སྡེ་དཔོན་ལོ་བྷ།

             སྟོད་ཆ།

  སྔོན་ཆད་སྡེ་བ་འདིའི་མི་རྣམས་བག་འཁུམ་ཞིང་གཉོམ་ཆུང་ངུའི་ཉམས་ཀྱིས་སོས་དལ་བག་ཕེབས་ཀྱིས་འཚོ་བ་ངན་ངོན་ཞིག་རོལ་གྱིན་ཡོད་ལ་ཅི་ཞིག་གི་དོན་དུ་མི་ཡུལ་འདིར་འཚོ་སྡོད་བགྱིས་ཡོད་ཅེས་ན་ཁ་རྒྱབ་ཀྱི་སླད་ཁོ་ན་ཡིན་པ་མ་གཏོགས་ཅི་ཡང་མིན་ལ་ཐ་ན་ཀ་ངོ་ཡིག་ངོ་ཆོད་མཁན་ཡང་གཅིག་ཀྱང་མེད། དེའི་རྐྱེན་གྱིས་གནས་འདིའི་ཡོད་ཚད་ལ་མི་མངོན་པའི་བཀག་རྒྱ་ཞིག་གིས་ཚོད་འཛིན་བྱས་ཡོད་ལ་གནས་འདིའི་ཡོད་ཚད་ལ་གསོན་ཤུགས་ཅི་ཡང་མེད་པར་གདོད་མའི་རྣམ་པ་ཁོ་ན་བསྲུང་འཛིན་བྱས་ཡོད། གལ་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་ངོས་ནས་གླེང་མོལ་རེ་བྱེད་དགོས་ཚེ་གནས་འདི་ལ་ཡང་མི་དམན་པའི་ཁྱད་ཆོས་མི་ཉུང་བ་ཞིག་ཡོད།
  ད་ནི་སྡེ་དཔོན་ལོ་བྷ་གླེང་བར་བྱེད། སྡེ་དཔོན་ལོ་བྷ་ད་ལྟ་ནི་མི་ལོ་ལྔ་བཅུ་ལྷག་ཡིན། སྡེ་བ་འདིའི་ཆེས་རྒྱགས་པའི་མི་ཡིན། ཁོའི་གཟུགས་ཅུང་ཐུང་བའི་སྟེང་དུ་ལྟོ་བ་ལུག་ཅིང་། མགྲིན་པ་སྤོམ་ལ་རྐུབ་ཀྱང་ཆེ། ཤ་མདོག་ནག་པོའི་གདོང་ན་ཅུང་མཐོ་བའི་སྣ་རྩེ་དང་སྣ་གོང་ཉག་པ། མཐུག་ལ་ཕྱིར་ལོག་པའི་མཆུ་སྒྲོས། བསོད་ནམས་ཆེ་བར་བགྲང་བའི་རྣ་བ་ཆེན་པོ་དང་དཔྲལ་བའི་དཔྱིས་ཆེ་བ་སོགས་གཞན་དང་ཐུན་མོང་མིན་པའི་སྐྱེ་མཆེད་མངའ་བ་ཡིན།
  ཁོས་རྐང་འཁོར་ཞོན་མི་ཤེས་ལ་འཕྲུལ་རྟ་ཡང་ཞོན་མི་ཤེས། ལོ་བཅུའི་ཡར་སྔོན་དུ་སྡེ་བ་འདིའི་འགྲིམ་འགྲུལ་ཡོ་བྱད་གཙོ་བོ་རྟ་ཡིན་པས་དེ་དུས་སྡེ་དཔོན་ལ་ཡང་ཞོན་རྟ་ལེགས་པོ་འགའ་རེ་ཡོད་མོད། འོན་ཀྱང་ལོ་འདི་འགར་གློ་བུར་དུ་འགྲིམ་འགྲུལ་ཡོ་བྱད་ལ་འགྱུར་ལྡོག་བྱུང་སྟེ་རྟར་ཞོན་ནས་སྡེ་དོན་སྒྲུབ་ཏུ་འགྲོ་བ་ནི་གང་གི་རྗེས་ལ་ཡང་ཆོད་དཀའ་བའི་རྣམ་པ་ཅན་དུ་གྱུར་བས་དོན་འདིས་སྡེ་དཔོན་ལ་མཚོན་ན་ཧ་ཅང་དཀའ་བའི་གནད་དོན་ཞིག་ཏུ་གྱུར། ཁོས་བྱེད་ཐབས་ཉག་ཅིག་ནི་སྡེ་བའི་འཕྲུལ་རྟ་ཞོན་ཤེས་པའི་ན་གཞོན་གང་རུང་ཞིག་ལ་རེ་རྒྱུ་དེ་ཡིན། མི་སུ་ཞིག་གིས་སྡེ་དཔོན་འཕྲུལ་རྟའི་འཕོང་ལ་བཟུང་ནས་སྡེ་དོན་དུ་སོང་བ་ཡིན་ན་དེ་ལ་སྡེ་གཞུང་ནས་འཕྲུལ་རྟའི་ནང་དུ་རྡོ་སྣུམ་ལྡུག་པ་མ་ཟད། ཉིན་དེར་ལུག་ཤ་བརྔོས་མ་ཡིད་ཚིམ་པ་ཞིག་ཀྱང་བཟའ་རྒྱུ་རག་པ་ཡིན་ལ་ལུག་ཤ་བརྔོས་མ་ནི་སྡེ་དཔོན་ཆེས་དགའ་བའི་ཟས་རིགས་ཀྱང་ཡིན། དང་ཐོག་ན་གཞོན་དག་གིས་ཡིད་དགའ་བའི་ངང་དུ་སྡེ་དཔོན་ཡར་སྐྱེལ་མར་སྐྱེལ་བྱས་མོད། འོན་ཀྱང་ཅང་མ་འགོར་བར་དོན་དེར་གློ་བུར་དུ་འགྱུར་ལྡོག་བྱུང་སྟེ་ན་གཞོན་མང་བོས་སྡེ་དཔོན་ཡར་སྐྱེལ་མར་སྐྱེལ་བྱེད་རྒྱུ་ནི་སུན་སྣང་ཅན་གྱི་དོན་དག་ཅིག་ལ་བགྲང་ནས་ཚང་མས་ཕྱི་ལ་བཀྱེད་བཀྱེད་བྱས། དོན་ངོ་མར་སྡེ་དཔོན་ལྗིད་དྲགས་པས་དུས་རྒྱུན་འཕྲུལ་རྟའི་འཁོར་ལོ་རྗེས་མ་གད་འགྲོ་བས་ན་གཞོན་དག་དཀའ་ལས་ལ་སྐྲག་པ་ཡིན་ནོ།།
  སྡེ་དཔོན་ལོ་བྷས་གཞུང་རྒྱུ་རང་གི་ཨམ་ཕྲག་ཏུ་འཇུག་པར་ཧ་ཅང་འཛེམ་ལ་ལས་རྒྱུ་འབྲས་ལ་བསམ་བློ་བཏང་ནས་ཀྱང་དེ་ནི་ཧ་ཅང་མ་རུང་བའི་ཉེས་པ་ཞིག་ཡིན་པར་བསམས་ཤིང་ཚེ་ཕྱི་མར་འགྲོ་དུས་ཀྱང་ལམ་ཡག་པོ་ཞིག་མེད་སྙམ་བཞིན་ཡོད། ཡིན་ན་ཡང་སྡེ་དོན་ཞིག་སྒྲུབ་དུས་ཤ་ཡིད་ཚིམ་པ་ཞིག་ཟ་རྒྱུ་ནི་ཁོས་ནམ་ཡང་བརྗེད་མི་སྲིད་ལ་དེ་འདྲ་ཞིག་འབབ་པའི་ཡིད་ཆེས་ཀྱང་བྱེད་པ་ཡིན། སྡེ་དོན་ལས་གཞན་སྡེ་དཔོན་ཆེས་དགའ་བའི་བྱ་བ་ཞིག་ཡོད་པ་ནི་གཞོགས་ཡར་མར་གྱི་དཀར་ཐིགས་སློང་མཁན་དག་ཁྲིད་ནས་ཁྱིམ་ཚང་རེ་རེའི་སྒོར་ཉུལ་རྒྱུ་དེ་ཡིན་ལ་ཁོའི་སེམས་སུ་དེ་ལྟར་བྱས་ན་ཁོས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་སྲི་ཞུ་ཉུང་ཙམ་བསྒྲུབས་པ་ཡིན་པས་ཚོགས་མི་ཉུང་བ་ཞིག་བསགས་ཟིན་པའི་དགའ་བ་སྒོམ་བཞིན་ཡོད། ཡིན་ན་ཡང་སྡེ་མི་དག་གིས་ནམ་རྒྱུན་དེ་དོན་ལ་འཁང་ར་རབ་དང་རིམ་པ་བྱེད་བཞིན་ཡོད་མོད། འོན་ཀྱང་འཁང་ར་ཇི་ལྟར་བྱས་ཀྱང་སྡེ་དཔོན་གྱིས་ཅི་ལ་ཡང་མི་སྙམ་པར་གཅིག་ལམ་དུ་བཅུག་རྗེས་གཉིས་ཁྲིད་འོང་བ་ཡིན།
  ལོ་བྷ་ཆུང་དུས་འཆི་བདག་གི་ཞགས་པས་ཁོའི་ཕ་མ་གཉིས་ཀྱི་ཚེ་སྲོག་དམ་དུ་བཅངས་ནས་ཕྱི་མར་ཁྲིད་སོང་ལ་ཤུལ་དུ་སྐྱོ་ལྷང་ངེའི་རྣམ་པ་ཡོད་ཚད་ཁོའི་མདུན་དུ་སྤུངས་པ་མ་གཏོགས་ཅི་ཡང་མ་ལུས། ཆུང་དུས་ཀྱི་ལོ་ཟླ་གླེང་ན་ལོ་བྷ་ནི་དཀའ་སྡུག་གི་བཤུལ་ལམ་རིང་མོ་ནས་འཚར་ལོངས་བྱུང་ཞིང་དེ་ནི་ཡིད་ཕངས་པའི་ཆུང་དུས་ཀྱི་བདེ་སྐྱིད་ཅུང་ཙམ་ཡང་མ་རེག་པའི་ལོ་ཟླ་ཞིག་ཡིན་པས་དེང་དུས་ཀྱི་མི་རྣམས་དང་བསྡུར་ན་ཧ་ཅང་བཟོད་དཀའ་བའི་དུས་སྐབས་རིང་མོ་ཞིག་ཡིན་མོད། འོན་ཀྱང་ལོ་བྷའི་ཕྱིས་འབྱུང་གི་ལོ་ཟླ་ལ་མཚོན་ན་ཆུང་དུས་ཀྱི་དཀའ་ཁག་ནི་བྱ་བ་མང་བོ་ཞིག་སྒྲུབ་ཐུབ་པའི་སྒུལ་ཤུགས་སུ་གྱུར། ཁོའི་སེམས་ངོ་ན་ཝ་ལེར་བཀྲ་བ་ནི་འབད་བརྩོན་རྣམ་དག་དང་གཞུང་དྲང་སྤྱོད་བཟང་གིས་བྱ་བ་ལ་ཧུར་བརྩོན་བྱེད་རྒྱུ་དེ་ཡིན།
