི་གཞན་ལ་བསླུ་བྲིད་དང་མགོ་བསྐོར་བཏང་བའི་ལོ་རྒྱུས་ནི་ལྷ་སྒྲུང་ཇི་བཞིན་ཉན་སྤྲོ་ལ།  ཡིད་དབང་འཕྲོག་པ་ཞིག་ཡིན།  ངས་སྔོན་ཆད་ཁོའི་མིང་དང་བསླུ་བྲིད་ཀྱི་བྱ་སྤྱོད་མི་ཉུང་བ་ཞིག་ཐོས་པ་ལས་ཁོ་རང་དངོས་སུ་མཐོང་མ་མྱོང་བས། ངེད་གཉིས་ཁོའི་བསླུ་བྲིད་ཀྱི་འོག་ཏུ་ཚུད་པ་མ་ཡིན་ནམ།  
ཁོ་ཡི་རྒས་གཉེར་བརྩེགས་པའི་ཐོད་པ་དང་བ་མོ་ཆགས་འདྲའི་སྐྲ་འདབས། རེངས་ཤིང་འཁྱོར་བའི་ལུས་པོ་བཅས་ལས་རྒས་ཉམས་ཤིག་མངོན་འདུག  ད་དུང་སྐམ་ཞིང་རིད་པའི་ངོ་གདོང་དང་རིང་ཞིང་ཕྲ་བའི་མ་ནེ་གཉིས་ནི་ཞིང་རྨོ་བྱེད་ཀྱི་ཤིང་གཤོལ་ཞིག་དང་ཨ་ན་མ་ན་ཡིན་མོད། ཁོའི་མཐུག་ཅིང་ནག་པའི་སྨིན་མའི་འོག་ཏུ་ཆེ་ཞིང་སྒོར་བའི་མིག་ཟུང་ནི་ནག་ཀྲིག་ཀྲིག་བྱེད་པ་དང་ཁ་ནང་གི་དུང་སོ་དཀར་མོ་ནི་གྲལ་དག་ཅིང་བར་མེད་པར་ཡོད།  
  ཁོས་ཚི་ལེན་དཀར་པོ་ཞིག་གི་གོང་ཁར་གོང་དཀྲིས་སེར་ཁྲ་ཞིག་དཀྲིས་ཤིང་། ནུབ་ལྭ་ནག་པོ་ཆ་ཚང་ཞིག་གྱོན་པའི་སྟེང་དུ་ལྭ་རིང་ཞིག་ཀྱང་གཡང་ཤམ་དུ་གྱོན་ཡོད། ཀོ་ལྷམ་ཐོག་ཏུ་ཀོ་རྩི་བྱུགས་ཏེ་ནག་ཀྲིག་ཀྲིག་བྱེད་པས། མཐོང་བ་ཙམ་གྱིས་བརྙན་འཕྲིན་ནང་གི་རྒྱལ་ཁབ་ཀྱི་དཔོན་པོ་ཞིག་དང་འདྲ། ཁོས་ང་མཐོང་མ་ཐག  ཧད་དེ་ཅུང་ཙམ་བསྡད་རྗེས“ཁྱོད་་་ཁྱོད་འདིར་ཅི་ཞིག་བྱེད་དུ་ཡོང་བ་ཡིན”ཅེས་དངངས་འདྲི་བྱས་ཏེ་མགོ་ལ་ཕུར་ཕུར་བྱས། ཚིག་དེ་ནི་ངས་ཁོ་ལ་འདྲི་དགོས་པའི་ཚིག་གཅིག་ཡིན་མོད། ཁོས་ལྡོག་སྟེ་ང་ལ་དྲིས་པས“ང་ཁྱོད་ཀྱི་དོམ་ལེན་དུ་ཡོང་བ་ཡིན། དེ་ན། ཁྱོད་འདིར་ཅི་ཞིག་བྱེད་དུ་ཡོང་བ་ཡིན”ཅེས་ཁྲོ་བའི་ཉམས་ཀྱིས་སྨྲས།
  “ཁྱོད་ཁོང་ཁྲོ་མ་ལངས། ཉིན་དེར།  ང་ཡུལ་དུ་ཡོང་བསམས་ཀྱང་རླངས་འཁོར་ལ་འདུག་སྤྱད་མེད་པར་ལུས་པས། ཁྱོད་གཉིས་མཐོང་སྟེ་ངོ་ཚ་ཁྲེལ་མེད་ཀྱི་བྱ་ངན་དེ་སྒྲུབ་པ་ཡིན། ངས་མྱུར་དུ་སྒོར་མོ་བཙལ་གང་ཐུབ་བྱ། ཁྱོད་ཁོང་ཁྲོ་མ་ལངས། ཁྱོད་་་”ཟེར་གྱིན་ངོ་གདོང་དམར་ནག་ཏུ་གྱུར། ཁོའི་ཚུགས་ཀ་ནི་སྐྱོན་ཆ་ངོས་ལེན་བྱེད་པའི་སློབ་མ་ཆུང་ཆུང་ཞིག་དང་འདྲ།  
