ལས་བྱེད་ཅིག་གི་ཉིན་གང་།

  ཁོ་རང་ཡར་ལངས་དུས་ཆུ་ཚོད་ཀྱི་མདའ་མགོ་དེ་དུས་ཚོད་དགུ་བར་ཉེ་འདུག
  ཁོ་ལས་ཀར་བསྐྱོད་པའི་ལམ་བར་ནས་མི་དང་རླངས་འཁོར།      ཁྱི་དང་ཚོང་རྫས།      འུར་ཟིང་དང་བཅོས་འཛུམ་སོགས་རང་གི་བློ་ངོ་རུ་འཛིན་དཀའ་བ་མང་བོ་ཞིག་ལ་ཐུག་ཅིང་།     དེའི་ནང་ནས་ཆེས་ཡིད་དུ་འོང་བ་དང་སྙིང་དུ་སྡུག་པ་ནི་སྒེག་མ་mལགས་ཀྱི་མེ་ཏོག་ལྟར་མཛེས་ལ་ཆུ་མིག་ལྟར་དྭངས་པའི་འཛུམ་དང་དགོད་སྒྲ་རེད།
  མི་ཚོའི་ལས་རིགས་མི་གཅིག་པ་ནི་ཟོག་ཅིག་གི་རྒྱབ་ཀྱི་ཁུ་རྩིད་རླུང་གིས་བསྐྱོད་པ་ལས་ཀྱང་བགྲང་བར་དཀའ་ལ་རྙོག་པར་འཁྲུག་པ་ཞིག་རེད་ཨང་།
  ལས་སྒྲུབ་ཁང་གི་རྐུབ་སྟེགས་དག་སྒྲོག་ཙེའི་ངོས་སུ་ཅེར་ནས་སྡོད་དགོས་པ་བཞིན།       ལས་མི་ཁོམ་དྲགས་པ་དག་གིས་ཀྱང་དཔོན་པོའི་གདོང་ལ་ཅེར་ནས་འདུག་དགོས།      དེ་བཞིན་དུ་མི་དང་མིའི་བར་གྱི་འབྲེལ་བ་ལྟར་འཛིང་ཞིང་སྣོལ་མར་ཆགས་
པའི་དྲ་རྒྱའི་འཁོར་ལམ་ཡང་ལས་ཁང་འདིའི་ནང་རོལ་ནས་དཀྲིས་རྒྱག་གིན་རྫོང་མཁར་ཆུང་ཆུང་ས་ཁྲའི་གསེབ་ཏུ་ཐིམས་ཚར་ཏེ་ཤིག་གི་སྐྱག་པའི་ཆ་ཤས་ཀྱི་ཆ་ཤས་ཙམ་ཡང་མངོན་དཀའ་འདིའི་ཟུར་དང་ངོས་ཐམས་ཅད་འཁྲུད་བཞིན་སའི་གོ་ལ་ཟེར་བ་འདི་གྲུག་རིལ་བཞིན་དཀྲིས་ཡོད་དོ།།
  ཁོ་རང་བྱ་བར་ཞུགས་པ་ནི་རྒུན་འབྲུམ་བཏོགས་ནས་ཆང་དུ་བསྙལ་བ་དང་། ཆང་འཐུང་ནས་གླེན་རྟགས་ཕུད་བ་ལྟར་གོ་རིམ་འཁྱོལ་ཞིང་གྲུབ་འབྲས་ཉུང་བའི་བྱ་བ་ནང་སྙིང་རུལ་བ་ཞིག་གོ།
   འགོ་བས་དུ་བ་འཐེན་བཞིན་“དེང་སང་བྱ་བ་ལས་ན་སྙིང་བོ་མེད་ཀ”ཟེར་བར།
   ལས་མི་ཚང་མས་“དེ་རེད།     དེ་རེད།”ཟེར།
   འགོ་བས་ཅུང་གཟབ་ནན་གྱི་ངང་ནས་“འོན་ཀྱང་།  བྱ་བ་གཅིག་གཅིག་གཉིས་གཉིས་བྱས་ནས་བསྒྲུབ་དགོས་ནི་རེད།”ཟེར་བར།
   ལས་མི་ཚང་མས་“དེ་རེད།      དེ་རེད།”ཟེར།
   ཡང་འགོ་བས་ཇ་ཧུབ་གང་འཐུང་ཞོར“མི་དེ་མི་ཞིག་མ་རེད་ཁྱི་ཞིག་རེད།”ཟེར་བར།
   ལས་མི་ཚང་མས་“དེ་རེད།     དེ་རེད།”ཟེར།
   འགོ་བས་དུ་བ་ཁམ་གང་རྔུབ་ཞོར་“མི་དེ་མི་ཞིག་མ་རེད་ལྷ་ཞིག་རེད།”ཟེར་བར།
   ལས་མི་ཚང་མས་“དེ་རེད།      དེ་རེད།”ཟེར།
   སྐབས་འདིར་འགོ་བ་ཅུང་སུན་སྣང་སྐྱེ་བཞིན་“ཁྱོད་ཚོ་ཅི་འདྲའི་རྒྱུག་ཁྱི……དང་མི་འདྲ་བའི་མི་རིག་རྒོད་དག་དག་རེད་ཨང་།”ཟེར་བར།
   ལས་མི་ཚང་མས་“དེ་རེད།      དེ་རེད།     འོ……དེ་མ་རེད།……”ཟེར།
   ང་ཡི་སྙིང་ཉེ་བའི་ཀློག་པ་པོ་ལགས།       གོང་གི་ཁ་བརྡ་ཐུང་ངུ་དེ་ཟློས་གར་གྱི་འཁྲབ་ཚིག་ཅིག་མིན་པ་ཁྱོད་ཀྱིས་ང་ལ་ཡིད་