  སྡེ་བ་འདི་ལ་མཚོན་ན་གཙོ་བོ་ཕྱུགས་ལས་གཉེར་བཞིན་ཡོད་ལ་དེ་དང་ལྷན་ཅིག་ཏུ་ཁྱིམ་ཚང་རེ་ལ་ནས་ཞིང་ལག་མཐིལ་ཙམ་རེ་ཡང་ཡོད། ནས་ཞིང་ལག་མཐིལ་ཙམ་པོ་དེས་ཁྱིམ་ཚང་རེ་རེའི་ལོ་གཅིག་གི་རྩམ་པའི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་པས་དེ་ཡང་ལོ་རེ་རེའི་དཔྱིད་དུས་སུ་སྡེ་མི་ཚང་མས་རྨོ་འདེབས་བྱེད་རྒྱུ་བརྗེད་མི་སྲིད་ལ་གལ་ཏེ་དུས་སྐབས་དེར་ཁྱིམ་ཚང་དེར་ཆ་རྐྱེན་གྱིས་མི་འདང་ན་སྡེ་བའི་ཁྱིམ་ཚང་གང་ཞིག་ལ་དངུལ་གྱི་སྔ་གཞུག་བརྗེས་ཏེ་འདེབས་སྲིད་པ་ནི་ཁོ་ཐག་ཡིན། ལོ་འགའི་སྔོན་དུ་ཡིན་པའི་དབང་དུ་བཏང་ན་ཞིང་ས་ནི་སྡེ་སྤྱི་ལ་དབང་ཞིང་ལོ་རེ་རེར་ངལ་རྩོལ་བ་རྩ་འཛུགས་བྱས་ཏེ་སྡེ་དཔོན་ལོ་བྷས་སྣེ་ཁྲིད་ནས་དེ་ཉིད་ཡར་འཇོག་མར་འཇོག་བྱེད་སྲིད་མོད། འོན་ཀྱང་ད་ལྟ་ནི་སྒེར་ལ་བགོས་པའི་དབང་གིས་དེའི་ཕྱོགས་ནས་སྡེ་དཔོན་ལོ་བྷ་ལ་སེམས་ཁུར་མེད་པ་དང་། སྔོན་ཆད་ལྟར་མལ་སའི་ནང་ནས་དེ་ལ་འགྲོ་སྒོ་ག་ཙམ་དགོས་པ་དང་། ལུད་རྫས་ཇི་འདྲ་ཞིག་དགོས་མིན་གྱི་རྩིས་ལ་ཡང་བསམ་བློ་གཏོང་མི་དགོས། ཡིན་ཡང་དུས་འདིར་མགོ་ན་བའི་བྱ་བ་ཉག་ཅིག་ཡོད་པ་ནི་ཁོའི་ཤ་ཉེ་སྟེ་དབང་ཤེས་རྒྱུན་ལྡན་མིན་པའི་སྐྱ་བྷ་ལ་ཞིང་འདེབས་སྤྱད་མེད་པར་ལོ་རེར་ཁོ་ཡར་རྒྱུགས་མར་རྒྱུགས་བྱས་ཏེ་གཞན་ལ་དངུལ་གྱི་སྔ་ཕྱི་བརྗེ་དགོས་པ་དེ་ཡིན། སྐྱ་བྷ་ལ་རྒྱུན་ལྡན་གྱི་མི་ལྟ་བུའི་རྣམ་དཔྱོད་དང་འཆར་སྒོ། ལག་ལས་ཀ་སོགས་ཅི་ཡང་མེད་པས་ཁོ་ཚང་གི་འཚོ་བ་ནི་སྡེ་བ་འདིའི་ཐ་གྲས་སུ་གཏོགས། སྡེ་དཔོན་ལོ་བྷ་དང་སྐྱ་བྷ་གཉིས་ལ་ཨ་མའི་ཕྱོགས་ཀྱི་གཉེན་ཉེའི་འབྲེལ་བ་ཡོད་པས་སྡེ་མི་ཚང་མས་ཀྱང་ཁོ་གཉིས་གཉེན་ཉེ་ཡིན་པའི་འདུ་ཤེས་བཅངས་ཡོད་ལ་སྡེ་དཔོན་ལོ་བྷས་ཀྱང་དེ་བཞིན་གྱི་བསམ་བློ་བཟུང་སྟེ་ཐོག་མཐའ་བར་གསུམ་དུ་སྐྱ་བྷ་ལ་ཁས་ཅུང་ཙམ་ཡང་ཟ་རུ་བཅུག་མ་མྱོང་། གཙོ་བོ་ནི་རྒྱལ་ཁབ་ཀྱི་མུག་སྐྱོབ་ཕྱོགས་ནས་ནམ་ཡང་སྐལ་ཆད་དུ་བཅུག་མ་མྱོང་ལ་སྡེ་མི་ཚང་མས་ཀྱང་དེ་ལ་འབབ་འོས་པའི་ལྟ་ཚུལ་བཟུང་ནས་ད་ལྟའི་བར་དུ་བསམ་འཆར་ཅི་ཡང་བཤད་མ་མྱོང་།
  སྡེ་དཔོན་ལོ་བྷའི་གདོང་ན་འཛུམ་མདངས་མེད་པའི་ཉིན་མོ་གཅིག་ཀྱང་མེད་ལ། ཐ་ན་སྡེ་བའི་བྱ་བ་རྩག་རྩིག་གི་ཆེད་དུ་གསར་བུ་ཚོ་འོང་ནས་ཁོ་ལ་ཁ་རྩོད་དང་མཚང་མིང་བཏགས་ན་ཡང་སྡེ་དཔོན་གྱི་འཛུམ་མདངས་སྔར་བཞིན་ཡིན་ལ་མཇུག་མཐར་གསར་བུ་དག་གི་སྤོ་ཡང་རང་སར་ཞི་འགྲོ་བ་ཡིན། སྡེ་དཔོན་ལོ་བྷའི་སྐྱོན་ཆ་ཆེ་ཤོས་ནི་ཨུ་ཚུགས་ཆེ་བ་དེ་ཡིན་ཞིང་མི་རྣམས་ཀྱིས་ཇི་ལྟར་རྒོལ་ལན་སྤྲད་ཀྱང་དེ་ལྟར་ཞི་ལྷོད་ཀྱི་རྣམ་པའི་ངང་སྒུལ་མི་ཚུགས་པས་མཚམས་ལན་རེར་སྡེ་མི་ཚོ་དང་ཡུལ་ཚོའི་འགོ་ཁྲིད་ཚོས་གཡག་རྒན་ནག་ལྡང་ཡང་ཟེར། གཡག་རྒན་ནག་ལྡང་ལ་རིག་པ་གྲིམ་པོ་དང་འགོ་ཁྲིད་ཚོ་ལ་ཁ་ཡག་ངོ་དགའི་རྣམ་པ་ཅུང་ཙམ་མེད་ན་ཡང་སྡེ་དོན་ལ་རོ་མི་འཇོག་པའི་དུས་ནམ་ཡང་མེད། ལོ་འགའི་སྔོན་སྡེ་བ་གཞན་དང་རྩྭ་ས་རྩོད་དུས་དང་། རྫོང་མཁར་ཉེ་འགྲམ་ན་ཡོད་པའི་སྡེ་བའི་ས་ཆུང་ངུ་དེ་སྲིད་གཞུང་དང་རྩོད་པ་བྱས་དུས་རང་ཚུགས་ཅུང་ཙམ་ཡང་ཤོར་མ་མྱོང་ལ་མཇུག་མཐར་སྲིད་གཞུང་གི་འགོ་ཁྲིད་ཚོས་ལོ་བྷ་ནི་བླུན་པོ་བླུན་ནག་ཅིག་ཡིན་པས་ངེས་པར་དུ་སྡེ་དཔོན་གྱི་གོ་གནས་ལེན་རྒྱུ་ཡིན་ཞེས་ཡིག་ཆ་བཀྲམ་ན་ཡང་སྡེ་བ་གང་བོ་ལོ་བྷའི་རྒྱབ་ནས་ཀ་ལངས་ལངས་བྱས་པས་མཇུག་མཐར་སྲིད་གཞུང་ལ་ཡང་བྱ་ཐབས་ཅི་ཡང་མ་བྱུང་བར་གོ་གནས་སྔར་ལྟར་བརྟན་འཇགས་སུ་བཞག
  དང་ཐོག་ལོ་བྷ་ཚོགས་འདུ་ཆེ་མ་ཆུང་གསུམ་ལ་ཞུགས་དུས་སྐད་ཆ་ཅི་ཞིག་བཤད་དགོས་པ་དང་ཅི་ཞིག་བཤད་མི་ཉན་པ་ཡེ་ནས་མི་ཤེས་པར་འདོད་འདོད་ཅིག་བཤད་པས་ཚོགས་མི་ཡོངས་གད་མོ་ཆ་ལེར་འགྲོ་བ་དང་། ཚོགས་འདུ་གྲོལ་མ་ཐག་འགོ་ཁྲིད་ཀྱིས་ཟུར་དུ་བོས་ནས་སྐྱོན་བརྗོད་ནན་མོ་བྱས་ན་ཡང་ལོ་བྷ་ལ་ཉམས་སྣང་ཅི་ཡང་མེད་པར་གདོང་ཡོངས་འཛུམ་དམུལ་ལེར་འགོ་ཁྲིད་ཀྱི་གདོང་ལ་ཅེར་ནས་འདུག་པས་འགོ་ཁྲིད་ལ་ཡང་ཐབས་ཟད་དེ་ཨ་ད་གཡག་རྒན་འདི་ལ་བཀོད་པ་ཅི་ཡང་མི་འདུག་ཅེས་གུ་ཡངས་ལ་མི་གཏོང་རང་གཏོང་ཡིན། སྡེ་བའི་ནང་དུ་ཡང་དེ་བཞིན་དུ་ཚོགས་འདུར་འགོ་འཛིན་བྱེད་སྐབས་གོ་རིམ་ཅི་ཡང་མེད་ལ་མཚམས་རེར་གཏམ་དཔེ་རེ་བཞག་པ་ཡང་སྐབས་དེའི་བརྗོད་དོན་དང་འབྲེལ་བ་ཅི་ཡང་མེད་ན་ཡང་ཨུ་ཚུགས་ཀྱིས་མུ་མཐུད་དུ་སྐད་ཆའི་མཇུག་སྐྱོང་བས་སྡེ་མི་ཚང་མས་མགོ་ཐད་དུ་གཡུག་ཞོར་བླུན་བཤད་ཏག་ཏག་རེད་ཅེས་པ་མ་གཏོགས་ཅི་ཡང་མི་ཟེར། དེ་ལྟར་སྡེ་དཔོན་ལོ་བྷ་ནི་ལོ་མང་བོར་གྲི་ཁ་རྡོ་ལ་བརྡར་བ་ལྟར་སྡེ་དོན་ཚོ་དོན་ལ་ཡར་གྱི་བྱ་བའི་ནང་དང་མར་གྱི་བྱ་བའི་ནང་ཞུགས་ཞུགས་མཐར་གཞི་ནས་བསྐྱེད་བུད་དེ་ད་ལྟ་ནི་སྐད་ཆའི་མགོ་རྔ་ཡོད་པ་དང་རྒྱས་བསྡུས་འཚམ་པ། ནང་དོན་ཟབ་པ་བཅས་ཀྱི་ཁྱད་ཆོས་ཡོད་པས་སྡེ་མི་ཚང་མས་ལོ་བྷ་ནི་སྡེ་བས་སྐྱེད་སྲིང་བྱས་པ་ཡིན་ལ་མི་ལ་སུན་སྣང་མེད་པར་བྱ་བ་གང་ཞིག་ལ་འཇུས་བསྡད་ན་ནམ་ཞིག་བྱ་བ་དེ་འགྲུབ་སྲིད་པའི་གོ་དོན་རྟོགས་ཡོད་མོད། འོན་ཀྱང་དོན་དངོས་ངང་རྒྱུན་རིང་གི་བྱ་བ་ཞིག་ལ་འཇུས་ནས་དེ་ཉིད་ལེགས་འགྲུབ་བྱུང་བའི་མི་གཅིག་ཀྱང་སྡེ་བ་འདིའི་ནང་དུ་བྱུང་མ་མྱོང་།