  དགེ་གྲོགས་གཞན་གྱིས་ཅི་ཡིན་མ་ཤེས་པར་མིག་ཧྲིག་ཧྲིག་གིས་ངེད་གཉིས་ལ་ཅེར་ནས་རྒྱུ་མཚན་ཅི་ཡིན་དྲིས། སྔོན་ཆད་ཁོས་ཁ་ཆེན་དབང་ཆེན་གྱི་དཔོན་པོ་དང་གང་ངར་གང་ཕྱུག་གི་ཚོང་བ། གང་ལེགས་གང་བཟང་གི་མཁས་པ་མང་པོར་མགོ་བསྐོར་བཏང་མྱོང་བས། ནམ་རྒྱུན་བྱིས་པ་ཆུང་ཆུང་དང་འགྲོགས་པའི་ངེད་གཉིས་ནི་ཁོའི་བསླུ་བྲིད་འོག་ཏུ་ཚུད་པར་ངོ་གནོངས་དགོས་དོན་མེད་སྙམ་སྟེ། ངས་སུ་ལ་ཡང་སྨྲས་མ་ཕོད་པར་གསང་བའི་གོང་གི་གནས་ཚུལ་དེའི་མགོ་ནས་མཇུག་བར་དགེ་གྲོགས་ཚོར་གསལ་པོར་བཤད།
  ངའི་དགེ་གྲོགས་རྒན་པ་ཚོའི་རྒྱུན་ལྡན་གྱི་གླེང་གཞི་ནི་ཚེ་འདིར་དགེ་བ་བསྒྲུབ་ན་ཕྱི་མར་ཕན་ཚུལ་དང་ཚེ་འདིའི་ཡོད་ཚད་ཕྱི་མ་གཙོ་བོ་ཡིན་པས། ཁོ་ཚོས་ངེད་གཉིས་ཀྱི་སྒོར་སུམ་བརྒྱ་ཁོས་བསླུས་པ་དེ་ཡང་དགེ་བ་ཞིག་བསྒྲུབས་པ་ཡིན་ཚུལ་བཤད་ལ། སྒོར་མོའི་གྱོང་གུད་ཀྱང་སློབ་གྲྭས་ཁུར་བས་ངས་ཁོ་ལ“ང་ལས་གནས་སྤར་ཏེ་འདིར་ཡོང་བ་ཡིན། ད་བར་དུ་ངོ་ཚ་དེ་འདྲ་ཆེན་པོ་ཞིག་ང་ལ་སུས་ཀྱང་གཏད་མ་མྱོང་། དོན་འདི་དེ་རིང་བར་དུ་གསང་བ་ཡིན། ངོ་མ་ཁྱོད་ལྟ་བུའི་གཡོ་སྒྱུ་ཅན་གྱི་མི་ཞིག་འཇིག་རྟེན་འདིར་དཀོན་རྒྱུ་རེད”ཅེས་བཤད་པར། དགེ་གྲོགས་ཚོས“དེ་རེད། དེ་རེད”ཟེར་གྱིན་ཁ་བརྡ་གཞན་གྱི་འགོ་བསླངས།
   དགེ་གྲོགས་རྒན་པ་ཚོར་མཚོན་ན། སློབ་གསོ་གཏོང་ཡུལ་ཁྱད་པར་བ་ཞིག་ཡོད་པ་ནི་B.Lཁོ་ཡིན་པ་སུས་ཀྱང་ཤེས་གསལ་རེད།  ང་ཚོ་དགེ་རྒན་གསར་བུ་དག་ལ་མཚོན་ན། ཡིད་དབང་འཕྲོག་ཅིང་བརྗོད་མི་ཚར་བའི་ཁོའི་གཏམ་རྒྱུད་རེ་རེ་ལ་ཉན་འདོད་པ་དེ་ཡིན།