ཆེས་བྱས་ཆོག
  ཕྱི་དྲོ་ཁོ་རང་ཆར་ཞོལ་ཞིག་དང་མཉམ་དུ་ལས་སྒྲུབ་ཁང་དུ་ཐོན་དུས།  འགོ་བ་ལས་སྒྲུབ་ཁང་དུ་ཡོང་མི་འདུག་མོད། འོན་ཀྱང་། ལས་གྲོགས་ཟེར་བའི་ཕུང་བོ་ཚོ་ལ་མགོ་བོ་ཆུང་བའི་མི་ཚོས་རྙོག་བཤད་རྒྱག་གིན་འདུག
  ཆང་འཐུང་ནས་ཅུང་བཟི་ཡོད་པའི་གསར་བུ་ཞིག་གིས་“བཀའ་འགྱུར་འགོ་བ་ཕག་ཕྲུག་འདྲ་མོ་དེ་འདུག་མི་ཤེས་ན། ངས་དེ་ཤིག་བཅིར་བཅིར་བྱས་མི་འཇོག་ན།”ཟེར་ལ།
  བུ་མོ་ལོ་སུམ་ཅུར་ཉེ་བ་ཞིག་གིས་“ངོ་རླིག་ཤུབ་འདྲ་མོ་དེས།       འོག་བཤད་རྐྱང་རྐྱང་ལབ་རྒྱུ་ལས་གཞན་ཅི་ཞིག་ཤེས་ཨང་།”ཟེར་ལ།
  དེར་མཐུད་ནས་གཅིག་གིས་“ཨ་རོག དེ་ཁོག་སྨད་ལ་བསྐོར་ན་དཔེ་མེད་པ་ཞིག་ཡིན་རབས་ཡོད་པས། གཅིག་རུམ་དང་།      ཁྱོད་ཀྱི་ཚེ་གཅིག་གི་ཕྱིར་དྲན་ཡིན་ན་ཐང་།”ཟེར་བར།
   བུ་མོ་དེས་“ཕག་ཅིག་རུམ་ནས་སྐྱིད་རྒྱགས་པ་ལས་བྱི་ལ་ཞིག་རུམ་ནས་དྲོན་པོར་བཏང་ན་སྐྱིད་ཀ”ཟེར་བར།
   ལས་མི་ཚོས་ཧབ་ཆ་ཞིག་དང་མཉམ་དུ་“དེ་རེད།      དེ་རེད།”ཟེར།
   དེ་ཡིན་མིན་མི་ཤེས་མོད། ཁོ་ཚོའི་ལས་ཁ་ནི་འདི་ལྟར་ཚེ་སྲོག་གི་ལྗོན་པ་གཏུབ་བྱེད་ཀྱི་སོག་ལེ་ཞིག་དང་འདྲ་བར་སག་སག་རང་གི་མི་ཚེའི་གསེང་དུ་འཐེན་གྱིན་འདུག
   ང་ཚོའི་སྒྲུང་གཏམ་ནང་གི་གསར་བུ་ཡག་རྒྱུ་མེད་ལ་བཙོག་རྒྱུའང་མེད་པའི་ཁོ་རང་ཡང་ཆབ་རོམ་ཉིན་ཁར་བཞག་པ་བཞིན་ཆུ་ཐིགས་རེ་རེ་བྱས་ནས་ཟགས་ཀྱིན་འདུག་ལ། ཉིན་གཅིག་གི་ཉི་མ་སྒྲོན་མེ་འདྲ་བོ་ཡང་མཐོ་སའི་དྲོད་ཚད་ནས་མར་འབབ་ཀྱིན་
འདུག
  གོམ་པ་ལྗིད་ཏིག་གེར་ལེན་གྱིན་པའི་ས་སྲོད་ཀྱིས་ཀྱང་རང་གི་ཁུག་མ་ནག་པོ་རུ་ཉིན་གཅིག་གི་ལེ་ལོ་དང་ང་རྒྱལ། བྲེལ་འཚུབ་དང་ངལ་དུབ། ཁ་ལུད་དང་ཁྱིམ་ལུད་སོགས་ཡིད་དུ་མི་འོང་བ་མང་བོ་ཞིག་བསྡུས་ནས་དུས་ཚོད་ཀྱི་ལྕགས་རིའི་ཕྱི་རོལ་ཏུ་བུད་
སོང་།
  ཁོས་ཀྱང་ཁ་པར་ཨང་གྲངས་མི་ཤེས་པའི་mལགས་ཀྱི་མཛེས་པའི་ཞལ་རས་ཉ་གང་ཟླ་བའི་མདངས་ཡིན་པ་དེ་དྲན་གྱིན།     འཛུམ་པའི་སོ་ཕྲེང་མུ་ཏིག་དཀར་བོའི་སྤུན་ཡིན་པ་དེ་དྲན་གྱིན།       རྒྱས་པའི་ནུ་འབུར་དུང་གི་བུམ་པའི་གཟུགས་ཡིན་པ་དེ་དྲན་
གྱིན་གློག་འོད་ཀྱི་ཤོག་དཀར་ངོས་ན་ཡིག་འབྲུ་ཞིག་དང་འདྲ་བར་ནག་ལོག་གེར་འདུག་གོ།
 
                (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལས་བྱེད་ཅིག་གི་ཉིན་གང་།

2014-07-17 མདའ་བཙན་པོ། ཀློག་གྲངས། མཆན ཡོད།
 
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།