  ལོ་བྷས་མི་ལོ་སུམ་ཅུ་ལྷག་གི་རིང་ལ་སྡེ་བའི་སྡེ་དཔོན་གྱི་འགན་ཁུར་ཞིང་། གཞོགས་གཞན་ཞིག་ནས་བཤད་ན་ལོ་བྷས་སྡེ་བ་འདིའི་རིག་གནས་ཡོན་ཏན་ཅུང་ཆོག་པ་དང་། སྡེ་དཔོན་འཁུར་འདོད་ཡོད་པའི་ན་གཞོན་དག་གི་ཕུགས་འདུན་དང་རེ་བའི་རྨི་ལམ་ལ་རྡོག་རྫིས་བཏང་བ་ཡིན། མི་སུ་ཞིག་གིས་ཀྱང་དོན་དངོས་ངང་ཁོ་རང་སྡེ་དཔོན་ལ་འདུག་རྒྱུ་ཞེས་མ་སྨྲས་ཀྱང་མི་མང་བོ་ཞིག་གི་བྱ་བ་བྱེད་སྟངས་དང་། འབྲེལ་བ་འཛིན་སྟངས་ནི་སྡེ་དཔོན་ལ་འདུག་འདོད་ཀྱི་རྣམ་པས་ཁེངས་ཡོད། དེ་བས་ལོ་སུམ་ཅུའི་རྗེས་སུ་སྡེ་དཔོན་ལོ་བྷས་ཀྱང་རང་ཉིད་ལོ་ན་རྒས་པ་དང་། མི་མང་བོ་ཞིག་གི་མདུན་ལམ་ལ་བཀག་རྒྱ་ཐེབས་ཡོད་པ་སོགས་ལ་དམིགས་ཏེ་དངོས་སུ་སྡེ་དཔོན་གྱི་འདུག་གནས་གཞན་ལ་འབུལ་རྒྱུ་བྱས། དེ་ལ་སྡེ་མི་མང་བོ་ཞིག་གིས་ཡིན་མིན་གྱི་ལན་དང་བདེན་མིན་གྱི་སྐད་ཆ་ཅི་ཡང་མ་བཤད་མོད། འོན་ཀྱང་སྡེ་དཔོན་གྱི་ཤ་ཉེ་དག་གིས་ད་དུང་ལོ་འགར་སྡེ་དཔོན་གྱི་འགན་འཁུར་དགོས་པའི་རེ་བ་དངོས་སུ་བཏོན། དོན་ངོ་མར་བཤད་ན་དེ་ལ་ཡང་རྒྱུ་མཚན་མེད་པ་མིན་ཏེ་སྡེ་དཔོན་ལོ་བྷས་བྱ་བ་ཅི་ཡིན་ཡང་ཐོག་མར་ཤ་ཉེ་རིང་ལ་བསམ་བློ་གཏོང་བ་དང་མུག་སྐྱོབ་ལྟ་བུ་ཞིག་ཡིན་ན་ཡང་མང་ཤོས་ཤ་ཉེ་རིང་ལ་ཐོབ་པ་ཡིན་པས་ཤ་ཉེ་དག་ལ་མཚོན་ན་ཇི་འདྲའི་གལ་ཆེ་ཨང་།
  སྡེ་དཔོན་ལོ་བྷ་ལས་འཁྱེར་ངལ་གསོ་བྱས་རྗེས་ཤ་ཉེ་རིང་རྣམས་ཀྱིས་ཐེངས་དུ་མར་ཕྱིར་སྡེ་དཔོན་གྱི་འགན་ལེན་རྒྱུར་སྐུལ་སློང་བྱས་ན་ཡང་། ལོ་བྷས་ཨུ་ཚུགས་ལ་སུས་ཀྱང་འགྲན་མི་ནུས་པས་ཁོ་ཚོའི་རེ་བ་སྟོང་ཟད་དུ་གྱུར་སྟབས་ཚང་མ་དལ་ཅག་གེར་རང་རང་གི་གནས་སུ་དེངས། ཤ་ཉེ་དག་ཕྱིར་སོང་རྗེས་སྡེ་དཔོན་ལ་ཁོམ་དྲག་པའི་འདུ་ཤེས་ཤིག་སྐྱེས་པ་དང་ཆབས་ཅིག་སུན་སྣང་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས། ཁོས་ཐབ་ཀའི་ཡར་སྒྱེད་ནས་དཔྲལ་བར་ལག་པས་བྱིལ་བྱིལ་དང་། སྣ་མདོར་ལག་པས་ཕུར་ཙམ་གྱིས་ཕྱིས་འབྱུང་གི་བྱ་བ་ལ་མནོ་བསམ་ཟབ་མོ་བཏང་། ལོ་མང་བོར་སྡེ་དོན་ཚོ་དོན་ལ་ཡར་རྒྱུགས་མར་རྒྱུགས་བྱས་ཤིང་། ཁོམ་སྐབས་ཉག་ཅིག་ཡོད་པའི་དུས་སྐབས་དག་ཏུ་ཡང་བསམ་བློའི་ནང་དུ་སྡེ་བའི་ཚར་རྒྱུ་མེད་པའི་བྱ་བ་ཆེ་ཆུང་མང་བོར་མགོ་འཁོར་ཏེ་ལུས་སེམས་གཉིས་ཀྱིས་ལྷོད་ལྷོད་ངང་ངལ་ཡག་པོ་ཞིག་གཞི་ནས་གསོ་མ་མྱོང་། ད་ལྟ་ངལ་གསོ་ཡག་པོ་ཞིག་བྱས་ཆོག་པའི་གོ་སྐབས་ཀྱི་དུས་ཚོད་གང་འགར་ཡོད་མོད། འོན་ཀྱང་དེ་ལས་ལྡོག་སྟེ་ཁོ་ལ་ངལ་གསོ་དང་དལ་ཅག་གེར་འདུག་པའི་བསམ་བློ་ཡེ་ནས་མེད་པར་སེམས་ཚེགས་ཤིག་གིས་སེམས་ངོ་ཡོངས་སུ་བཟུང་བས་ཡར་འགྲེང་སྟེ་བསྡད་ན་དེ་མི་བདེ་བ་དང་། མར་བཙོག་ནས་བསྡད་ན་དེ་མི་བདེ་བ་ཞིག་ཏུ་གྱུར།
  སྡེ་དཔོན་ལོ་བྷས་འགན་དབང་གཞན་ལ་ཕུལ་རྗེས་ཀྱི་ལོ་ཕྱེད་ལྷག་གི་རིང་ལ་བསྲན་བཙུགས་ཏེ་རང་ཁྱིམ་གྱི་ལས་ཀ་རྩག་རྩིག་དང་ལུག་ནོར་སོགས་ཀྱི་རྗེས་སུ་དེད་ནས་ཉི་མ་འཕུད་ཐབས་བྱས་མོད། འོན་ཀྱང་ཁོའི་སེམས་ངོས་སུ་ཅི་ཞིག་བོར་སོང་བའམ་ཅི་ཞིག་ལས་རྒྱུ་བརྗེད་སོང་བའི་སྣང་བ་ཞིག་གིས་ཡིད་སེམས་མི་བདེ་བ་རྒྱུན་ཏུ་བྱུང་བས་ད་གཟོད་ཁོས་ཞེ་ལྷོད་ལ་བབས་ནས་རང་ཉིད་ཀྱི་སེམས་ཚེགས་དང་ཡིད་མི་བདེ་བའི་ཕྱོགས་ལ་བསམ་གཞིག་རིང་མོ་ཞིག་བྱས་ཤིང་། མཇུག་མཐར་ད་གཟོད་ཁོ་རང་ཉིད་ལ་ངེས་ཤེས་ཟབ་མོ་ཞིག་བྱུང་བ་ནི་ཁོའི་མི་ཚེའི་ཕྱེད་ཀ་སྡེ་དོན་ཚོ་དོན་ལ་ཟད་པ་དང་། མཐར་གཏུགས་ན་སྡེ་དོན་ཚོ་དོན་ནི་ཁོའི་མི་ཚེའི་དོན་སྙིང་ཞིག་ཏུ་གྱུར་ཡོད་པས་ད་ནི་དེ་དང་ཁ་བྲལ་ན་ཁོ་ནི་རྡོ་ལེབ་ཚ་བོའི་སྟེང་གི་གྲོག་མ་ལྟ་བུ་ཡིན་པས་ཇི་ལྟར་བསྡད་ཀྱང་འདུག་བཟོད་མེད་པས་ཁོས་མཇུག་མཐར་སེམས་ཐག་བཅད་དེ་སྡེ་དཔོན་གྱི་འགན་མེད་ཀྱང་མུ་མཐུད་དུ་སྡེ་དོན་ཚོ་དོན་ལ་རྒྱུགས་རྒྱུའི་སེམས་ཐག་བཅད་ནས་གནམ་ངོ་ཧ་ཅང་དྭངས་པའི་ནངས་མོ་ཞིག་ལ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཕྱོགས་སུ་ཆས།

              བར་ཆ།