  སྔོན་ལ། དགེ་གྲོགས་རྒན་པ་ཨ་ཁུ་རྟ་མགྲིན་གྱིས་ཕྲེང་བ་སྟོང་འདྲེན་འགའ་བྱས་རྗེས་ཁ་གྲག་བྱུང་། “B.L  ཁྱོད་ཀྱིས་ཚེ་གང་པོར་མི་གཞན་ལ་མགོ་སྐོར་དང་རྫུན་རྐྱང་རྐྱང་བཤད་དེ་བྱ་ངན་ཏག་ཏག་སྒྲུབ། ཁ་དཔེར། ཕ་རྒོད་པོ་སྟག་འདྲ་བ་ལ།། བུ་སྡར་མ་ཁྱི་འདྲ་བ་སྐྱེས་ཞེས་པ་ཁྱོད་ལྟ་བུར་བཤད་པ་རེད། ད་ཁྱོད་ཁྱི་ལྡོམ་ལྟར་འདུག་པའི་ཚད་མ་རེད་ཡ།  ཁྱོད་ཚེ་ཕྱི་མར་འགྲོ་མི་དགོས་སམ། ཚེ་ཕྱི་མར་སོང་ན། ཚེ་འདིའི་དོམ་དེ་འདྲའི་མང་པོ་ཞིག་ཁྱོད་ཀྱིས་གཤིན་རྗེ་ཆོས་རྒྱལ་ལ་རྩིས་ཅི་ལྟར་སྤྲོད། ངའི་ཁ་ལ་ཉན་ན། ད་ནས་བཟུང་། ཁྱོད་ཡར་མྱུལ་མར་མྱུལ་མ་བྱེད་པར་ཁྱིམ་ཆུང་མ་ཞིག་བཙལ་ཏེ་ཁྱིམ་ཚང་སྐྱོང་རན་རེད”ཅེས་སྙིང་ཉེ་ཉེ་ཚུལ་གྱིས་ནན་བཤད་བྱས།
  ཨ་ཁུ B.Lཡིས་དུ་བ་རྔམ་འཐེན་འགའ་བྱས་ཏེ་ང་ཚོའི་ཟ་ཁང་གི་ཚ་ཐབ་སྟེང་སྐྱིལ་ཀྲུང་དུ་བསྡད། ཁོས་ཐབས་ཟད་པའི་ཉམས་ཀྱིས“ཨ་ཁུ་རྟ་མགྲིན་ལགས། ངས་ཀྱང་འདི་ལྟར་འདུག་པའི་ཚད་མིན་པ་ལོས་ཤེས། ང་ལ་ཡང་ཁྱོད་ཚོ་ལྟར་ཁྱིམ་ཚང་དྲོན་མོ་ཞིག་གི་ནང་གཅེས་ཕྲུག་གཅེས་མ་མང་པོས་བསྐོར་ཏེ་འདུག་མི་འདོད་པ་ག་ལ་ཡིན།  ངའི་ལས་དབང་ངམ་ཡང་ན་མི་ཚེ་འདིའི་གོམ་ཆེན་དང་པོ་སྤོ་ཕྱོགས་ཤིག་གིས་ད་བསམས་ན་འཕྱི་དྲགས་སོང”ཞེས་དངན་པ་རིང་བོ་ཞིག་འཐེན་ཏེ་མུ་མཐུད་དུ“ང་མེད་ནི་མེད་ནི་བཤད་ན།། དྲིན་ཆེན་ཕ་མ་མེད་ཀི། རྒྱུ་བྱིན་ཆུང་མ་མེད་ཀི། གཅེས་ཕྲུག་གཅེས་མ་མེད་ཀི། ང་མེད་ནི་མེད་ནི་མང་གི།  རིག་གནས་ཤེས་བྱ་མེད་ཀི། བྱམས་སེམས་སྙིང་རྗེ་མེད་ཀི། མདའ་མདུང་གྲི་གསུམ་མེད་ཀི། ང་མེད་ནི་མེད་ནི་རྩིས་ན།།  མཁར་ལ་ཁ་མཐུད་མེད་ཀི།  ཁལ་མ་ཁ་ཡ་མེད་ཀི། ཁ་ལ་ཁ་ཟས་མེད་ཀི། ང་མེད་ནི་མེད་ནི་མང་ཀི། སྒོ་ཞིང་གྲུ་བཞི་མེད་ཀི། སྒོ་ཟོག་ནོར་ལུག་མེད་ཀི།  སྒོ་ལ་ཕྱི་ནང་མེད་ཀི། ང་མེད་ནི་མེད་ནི་མང་ཀི། གྲང་ན་གོན་པ་མེད་ཀི། སྐོམ་ན་ཇ་མ་མེད་ཀི།  སྡུག་ན་སྡུག་གྲོགས་མེད་ཀི།”ཞེས་མེད་རྩོམ་འདི་གྱེར་འདོན་བྱས་པས། ཨ་ཁུ་རྟ་མགྲིན་གཙོར་གྱུར་པའི་ང་ཚོ་གྲག་མེད་འགུལ་མེད་དུ་གྱུར་ནས་འདུག་དགོས་བྱུང་།  ངའི་སེམས་སུ་ཁོ་ནི་བསླུ་བྲིད་པ་ཞིག་རེད་ལ་སྙན་ངག་པ་ཞིག་ཀྱང་རེད་འདོད།