  སྡེ་དཔོན་ལོ་བྷས་རེ་བ་རུམ་གང་བཟུང་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དུ་འཛུལ་བ་ན་སྡེ་དཔོན་གསར་བ་དང་རྩིས་གཉེར་བ། ད་དུང་སྡེ་བའི་སྨན་པ་སོགས་མི་འགའ་ལྷན་དུ་འཛོམས་ནས་ཅི་ཞིག་ལ་གྲོས་བྱེད་ཀྱིན་པའི་སྐབས་དང་ཕྲད། སྡེ་དཔོན་ལོ་བྷ་ནང་དུ་སླེབས་པ་ན་ཚང་མ་ཡར་ལངས་ནས་དགའ་བས་ངང་བསུ་མ་བྱས། སྡེ་དཔོན་ལོ་གཞོན་དེས་ཅུང་མཚར་བའི་མིག་མདངས་ཀྱིས་སྡེ་དཔོན་ལོ་བྷ་ལ་བལྟས་ཡོད་ན་ཡང་སྡེ་དཔོན་ལོ་བྷས་དེ་ལ་སྣང་དོགས་ཅི་ཡང་མི་བྱེད་པར་ཐད་ཀར་ཟུར་གྱི་རྐུབ་སྟེགས་ཤིག་གི་སྟེང་དུ་བསྡད་ནས་ཁོ་ཚོའི་ཚོགས་འདུའི་ནང་དོན་ཅི་ཞིག་ཡིན་མིན་དང་། དཀའ་ཁག་ཆེ་མིན། རོགས་བྱེད་ལ་མི་དགོས་མིན་སོགས་དྲིས་ཏེ་ཁོའི་སེམས་དོན་ངོ་མ་གནས་སྐབས་སུ་ལྷང་ལ་མ་ཕུད་པར་རང་ཉམས་མ་ཤོར་བའི་ཚུལ་བསྟན།
སྡེ་དཔོན་ལོ་གཞོན་དེས་སྡེ་དཔོན་ལོ་བྷའི་སྐད་ཆ་མ་གོ་བའམ་ཡང་ན་སྣང་མེད་ཀྱི་སྒོ་ནས་ཕྱིར་སྡེ་དཔོན་ལ་དོན་དག་ཅི་ཞིག་ཡོད་མེད་ཀྱི་སྐོར་དྲིས་ཤིང་། དོན་དག་ཅང་མེད་ན་ཚོགས་འདུ་ལ་བར་ཆད་མི་བཟོ་བའི་རྣམ་འགྱུར་བསྟན་ན་ཡང་སྡེ་དཔོན་ལོ་བྷས་དེ་མ་ཤེས་ཁུལ་གྱིས་འདུག་སྟངས་ཇེ་བདེར་བཏང་ནས་ཁོ་ཚོ་ལ་རོགས་ཅི་ཞིག་བྱེད་དགོས་ན་ཁོས་བྱེད་ཐུབ་པའི་སྐོར་ལབ་ཅིང། ད་དུང་ཁོ་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་ཕྱོགས་ཀྱང་གསལ་བོར་བྱས་ཏེ་བཤད།
  ཚོགས་འདུར་ཞུགས་ཡོད་པའི་མི་ཚང་མས་སྡེ་དཔོན་ལོ་གཞོན་དེའི་གདོང་ལ་ཕུར་ཚུགས་སུ་བལྟས་པ་ན་སྡེ་དཔོན་ལོ་གཞོན་གྱི་གདོང་ལ་འཛུམ་ཞིག་ལངས་ཏེ་སྡེ་དཔོན་ལོ་བྷ་ལ་ཐུགས་རྗེ་མི་དམན་པ་ཞུས་པ་མ་ཟད།
  གལ་ཏེ་ཁོ་ཚོ་ལ་དགོས་མཁོ་ཡོད་ན་དེ་བཞིན་དུ་འོ་བརྒྱལ་ལ་གཏད་ངེས་ཡིན་པའི་སྐད་ཆ་ཞིག་སེམས་སུ་བཞག་ནས་ཕྱིར་འགྲོ་རུ་བཅུག
  སྡེ་དཔོན་ལོ་བྷ་སྡེ་དམངས་ཨུ་ཡོན་ལྷན་ཁང་ནས་སྒོར་བུད་པ་ན་སྔར་ལས་ཡིད་སེམས་སྟོང་སིང་ངེར་ཡིན་པའི་སྣང་བ་ཞིག་སྐྱེས་ཤིང་། མིག་མདུན་གྱི་ཡོད་ཚད་ཀྱང་ཁོའི་དཔྱོད་ཤེས་ཀྱི་རྒྱ་ལས་འགོངས་བཞིན་པའི་ཚོར་བ་ཞིག་ཀྱང་སྐྱེས། མཚམས་ལན་རེར་ཡོད་ཚད་ནི་ཆ་རྒྱས་མེད་པའི་ངང་ན་ཁོའི་མདུན་ཐད་དུ་ཀྲོང་ངེར་འགྱིང་འདུག་པའི་སྣང་བ་ཡང་ཤར།
  སྡེ་དཔོན་ལོ་བྷ་ཕྱིར་ཁྱིམ་དུ་ལོག་པའི་ལམ་བུར་དུ་མགོ་བོ་ནང་ལ་གུག་ཙམ་གྱིས་ཟོག་བཙལ་ཞིག་དང་འདྲ་བར་འདང་རྒྱག་གི་གཏིང་སར་ཚུད་དེ་སྡེ་མི་ཨུ་ཡོན་ལྷན་ཁང་གི་ན་གཞོན་དེ་ཚོའི་གྲལ་དུ་ཁོ་རང་མི་འོས་ཤིང་། ད་ནི་ཡོད་ཚད་སྔོན་དང་མི་འདྲ་བའི་རྣམ་པ་གསར་བར་འགྱུར་འདུག་པས་ཁོ་ལ་དངོས་གནས་ལས་རྒྱུའི་བྱ་བ་ཞིག་མེད་པ་འདྲ་བའི་སྣང་བ་ཞིག་ཀྱང་ཤར། ཡང་འདང་གཞན་ཞིག་བརྒྱབ་ན་དེང་སང་གི་གསར་བུ་མགོ་ཡང་འདི་ཚོ་ལ་ཉམས་མྱོང་ཅི་ཡང་མེད་པར་བྱ་བ་ལས་སྐབས་ཧོལ་རྒྱུགས་བྱེད་རྒྱུར་དགའ་བས་ཁྲིགས་ཁྲིགས་མེད་ན་ཁོ་ཚོ་ལ་བྱ་བའི་སྟེང་གི་ནོར་འཆུག་རེ་བྱུང་སྟེ་ཕྱིར་ཁོ་རང་སྡེ་དཔོན་ལ་བསྐོ་ཡང་སྲིད་སྙམ། ངོ་མ་མི་ལ་ལས་རྒྱུ་ཅི་ཡང་མེད་པར་སྡོད་པ་ནི་མནར་གཅོད་ཅིག་ཡིན་ལ་མནར་གཅོད་དེས་ཉིན་མཚན་མེད་པར་ཁ་སེམས་དཀྲུགས་པས་སྡོད་ཐབས་ཤིག་ག་ལ་ཡོད་སྙམ། ཡུད་ཙམ་གྱི་རྗེས་སུ་ཁོ་རང་ཡུལ་ལ་ཐོན་ཞིང་། མགོའི་ཞྭ་མོ་ཕུད་དེ་དོ་ཆའི་སྟེང་དུ་བཞག་འཕྲལ་ཇ་ཚ་བོ་ཞིག་འཐུང་གིན་སྔར་བཞིན་འདང་རྒྱག་གི་ནང་དུ་ལྷུང་།
  དང་ཐོག་ཅིའི་ཕྱིར་རང་གི་གོ་ས་དེ་རྗེས་རབས་པར་ཕུལ་བ་ཡིན་ནམ། ངོ་མ་རང་གི་བསམ་ཚུལ་དེ་རང་ཉིད་ལ་ཡང་ཡིད་ཆེས་ཐབས་བྲལ། གོ་ས་དེ་ན་དེ་འདྲའི་བདེ་སྐྱིད་ཅིག་ཡོད་པ་དེ་རིང་གི་དུས་དང་གནས་སྐབས་འདི་ལ་ད་གཟོད་གསལ་གསལ་རྗེན་རྗེན་ངང་ལྷང་ལ་འབུད་ཅིང་། དེ་དང་ལྷན་ཅིག་ཏུ་ཡིད་སེམས་བློང་བློང་བོར་འགྱུར་བའི་སེམས་འཚུབ་ཅིག་གིས་མནར་བར་བྱེད་པས་འདི་ནི་ཅི་མ་ཉན་པ་ཡིན་ནམ། ཡང་ན་ང་ལ་གདོན་ཅི་ཞིག་གིས་གཙེས་ཀྱིན་ཡོད་པ་མིན་ནམ། སྔོན་ཆད་དང་བསྡུར་ན་དངོས་གནས་ང་ལ་ཅིག་བྱུང་ཡོད་པ་འདྲ། དེ་མིན་འདི་འདྲ་ཞིག་ཅི་མ་ཉན་པ་ཡིན་ནམ་སོགས་ཡར་མར་བཅོ་བརྒྱད་ལ་བསམ་བློ་བཏང་ནས་སྡེ་དཔོན་ལོ་བྷ་སྔར་ལས་ཀྱང་འདུག་བཟོད་མེད་པར་གྱུར།
  སྡེ་དཔོན་ལོ་བྷས་དེ་མུར་དོ་ཆའི་སྟེང་གི་ཞྭ་མོ་བླངས་ཏེ་ལམ་དུ་ཆས། ད་ནི་ཐད་ཀར་དགོན་པ་བྱ་སྟུག་འདྲ་བོ་དེའི་ཕྱོགས་སུ་ཤར་ལེར་སོང་། ཅང་མ་འགོར་བར་དགོན་པའི་གླིང་བར་དུ་ཐོན་ཞིང་དེ་ན་གནམ་ལྡིང་ས་ལྡིང་བྱེད་ཀྱིན་པའི་བཙུན་ཆུང་ཚོར་དྲིས་རྗེས་ཨ་ཁུ་བསྟན་རྒྱམ་གྱི་གྲ་ཤག་རྙེད། ཨ་ཁུ་བསྟན་རྒྱམ་གྱི་ཤག་སྒོར་ཐོན་མ་ཐག་མགོའི་ཞྭ་མོ་ཕུད་ནས་སྒུར་སྒུར་གྱིས་ནང་དུ་འཇབ་པ་ལྟ་བུའི་ངང་སོང་། ནག་འཐིབ་བེར་ཡོད་པའི་ཁང་བའི་སྦུག་ན་ཨ་ཁུ་བསྟན་རྒྱམ་ཚ་ཐབ་དམའ་མོ་དེའི་སྟེང་དུ་ཀྲོང་ངེར་བཞུགས་ཏེ་མདུན་གྱི་སྒྲོག་ཙེའི་སྒང་ལ་ཆོས་དཔེ་སྣ་རིང་མཐུག་པོ་ཞིག་བཞག་ནས་སྐད་དམའ་མོས་འདོན་བཞིན་འདུག་ལ་གཡས་ཟུར་གྱི་ལྕགས་ཐབ་ན་མེ་འུར་འུར་དུ་འབར། ནང་ཅུང་དོག་ན་ཡང་དྲོད་སྣང་ཞིག་འཁྱིལ་ཡོད་པས་སྡེ་དཔོན་ལོ་བྷ་ལ་རང་དབང་མེད་པར་དད་པ་ཞིག་གམ་སྨེང་སེམས་ཤིག་སྙིང་དབུས་ནས་སྐྱེས།
  ཨ་ཁུ་བསྟན་རྒྱམ་གྱིས་འདོན་མཚམས་བཞག་སྟེ་ཧུར་རེར་སྡེ་དཔོན་གྱི་གདོང་ལ་བལྟས་རྗེས་དེ་མུར་ངོས་ཟིན་ཏེ་ཁོ་ལ་འཚམ་འདྲི་བྱས་ཤིང་། འདུག་ས་ལག་པས་བསྟན། སྡེ་དཔོན་ལོ་བྷས་ལག་ཟུང་ཐལ་མོ་སྦྱར་ཏེ་མགོ་སྒུར་སྒུར་གྱིས་ཨ་ཁུ་བསྟན་རྒྱམ་ལ་འཚམ་འདྲི་བྱས་ཤིང་སེམས་ཆུང་གིས་ཨ་ཁུས་ལག་སྟོན་བྱས་པའི་སྡོད་ས་དེ་རུ་མར་ཙོག་ནས་བསྡད།
ཨ་ཁུ་བསྟན་རྒྱམ་གྱིས་ཆོས་དཔེ་སྣ་རིང་གི་ངོས་སུ་ཡུད་ཙམ་ལ་གཟིགས་རྗེས་ཕྱག་ཟུང་སྙིམ་པར་སྦྱར་ཏེ་མིག་ཟུང་བཙུམ་ནས་གདོང་ཤུགས་དྲག་པོས་གསོལ་འདེབས་གང་རུང་ཞིག་བྱས་མཐར་ཆོས་དཔེ་ཚགས་སྒྲིག་གིས་ཆོས་ཐུམ་སེར་བོ་དེའི་ཁུད་དུ་གཅུད་ནས་ཁོའི་སྔས་གོང་གི་ཆོས་སྒྲོམ་དུ་ནང་དུ་བཞག དེ་ནས་ཨུ་ཧུ་ཞེས་གྲེ་བ་བསལ་བཞིན་ཁ་ལུད་ཅིག་སྒྲོག་ཙེའི་འོག་གི་སྣ་ཕྱི་ཉིས་ལྟེབ་དེའི་བར་དུ་འཕངས་ནས་ཕྱིར་བཞག་རྗེས་ད་གཟོད་ཞེ་ལྷོད་ལ་བབས་ནས་སྡེ་དཔོན་ལོ་བྷ་ལ་འོང་དོན་དྲིས།
  སྡེ་དཔོན་ལོ་བྷས་ཁོ་རང་ཉིད་ཀྱི་ཐོད་པ་ཆེན་པོ་དེའི་ངོས་ན་མར་འགྲིལ་གྱིན་པའི་རྔུལ་ནག་དེ་འབྱིད་ཞོར་ཐོག་མར་ཨ་ཁུ་བསྟན་རྒྱམ་གྱིས་ཆོས་དཔེ་ཀློག་བཞིན་པར་བར་ཆད་བཟོས་པར་དགོངས་དག་ཞུས་ཤིང་དེ་ནས་ཁོས་སྡེ་དཔོན་གྱི་འགན་འཁུར་ཕུད་པའི་རྗེས་ནས་བཟུང་ཁ་སེམས་མི་བདེ་བའི་སྐོར་ཞིབ་རྒྱས་ཤིག་ལབ་པ་ན། ཨ་ཁུ་བསྟན་རྒྱམ་གྱིས་ཕྱག་གི་ཕྲེང་བ་ཉུག་ཙམ་ཉུག་ཙམ་གྱིས་འཛུམ་དམུལ་ལེར་སྡེ་དཔོན་ལ་ཕྱོགས་ནས་དོན་དེ་དེ་འདྲའི་སྐྲག་དགོས་པ་ཞིག་མིན་ལ་གཙོ་བོ་སྡེ་དཔོན་སྔོན་ཆད་མི་མང་ཚོགས་ས་དང་འདུ་ར་མོད་སར་གོམས་པའི་དབང་གིས་དུས་ཡུན་འདི་དག་ལ་གློ་བུར་དུ་ལྷིང་འཇགས་གེའི་འཚོ་བ་དང་ལེན་བྱེད་ཐུབ་ཀྱིན་མེད་པའི་སྐོར་གསུངས་ཤིང་། ད་ནི་ཆེས་བཟང་བོའི་ཐབས་བཀོད་ཅིག་ཡོད་པ་ནི་ཉིན་རེར་ཕྱག་བརྒྱ་རེ་དང་ཁ་ཏོན་གང་རུང་ཞིག་བཏོན་ན་སྐྱོན་ཅི་ཡང་མེད་པའི་སྐོར་གསུངས།
  སྡེ་དཔོན་མི་བསམ་ཤེས་ཡིན་པས་མྱུར་དུ་ཁོ་རང་ཉིད་ལ་ཡང་དེ་འདྲའི་དོགས་པ་ཡོད་པས་ཆེད་དུ་ལུག་རྫི་བྱེད་པ་དང་། ལས་ཀ་ལས་པ། དོན་དག་ཕྲན་ཚེགས་ཀྱི་ཆེད་དུ་ཡང་ཡར་རྒྱུགས་མར་རྒྱུགས་བྱས་པ་སོགས་ཨ་ཁུ་བསྟན་རྒྱམ་ལ་ཞུས་པ་ན་ཨ་ཁུས་དེ་ནི་ཁྱོད་ཀྱི་ལུས་མ་ཁོམ་པ་མ་གཏོགས་སེམས་ཁོམ་འདུག་པས་རྐྱེན་ཡིན་ལ་ངས་ཁྱོད་ལ་ཁ་ཏོན་འདོན་དགོས་ཞེས་པ་ཡང་སེམས་རྣམ་གཡེང་ལ་མི་འགྲོ་བའི་ཆེད་དུའམ་སེམས་ཀྱིས་གཏད་ས་ཞིག་དགོས་པའི་དབང་གིས་དེ་ལྟར་བཤད་པ་ཡིན། ཁྱོད་ལ་རང་གི་བསམ་པའི་ངོས་ན་དམིགས་ས་ཞིག་དགོས་ལ་དེ་ཡང་ཚེ་ཕྱི་མར་ངན་སོང་གསུམ་དུ་མི་སྐྱེ་བའི་ཆེད་དུ་རང་ལ་དེ་ལྟར་དམིགས་ས་ཞིག་དགོས་པ་ཡིན།
  ད་ཁྱོད་ལོ་ཡང་མི་ཆུང་བས་ཚེ་འདི་ཕྱི་གཉིས་ལས་ཕྱི་མ་གཙོ་བོར་འཛིན་རྒྱུ་གལ་ཆེ། སྤྱིར་ན་ཁམས་གསུམ་འཁོར་བ་འདི་ན་རྟག་པའི་ལས་ཤིག་མེད་ལ་སྡུག་བསྔལ་གྱིས་མ་ཁྱབ་པའི་གནས་ཤིག་ཀྱང་མེད་པས་འགྲོ་བ་མི་ལྟ་ཅི། མཐར་ནམ་མཁའི་ལྷ་ལྷ་མོ་ཡང་སྡུག་བསྔལ་ལས་ཐར་ཐབས་མེད་པས་ན་དམ་པའི་ལྷ་ཆོས་ཤིག་སྙིང་ལ་བཅངས་རྒྱུ་ནི་གལ་ཆེ། རང་ཅག་རྣམས་ནི་དགེ་བཅུ་ཚང་བའི་ཡུལ་འདི་འདྲ་ཞིག་ནས་སྐྱེས་ཏེ་ཆོས་ཀྱི་སྙིང་བོ་རེ་མ་ལོན་ན་ཡི་རེ་མུག་ཞེས་ལབ་པ་ན་སྡེ་དཔོན་ལོ་བྷ་ལ་དད་པ་ལྷུག་ལྷུག་ཅིག་སྐྱེས་ཏེ། ཁོས་ཁ་ཏོན་དགེ་སྦྱོར་ཅི་ཞིག་བྱས་ན་བཟང་པའི་སྐོར་ལ་དགོངས་པ་དྲིས། ཨ་ཁུ་བསྟན་རྒྱམ་གྱིས་ངས་གོང་ནས་བཤད་པ་ལྟར་ཕྱག་བརྒྱ་རེ་ཆགས་མེད་དང་། དེ་ནས་སྐྱབས་འགྲོ་ཅི་མང་། ལྟུང་བཤགས་ཚར་འགའ་རེ། སྒྲོལ་མ་ཅི་འགྲུབ་བཏོན་ན་ལེགས་ལ་དེའི་ཕན་ཆད་ན་ཆོས་བྱེད་སྟངས་མང་མོད། གནས་སྐབས་འདི་ཙམ་མ་གཏོགས་ཁྱོད་ཀྱིས་མི་ནུས་ཤིང་། འདི་དག་ལ་བློ་ཁ་ཅུང་ཕྱོགས་པའི་རྗེས་ནས་ཡང་བསྐྱར་སྔོན་འགྲོ་རེ་འཕུད་ཨེ་ཐུབ་བལྟས་ན་རབ་ཡིན་ཞེས་བཤད།
  སྡེ་དཔོན་ལོ་བྷས་ལགས་སོ་ཞེས་མིག་ཆུ་འཛུམ་ལ་ཁད་ཀྱི་རྣམ་འགྱུར་ཞིག་དང་། ཡིད་སེམས་ཡོངས་སུ་བཀུགས་པའི་བཟོ་ལྟ་ཞིག་ཕུད་ནས་ལག་གཉིས་ཀྱིས་ཐལ་མོ་སྦྱར་ཏེ་ངོ་མ་འཁོར་བ་ན་སྐྱིད་ཅིག་མི་འདུག་ཟེར།
  འོ་ཡ་དེ་ཤེས་ན་བཟང་གི སང་ཉིན་ནས་ངས་གོང་དུ་བཤད་པ་ཇི་བཞིན་ཞིག་ཨེ་ཡོང་ལྟོས་དང་། གཅིག་ནས་ཁྱོད་ཀྱི་ཁ་སེམས་བདེ་ཞིང་གཉིས་ནས་ཚེ་ཕྱི་མར་ལམ་བྲོ་ཡང་ཚགས་སུ་ཆུད་པར་བགྱིས་པ་ཡིན། ཨ་ཁུ་བསྟན་རྒྱམ་གྱིས་ཚིག་ཐག་ཆོད་པོའི་ངང་དུ་དེ་ལྟར་བཤད།
  སྡེ་དཔོན་གྱིས་སྙིང་ཁོང་རུས་པའི་གཏིང་ནས་ཨ་ཁུ་བསྟན་རྒྱམ་ལ་བཀའ་དྲིན་བླ་ལྷག་ཏུ་ཞུས་ནས་ཕྱིར་ཡུལ་དུ་ཆས།
  ཉིན་དེ་ནས་བཟུང་སྡེ་དཔོན་གྱི་འགྲོ་འདུག་སྤྱོད་གསུམ་གཞན་ཞིག་ཏུ་འགྱུར་འགོ་བརྩམས་ཤིང་སྔར་ལས་ཀྱང་མི་ཁོམ་པའི་མི་བྲེལ་བ་ཅན་ཞིག་ཏུ་གྱུར།