  མཚམས་དེར། སློབ་གྲྭའི་ཇ་མ་ཡིས་འོ་ཇ་དཀར་ཡོལ་གང་བླུགས་ཏེ་ཁོ་ལ་གཏད། ཁོའི་གདོང་ལ་བཙན་གྱིས་འཛུམ་ཞིག་ལངས་ཏེ“ངའི་མི་ཚེ་འདིར་ཁྱི་ལྡོམ་ལྟར་གང་སར་མྱུལ་ནས་གཞན་ལ་མགོ་བསྐོར་ཏེ་འདུག་དགོས་པ་འདི་སྔོན་བསགས་ཀྱི་ལས་དབང་ཞིག་ཡིན་ནི་ལོས་ཡིན། བློ་སྔོན་ལ་དྲན་ན་མཁས་པ་དང་འགྱོད་རྗེས་ནས་སྐྱེས་ན་བླུན་པོ་ཡིན་ཅེས་པ་ཅི་མ་བདེན། ད་འགྱོད་ཀྱང་ཡོང་རྒྱུ་ག་ལ་ཡོད། དེ་ལས་ངའི་སྙིང་གྲོགས་ཆང་ལ་འོ་བྱོས་དང་སྐྱོ་སྡུག་སེལ་མཁན་འདི་ཡིན”ཟེར་ཞོར་དུ་བྲང་ཁུག་ལས་ཕྱེད་ཙམ་འཐུང་ཟིན་པའི་ཧྭའུ་ཀྲུའུ་རྟགས་ཅན་གྱི་ནས་ཆང་དམ་བུ་གང་བླངས་ཏེ“ཆང་དཀར་ཞིག་ཨེ་ཡོད”ཅེས་ང་ལ་འཁོར་ནས་དྲིས་བྱུང་།
  ངས་འབྲུག་དཀར་ཆུང་ཆུང་ཞིག་བཀྲུས་ཏེ་ཁོ་ལ་བྱིན་རྗེས་སྔོན་ནས་འདྲི་འདོད་པའི་སྐད་ཆའི་མགོ་གླེང་། “ཨ་ཁུ་B.Lལགས།  ཁྱོད་ཀྱིས་མི་གཞན་ལ་མགོ་བསྐོར་བཏང་བའི་གཏམ་རྒྱུད་རེ་རེ་གཅིག་གཅིག་གཉིས་གཉིས་བྱས་ཏེ་ང་ཚོར་བཤད་ན་ཅི་འདྲ་རེད། མི་བཤད་ན་སྒོར་སུམ་བརྒྱ་བོའི་དོམ་ང་ལ་སྟེར་དགོས”ཞེས་ཀུ་རེ་ཡི་ཚུལ་གྱིས་དྲིས།  
ཁོ་འཛུམ་ཙམ་བྱས་ཏེ“ཁྱོད་ཚོས་ཉན་འདོད་ན། བཤད་སྲོལ་ཞིག་མེད་མོད།  དེ་རིང་ང་ཡང་ཁོམ་ལ། ཤ་ཆང་ཡང་ཡོད་པས་སྒོར་སུམ་བརྒྱ་བོའི་ཆེད་་དུ་ངས་ཡོད་ཚད་མ་གསང་བར་བཤད་ཆོག”ཟེར་གྱིན་ཆང་དཀར་ནང་ཆང་ཉུང་ཙམ་བླུགས་ཏེ། ལག་པ་གཡོན་གྱིས་ཆང་དཀར་བཀྱགས་ཤིང་ལག་གཡས་པས་མཆོད་གསུམ་འཕངས་རྗེས་ཁོའི་མི་ལོ་སོ་ལྔ་ཡི་སྐྱིད་སྡུག་རེ་རེ་བཤད་འགོ་བཙུགས།  
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།