  སྡེ་དཔོན་ལོ་བྷ་ཕ་ཡུལ་དང་རྒྱང་རིང་བའི་དགེ་བཅུའི་དགོན་པར་ཆེད་དུ་མཇལ་སྐོར་ལ་སོང་། ཉིན་དེར་ཏག་ཏག་དགེ་བཅུའི་དགོན་པའི་མཁན་ཆེན་དགེ་བཅུ་བས་མང་ཚོགས་ཁྲི་སྟོང་བསྡུས་ཏེ་དགེ་བཅུའི་འཆད་ཁྲིད་བྱེད་ཀྱིན་པའི་སྐབས་སུ་འཁེལ། སྡེ་དཔོན་ལོ་བྷ་ལ་བརྗོད་མི་ཤེས་པའི་དགའ་སྤྲོ་དཔག་མེད་ཅིག་སྐྱེས་ཏེ་ལས་བསོད་ནམས་བཟང་བའི་མི་ཚད་རྟེན་འབྲེལ་མ་སྒྲིག་རང་འགྲིག་ཏུ་གྱུར་སོང་སྙམ།
  མི་ཚོགས་ཀྱི་རྦ་རླབས་འཕྱོ་བཞིན་པའི་གོང་རོལ་ཏུ་ཤེལ་གྱི་ཁང་བ་མེ་ཏོག་སྣ་ཚོགས་ཀྱི་ལྡ་ལྡི་ཕྱོགས་གང་སར་དཔྱངས་ཡོད་པའི་དབུས་སུ་སེང་ཁྲི་པད་ཟླས་བརྒྱན་པའི་ཁྲི་མཐོན་པོའི་སྟེང་ན་གོས་ཆེན་སེར་པོ་མནབས་པའི་དགེ་བཅུ་མཁན་པོ་བཞུགས་ཞིང་། མདུན་གྱི་སྟེགས་མཐོན་པོའི་སྟེང་ན་ཆོ་གར་མཁོ་བའི་ཡོ་བྱད་འགའ་དང་དེ་མིན་གློག་དུང་མང་བོ་སྤུངས་ཡོད་པ་ལས་གཞན་སྒྲ་ལེན་འཕྲུལ་ཆས་ཆེ་ཆུང་སྣ་ཚོགས་ཀྱིས་ཁེངས་ཡོད།
  སྡེ་དཔོན་ལོ་བྷས་ཞྭ་མོ་ཕུད་ནས་རུམ་ལ་བཅུག་ཅིང་། གསོལ་འདེབས་དྲག་པོ་ཞིག་དང་ལྷན་དུ་ཕྱག་གསུམ་འཚལ་ནས་ཆོས་ཀྱི་ཞིང་ཁམས་སུ་སླེབས་པའི་སྣང་བ་ཤར་ཞིང་། ལུས་ཡོངས་ལ་ཐུན་མོང་མ་ཡིན་པའི་ཚོར་བ་ཞིག་ཀྱང་རྒྱུ་བར་བྱེད། ཕྱག་འཚལ་བའི་རྗེས་སུ་དེ་ན་དཀྱིལ་ཀྲུང་གིས་བཙོག་སྟེ་དམིགས་པ་རྩེ་གཅིག་ཏུ་གཏད་ནས་གསོལ་འདེབས་དྲག་པོ་བྱེད་ཀྱིན་པའི་བུད་མེད་གཞོན་ནུ་མ་དེའི་གམ་དུ་ཁ་རོག་གེེར་བཙོག
  སྡེ་དཔོན་ལོ་བྷའི་གམ་གྱི་གཞོན་ནུ་མ་དེས་མིག་ཟུང་ཟུམ་ཏེ་ལག་ཟུང་སྙིམ་པར་སྦྱར་ནས་གསོལ་འདེབས་བྱེད་ཀྱིན་ཅུང་ཙམ་ཡང་མི་འགུལ་བར་འདུག་པ་དེས་སྡེ་དཔོན་ལོ་བྷ་ལ་སྔར་ལས་ཀྱང་སེམས་འགུལ་ཐེབས་པར་བྱས་པ་མ་ཟད། ཁོ་ལ་སྔར་ལས་དད་པ་ཇེ་བརྟན་དུ་སོང་སྟེ་སེམས་གཏིང་ནས་ཆོས་བྱེད་རྒྱུའི་རྔམ་འདུན་ཡང་སྔར་ལས་ཇེ་ཆེར་སོང་།
སྐབས་འདིར་དགེ་བཅུ་མཁན་པོ་ཚང་གིས་བཟང་སྤྱོད་གསུང་བཞིན་ཡོད་ལ་མཚམས་མཚམས་སུ་སྤྱན་ཆབ་རེ་བཏོན་ནས་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་པ་སོགས་མང་ཚོགས་ལ་སེམས་འགུལ་བསྐྱེད་པའི་བཤད་པ་རེ་ཟུང་ཡང་བཟང་སྤྱོད་གསུང་བཞིན་པའི་དཀྱུས་སུ་བསྲེས་ནས་རྒྱས་བསྡུས་གང་འཚམ་རེ་གསུང་གིན་ཡོད།
  དེ་རིང་ནི་དགེ་བཅུ་མཁན་པོས་མང་ཚོགས་བསྡུས་ནས་ཆོས་བཤད་བརྒྱབ་པའི་མཇུག་མཐའི་ཉིན་མོ་ཡིན་ལ་དེ་རིང་ནི་དམ་ཚིག་ཁས་བྱེད་དགོས་པའི་ཉིན་མོ་ཡང་ཡིན། དགེ་བཅུ་མཁན་པོས་བསྟན་བདག་སོ་སོས་རང་རང་གི་དགོན་སྡེ་དང་ཡོན་བདག་རྣམས་ལ་དགེ་བ་བཅུ་བོ་ལེགས་པོར་འཛུགས་ཐུབ་ན་ཚེ་འདི་ཕྱི་གཉིས་ཀར་དེ་ལས་ལྷག་པ་ཞིག་མེད་ཚུལ་དང་དེ་རིང་གི་ཁྲོམ་ཚོགས་ན་སྒོ་སྡིག་གཅོད་མཁན༼དེ་ཡང་སྲོག་བཅོད་སྤངས་པ༽དང་རྐུ་གཅོད་མཁན། དེ་བཞིན་སྒོ་གསུམ་པོ་ནས་དགེ་མི་དགེའི་ལས་ལམ་འབྱུང་གིན་ཡོད་པས་དེ་དག་རེ་རེ་བཞིན་ལ་ཁས་ལེན་བྱེད་མཁན་ཡོད་ན་ལག་པ་ཡར་ལ་ཁྱོགས་ཟེར། མི་ཚོགས་ནི་རིག་གསར་སྐབས་ཀྱི་ཡོ་ལང་ཇི་བཞིན་ཡར་ལ་ལངས་ནས་རྡུལ་གཙུབ་ཀྱིན་ལག་པ་གཅིག་ལས་གཅིག་མགྱོགས་པོའི་ངང་མཐོན་པོར་བསྒྲེངས་ཏེ་རྒྱ་མཚོའི་རླབས་སྒྲ་ལྟར་འུར་ལོང་སེ་སོང་། མི་ཚོགས་ལ་འུར་སྒྲ་ཇི་ལྟར་ཆེ་ན་ཡང་གློག་དུང་ནང་གི་དགེ་བཅུ་མཁན་པོའི་གསུང་སྐད་ཀྱིས་ཟིལ་གྱིས་མནན་ཡོད་ལ་མཁན་པོས་ཡང་བསྐྱར་འདིར་ཕེབས་པའི་དད་ལྡན་ཚོ། དེ་ལྟར་འུར་ལངས་མི་དགོས་ལ་ད་ནི་ལག་པ་ཡང་མར་ཕབ་ཏེ་རང་རང་ས་ནས་སེམས་བསམ་པའི་གཏིང་དུ་ཁས་བླངས་ན་ཆོག ང་རང་ཁྱེད་ཅག་ལ་ཡིད་ཆེས་ཟབ་མོ་ཡོད། ཁྱེད་ཅག་གིས་རང་ས་ནས་གསོལ་འདེབས་རྣལ་མོའི་ངང་དུ་དམ་ཚིག་ཁས་བླངས་ན་དེ་ལྟར་འགྲུབ་ཐུབ་པ་ཡང་ཕ་བླ་མས་སྐྱབས་འཇུག་གནང་ངེས་ཡིན། ཁས་ལེན་ཚུལ་ལ་རིགས་གཉིས་ཡོད་དེ། གཅིག་ནི་མི་རང་ཉིད་ཀྱིས་ཁས་ལེན་དགོས་པ་དང་། གཉིས་ནི་རང་རང་གི་སྡེ་བ་སྤྱིའི་ཚབ་བྱས་ནས་ཁས་ལེན་མཁན་ཡོད་ན་ཧ་ཅང་བཟང་།ཞེས་གསུངས། སྐབས་འདིར་སྡེ་དཔོན་ལོ་བྷས་གདུང་ཤུགས་པོས་གསོལ་འདེབས་ཤིག་དང་ལྷན་དུ་སེམས་གཏིང་ནས་རང་ཉིད་ཀྱིས་སྒོ་སྡིག་དང་ཤ་བཅད་པ་མ་ཟད་ངས་སྡེ་བའི་ཚབ་བྱས་ནས་སྡེ་བ་ཡོངས་ཀྱིས་སྒོ་སྡིག་བཅད་པ་ཡིན་ཞེས་ཡང་ཡང་ཤུབ་བུར་བཟློས། དེ་ནས་སྡེ་དཔོན་ལོ་བྷས་དར་ཅིག་གི་རིང་ལ་བསམ་གཞིག་བྱས་ཤིང་། སྡེ་བའི་ཚབ་བྱས་ཏེ་དེ་རིང་དགེ་བཅུ་མཁན་པོ་ཚང་གི་སྐུ་མདུན་ནས་སྒོ་སྡིག་བཅད་པ་འདི་ནི་ཚེ་མཇུག་འདིར་རང་ཉིད་ལ་ལས་སྐལ་ཞིག་ཡོད་པའི་རྟགས་ཡིན་ལ་རླབས་ཆེན་གྱི་དོན་དག་ཅིག་ཡིན་པ་མ་ཟད། གཞན་དམ་པའི་ཆོས་བསྒྲུབ་ན་འདིའི་ཕན་ན་ཅི་ཞིག་ཡོད་སྙམ་ནས་རང་དབང་མེད་པར་དགའ་བ་ཞིག་ཀྱང་ངང་གིས་རྒྱས།
  ཉིན་དེའི་ཕྱི་དྲོར་དགེ་བཅུའི་མཁན་པོའི་ཆོས་འཆད་པའི་བྱ་འགུལ་ཡོངས་སུ་མཇུག་རྫོགས་ཤིང་། གསུང་ཆོས་ལ་ཉན་པར་འོང་བའི་མཇལ་བ་མང་བོ་ཡང་རྡུལ་ནག་ཅིག་གི་སྐྱེལ་མ་དང་ལྷན་དུ་རང་རང་སར་གྲོལ། སྡེ་དཔོན་ལོ་བྷས་ཉིན་གཅིག་ཕྱིར་འགྱངས་བྱས་ཏེ་དགེ་བཅུ་དགོན་པའི་ལྷ་རྟེན་ཆོས་གསུམ་ལ་ཞིབ་མཇལ་ཞིག་བྱས་རྗེས་ཕྱིར་ཡུལ་དུ་ལོག

             སྨད་ཆ།
  
  ད་ལྟ་སྡེ་བ་འདི་ཕྱིའི་འཕེལ་རྒྱས་མགྱོགས་པའི་དུས་རབས་ཉེར་གཅིག་པའི་རླུང་ཡན་དང་ལྷན་དུ་ཕྱོགས་གང་སར་འཕུར་བཞིན་པའམ་འཁུར་བཞིན་ཡོད། སྡེ་བ་འདིར་ཕྱོགས་གཅིག་ནས་དེང་རབས་སློབ་གསོའི་རྗེས་སུ་སྙེག་གིན་ཡོད་ལ་ཕྱོགས་གཞན་ཞིག་ནས་ཕ་མེས་ཡང་མེས་རིང་ནས་བརྒྱུད་འོང་བའི་སྲོལ་རྒྱུན་གྱི་འཚོ་ལུགས་ལ་ཡང་འཇུག་བཞིན་ཡོད། བྱིས་པ་ཚོ་གཅིག་ཀྱང་མ་ལྷག་པར་སློབ་གྲྭར་འགྲོ་བཞིན་པ་ནི་དེང་རབས་སློབ་གསོ་གཙིགས་སུ་འཛིན་བཞིན་པའི་རྟགས་ཡིན་ལ་ལོ་ལོན་ཚོ་མ་ཎི་དུང་སྒྲུབ་དང་དགེ་བཅུ་མཁན་པོ་སོགས་ཀྱི་གསུང་ཆོས་ལ་འཚང་ཁ་ཤིག་ཤིག་གིས་འགྲོ་བཞིན་པ་ནི་སྲོལ་རྒྱུན་ལ་གཙིགས་སུ་འཛིན་བཞིན་པའི་རྟགས་ཡིན།
  ད་ནི་སྡེ་དཔོན་ལོ་བྷ་གླེང་བར་བྱེད། སྡེ་དཔོན་བྷ་ནི་ད་ལྟ་སྡེ་དཔོན་མིན་མོད། ང་ཚོར་གོམས་གཤིས་ཆགས་ཏེ་སྡེ་དཔོན་ལོ་བྷ་ཞེས་འབོད་ཀྱིན་ཡོད་པས་ན། ད་ལྟ་ཡང་མུ་མཐུད་དུ་སྡེ་དཔོན་བྷ་ཞེས་འབོད་རྒྱུ་ཡིན།
  སྡེ་དཔོན་ལོ་བྷ་དགེ་བཅུ་དགོན་པར་མཇལ་བསྐོར་དུ་སོང་སྟེ་ཕྱིར་ཕེབས་པའི་ཕྱི་ཉིན་ནས་བཟུང་ཁོམ་གླགས་བྲལ་བའི་མི་ཞིག་ཏུ་གྱུར། ཐོག་མར་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་སྡེ་དཔོན་གསར་བའི་སྔུན་ལ་སོང་ནས་དགེ་བཅུ་མཁན་པོའི་མདུན་ལས་སྡེ་མི་ཚང་མའི་ཚབ་ཏུ་སྒོ་སྡིག་བཅད་ཟིན་པའི་གནས་ཚུལ་ཡར་ཞུ་བྱས་ཤིང་། དེ་དང་སྦྲགས་ནས་སྒོ་སྡིག་གི་ཉེས་དམིགས་དང་། དེ་བཅད་པའི་ཕན་ཡོན་སོགས་ཞིབ་ཅིང་རྒྱས་པ་ཞིག་བཤད། སྡེ་དཔོན་གསར་བའི་ཚོགས་ཐོག་ཏུ་དེ་ལུགས་ཀུན་ལ་ཁྱབ་བསྒྲགས་བྱེད་རྒྱུ་ཁས་བླངས་མོད། འོན་ཀྱང་སྡེ་བའི་ཁས་ལེན་མིན་བཤད་དཀའ་ནི་རེད་ཅེས་པའི་ཚིག་ཅིག་སྡེ་དཔོན་གྱི་སེམས་སུ་བཞག།
  སྡེ་དཔོན་ལོ་བྷས་དམ་འཛིན་བྱེད་པའི་བྱ་བ་ཉག་ཅིག་ནི་དགོན་གྲོང་གཉིས་ཀྱི་གང་དུ་བྱེད་སྒོ་ཅི་ཞིག་ཡོད་ན་དེ་འཆོར་དུ་མི་འཇུག་ལ་སྡེ་བར་སྲིད་གཞུང་གིས་ཁང་བ་ཕུབ་རྒྱུའི་ལས་གཞི་ཞིག་ཡོད་པ་དེར་ཆེད་དུ་ཚོགས་འདུ་འཚོགས་ཉིན་སྡེ་དཔོན་ལོ་བྷས་ངའོ་དང་བཅས་དངོས་སུ་དགེ་བཅུ་མཁན་པོའི་སྐུ་མདུན་ནས་སྡེ་བ་གང་བོའི་སྒོ་སྡིག་བཅད་ཡོད་པའི་དོན་དག་དེ་ཁྱབ་བསྒྲགས་བྱས། ཉིན་དེར་རྒན་པ་མང་བོ་ཞིག་གིས་སྡེ་དཔོན་གྱིས་སྡེ་བའི་སྒོ་སྡིག་དགེ་བཅུ་མཁན་པོའི་སྐུ་མདུན་དུ་བཅད་པར་མོས་མཐུན་བྱས་ཤིང་། གཞོན་ནུ་འགའ་རེས་མི་འཐད་པའི་ཉམས་ཀྱིས་ནག་ལྡང་གིས་ད་དུང་ཡང་སྡེ་དཔོན་ནས་བརྗེས་ཟིན་པ་ཤེས་ཀྱིན་མེད་པ་འདྲ། ཡང་མིན་ན་ནག་ལྡིང་ཧོན་ལོག་གིན་ཡོད་པ་འདྲ་ཞེས་ཤབ་ཤུབ་རེ་ལབ་ཀྱིན་ཡོད།
  སྡེ་དཔོན་ལོ་བྷས་དགེ་བཅུ་མཁན་པོའི་སྐུ་མདུན་ལས་སྒོ་སྡིག་བཅད་པའི་གནས་ཚུལ་སྡེ་བ་ཡོངས་ལ་ཁྱབ་བསྒྲགས་བྱས་པའི་ཕྱི་ཉིན་ནས་སྡེ་བ་ཡོངས་སུ་གྲགས་འགུལ་མི་ཉུང་བ་ཞིག་བྱུང་ལ་མདོར་བསྡུས་ན་རིགས་གཉིས་སུ་གཏོགས་ཏེ་རྒྱབ་སྐྱོར་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་ནོ།།
  རྒྱབ་སྐྱོར་བྱེད་མཁན་ཚོས་ཆོས་ཤིག་བསྒྲུབ་པ་ལ་ཚད་ཅིག་མེད་པར་བསམས་ཤིང་། སྡེ་བ་གཞན་པས་ཀྱང་སྒོ་སྡིག་བཅད་ཡོད་པས་ན་ཁོག་དཔུང་ལ་རྒྱ་ཡང་བརྩད་ཟིན་པ་མ་ཟད། གཞན་གྱིས་གོ་ན་རྣ་ལ་སྙན་པ་དང་ཚེ་ཕྱི་མར་ཡང་འགྲོ་ལམ་ཞིག་ཡོད་པར་འདོད་པ་དེ་ཡིན། ངོ་རྒོལ་བྱེད་མཁན་ཚོས་ཟ་འཐུང་གི་རང་དབང་དང་། ཆོས་སྒྲུབ་མི་སྒྲུབ་རང་གི་ལག་ན་ཡོད་པས། སུས་ཀྱང་སུའི་ཚབ་བྱེད་མི་ཐུབ་པས་སྒོ་སྡིག་གཅོད་མིན་དེ་རང་གི་དོན་དག་ཅིག་ཡིན་པར་འདོད་པ་དེའོ།
  སྡེ་དཔོན་ལོ་བྷས་ངོ་རྒོལ་བྱེད་མཁན་དག་ལ་ཧ་ཅང་སྒམ་པོའམ་དཀྱེལ་ཆེ་བའི་བཟོ་ལྟའི་ངང་ཁྱོད་ཚོ་ལོཆུང་བས་ད་དུང་བསམ་དེ་འདྲ་ཤེས་ཀྱིན་མེད་པ་དང་། ཆོས་འཇིག་རྟེན་གྱི་བྱ་བ་གང་ལ་ཡང་ལག་ལེན་དང་ཉམས་མྱོང་མང་བོ་མ་བརྒྱུད་ན་གསལ་བོ་ཞིག་མི་ཤེས་པས་སྡེ་བ་སྤྱིའི་བྱ་ལུགས་བྱེད་ལུགས་ལ་རྒྱབ་སྐྱོར་ཡོད་ན་ད་གཟོད་སྡེ་ཕྱི་ནང་གཉིས་ཀའི་མིག་ལ་ཡག་ཅིང་རྣ་ལ་སྙན་པ་ཞིག་ཡིན་ཞེས་སུ་ལ་ཐུག་ན་དེ་ལྟར་སློབ་གསོ་གཏོང་།
  སྡེ་དཔོན་ལོ་བྷས་དགེ་བཅུའི་མཁན་པོའི་སྐུ་མདུན་ལས་སྒོ་སྡིག་བཅད་ནས་ལོ་གཅིག་འགོར་ལ་ཉེ་བའི་སྐབས་སུ་སྡེ་བའི་ནང་དུ་དོན་དག་འདྲ་མིན་སྣ་ཚོགས་ཤིག་བྱུང་། སྒོ་སྡིག་བཅད་ཡོད་ན་ཡང་ཕུག་སྡིག་༼ཁང་བའི་ལྟག་རྒྱབ་བམ་སྦྲའི་ཕུག་ཆོན་སྣེ༽བཅད་མེད་ཅེས་ཁྱིམ་ཚང་ལ་ལ་ཞིག་གིས་དགུན་ཤར་ལུག་བཤས་པ་དང་། ལ་ལ་ཞིག་གིས་རང་ཁྱིམ་གྱི་ཁད་ཉེ་བའི་གད་པ་སོགས་སུ་ལུག་བཤས་ནས་སྒོ་སྡིག་བཅད་པར་སྒྲིག་ལམ་བརྩི་ཁུལ་བགྱིས། འགའ་རེའི་ལུག་ཁྱེར་ནས་རྫོང་མཁར་སོགས་སུ་སོང་སྟེ་ཁ་ཆེ་བར་སྒོར་མོ་བྱིན་ནས་བཤའ་རུ་བཅུག་རྗེས་ཤ་ཁྱེར་ནས་ཡུལ་ལ་ལོག་སྟེ་རང་སྡིག་པ་མེད་པར་འདོད། ལ་ལ་ཞིག་གིས་ལུག་སྒོར་མོ་བདུན་བརྒྱ་བརྒྱད་བརྒྱ་ལྷག་གི་རིན་གྱིས་ཁ་ཆེ་བར་བཙོང་རྗེས་སྒོར་སྟོང་དང་ཁ་ལྷག་བྱིན་ནས་ཕྱིར་ཤ་ཉོས་ཏེ་ཡོང་བ་སོགས་ཡིན།
སྐབས་འདི་དག་ལ་སྡེ་དཔོན་ལོ་བྷར་བྲེལ་བ་ལངས་ཏེ་བརྡ་རྒྱག་པ་ཞིག་དང་འདྲ་བར་ཁྱིམ་ཚང་རེ་རེའི་སྒོ་ཁར་ཉུལ་ནས་དེ་འདྲ་བྱེད་མི་ཉན་པའི་སྐོར་དགེ་བཅུ་མཁན་པོ་ཚང་གི་གསུང་བ་ཇི་བཞིན་བཤད་ན་ཡང་། ཁྱིམ་ཚང་རེ་རེའི་གནས་ཚུལ་མི་གཅིག་ལ་སྡེ་དཔོན་ལོ་བྷར་བསྟན་པའི་རྣམ་འགྱུར་ཡང་ཁ་ཁ་ཡིན། ཁྱིམ་ཚང་ལ་ལས་རང་གི་ཟོག་ལུག་རང་གིས་མ་བཀོལ་བར་ཕར་བཙོང་ནས་དེའི་རིན་གྱིས་ཤ་ཞིག་ཉོས་ན་ངོ་མ་དཀའ་ཚུལ་དང་། ལ་ལས་སྒོ་སྡིག་མ་གཏོགས་ཕུག་སྡིག་བཅད་ཡོད་པ་ཁས་མི་ལེན་ཞིང་སྡེ་དཔོན་གྱི་སྟེང་དུ་ཁོང་ཁྲོ་ཡང་ལངས། འགའ་རེས་ཤ་ཞིག་མེད་ན་ལོ་ལོན་ཚོ་དགོང་མོར་གཉིད་ཀྱང་མི་འོང་ལ་མགོ་ཡུ་ཡང་འཁོར་ནས་ལོག་ལ་ཁད་བྱེད་པས་ཐབས་བཀོད་གཞན་ནི་ཅང་མི་འདུག་ཟེར།
  དྲང་མོར་ལབ་ན་སྡེ་དཔོན་ལོ་བྷ་ཁོ་རང་ཉིད་ལ་མཚོན་ན་ཡང་དཀའ་ཁག་རབ་དང་རིམ་པར་ཕྲད་ཀྱིན་ཡོད། ཁོ་རང་ཤ་བརྔོས་མ་ཟ་རྒྱུར་དགའ་ཞིང་། ལྷག་པར་སྡེ་བའི་མི་གཞན་དག་དང་བསྡུར་ན་ཇ་ཁ་ཆང་ཁ་ནས་ཤ་ཟོས་པ་ཉུང་ཉུང་མིན་པས་གློ་བུར་དུ་འདིའི་ཕྱོགས་ནས་བཀག་སྡོམ་བྱས་ཚེ་ཅུང་བཟོད་བསྲན་བྱེད་དཀའ་བ་ཞིག་ཡིན་ན་ཡང་དད་པ་ཆེ་ན་སྟོབས་ཤུགས་ཆེ་ཞེས་པ་ལྟར་དགེ་བཅུ་མཁན་པོ་ཚང་གི་གསུང་བཤད་དྲན་ཐེངས་རེར་མགོའི་སྤྱི་གཙུག་ནས་རྐང་མཐིལ་བར་དུ་སྟོབས་ཤུགས་ཤིག་བྱུང་སྟེ་ཁས་བླངས་པའི་དམ་ཚིག་སྡོམ་རྒྱུར་སྔར་ལས་ཀྱང་ཇེ་དྲག་ཏུ་གྱུར་བ་མ་ཟད་ལོ་གཅིག་གི་དམ་ཚིག་ཁོ་རང་ཉིད་ཀྱི་ངོས་ཐད་ནས་གཙང་མའི་ངང་མཐར་ཕྱིན།
  སྡེ་བའི་ཧོར་ཟླ་བཞི་བའི་སྨྱུང་གནས་ཆེན་མོའི་མི་ཚོགས་ཀྱི་གོ་སྐབས་བེད་སྤྱད་ནས་སྡེ་དཔོན་ལོ་བྷས་སྒོ་སྡིག་གི་བྱ་བཞག་ཁྱིམ་ཚང་མང་བོ་ཞིག་གིས་འགྲུབ་མ་ཐུབ་པའི་སྐོར་གླེང་ན་ཡང་ད་ནི་ན་གཞོན་ཚོ་ཕར་ཞོག་ལོ་ལོན་ཚོས་ཀྱང་ཉན་ན་འདོད་ཀི་མེད་པའི་ཚུགས་ཀ་བསྟན་ན་ཡང་སྡེ་དཔོན་ལོ་བྷས་དེ་དག་ལ་ཁ་ཡ་ཅི་ཡང་མི་བྱེད་པར་དགེ་བཅུ་མཁན་པོ་ནི་སྲིད་ན་དཀོན་པའི་སངས་རྒྱས་དངོས་ཡིན་པ་དང་། དེའི་གམ་དུ་དམ་བཅོས་ཏེ་འགལ་བ་བྱུང་ན་ཉེས་པ་ལྕི་བ་མ་ཟད། ཚེ་ཕྱི་མའི་ལམ་འཕྲང་ཡང་ཇེ་དོག་ཏུ་འགྲོ་བ་སོགས་ཁོ་རང་གི་ནུས་ཚོད་ཀྱིས་ཤ་བཤད་རྒྱུ་བཤད་བྱས། མཇུག་མཐར་སྒོ་སྡིག་གི་སྒྲིག་ལམ་བརྩི་མ་ཐུབ་པ་ཚོས་ཆད་པ་ཞིག་ཁུར་ན་འོས་པའི་རེ་བ་ཞིག་ཀྱང་བཏོན་ན་ཡང་སྨྱུང་གནས་སུ་ཡོང་ཡོད་པའི་ཕོ་མོ་སུས་ཀྱང་ཁ་མ་གྲགས་པས་ད་གཟོད་སྡེ་དཔོན་ལོ་བྷ་ལ་སྨྲ་བ་བསྙུངས་ཏེ་མི་སྡོད་བྱ་ཐབས་མ་བྱུང་།
  ལོ་གཅིག་འགོར་རྗེས་སུ་སྡེ་བ་སྤྱིས་རང་ཁྱིམ་གྱི་སྒོ་ནས་ལུག་བཤའ་བ་སོགས་ལ་སྣང་དོགས་ཅི་ཡང་མེད་པར་རྒྱུན་སྲོལ་ལྟར་བྱས་ཏེ་སྒོ་སྡིག་ཅེས་པ་ནི་གནའ་གཏམ་ཞིག་གི་དོོད་དུ་ཡང་ལེན་བཞིན་མེད་པར་བརྗེད་ཡོད་པས། སྡེ་དཔོན་ལོ་བྷ་ལ་ཡིད་ཆད་ཐོག་དང་པོ་སྐྱེས་ཏེ་མི་ལ་དབང་གོ་ས་མེད་ན་མིག་ནང་དུ་ཅུང་ཙམ་ཡང་མི་འཇོག་གི་སྙམ་ལ་དེ་དང་ཆབས་ཅིག་ཏུ་རང་ཉིད་ལོ་ན་རྒས་ཀྱིན་པ་ཚོར་ནས་ཁྱིམ་གྱི་ཡར་སྒྱེད་དུ་སྐྲ་བྱི་ནས་ཚར་ཡོད་པའི་ཀླད་པ་སྣུམ་པོ་ལ་ཕུར་ཕུར་གྱིས་བསམ་གཞིག་གི་ཀློང་དུ་འཕྱན།
  སྡེ་དཔོན་ལོ་བྷའི་སྤོབས་པ་དང་། ཨུ་ཚུགས་ཇེ་ཆུང་དུ་འགྲོ་བཞིན་པ་མ་ཟད། ལུས་སྟོབས་ཀྱང་ཇེ་ཞན་དུ་འགྲོ་བཞིན་ཡོད། ཐ་ན་དབང་བོ་ལྔའི་ནུས་པ་ཡང་སྔར་ལྟར་མིན་པར་མངོན་གསལ་གྱིས་ཞན་ནས་ཞན་དུ་འགྱུར་ཀྱིན་ཡོད་པས་དེ་དག་ཐམས་ཅད་ནི་སེམས་ཚེགས་བྱེད་ཡུལ་དུ་གྱུར། སྡེ་དཔོན་ལོ་བྷ་ཚང་གི་ཁྱིམ་མི་ཚང་མས་ཀྱང་དེ་དོན་ཤེས་ནས་ཁོ་ལ་ཤ་ཟས་ན་བཟང་ཚུལ་ལབ་ཀྱང་སྡེ་དཔོན་གྱིས་ལན་ཅི་ཡང་མ་ལྡོན་པར་འདང་རྒྱག་གི་ནང་དུ་ལྷུང་སྟེ་བསྡད། ད་ལྟ་ནི་སྡེ་དཔོན་བྷ་ཁོ་རང་ཉིད་ཀྱིས་ཀྱང་གསལ་བོར་ཤེས་པ་ནི་ལུས་ཟུངས་ཟད་ཀྱིན་པའི་རྒྱུ་རྐྱེན་ཉག་ཅིག་ནི་ཤ་བཅད་པར་ཐུག་ཡོད་པ་དེ་ཡིན། སྡེ་དཔོན་ལོ་བྷས་རང་ཉིད་ཀྱི་གནས་ཚུལ་ཤེས་བཞིན་དུ་ཨུ་ཚུགས་ཨ་འཐས་ཀྱིས་ཤ་ཁ་ལ་མ་རེག་པར་མུ་མཐུད་དུ་དགེ་བཅུ་མཁན་པོ་ཚང་གི་སྐུ་མདུན་ལས་ཁས་བླངས་པའི་སྡོམ་པ་བསྲུང་ཅི་ཐུབ་བྱས་ན་ཡང་ཁོ་ལ་མགོ་ཡུ་འཁོར་ཞིང་། རྐང་གཉིས་ས་རུ་སྤོས་པ་ན་སྒྱིད་པ་འདར་ནས་ལོག་ལ་ཁད་བྱེད་པས་ཡུལ་མི་ཚོས་ཆེད་དུ་སྨན་ཁང་དུ་ཁྱེར།
  སྨན་ཁང་དུ་སྨན་པས་མགོ་མཇུག་བར་གསུམ་དུ་བརྟག་དཔྱད་བྱས་རྗེས་ནད་ཅི་ཡང་མི་འདུག ལུས་ཟུངས་ཟད་ཀྱིན་འདུག རོ་བཅུད་ཕན་སུམ་ཚོགས་པའི་ཟས་ལ་བརྟེན་ན་སྐྱོན་ཅི་ཡང་མི་འདུག་ཅེས་བཤད་ནས་སྡེ་དཔོན་ལོ་བྷ་ཚང་གི་ཁྱིམ་མི་དག་ལ་ཁ་གཏད་དེ་ཁྱོད་ཚོས་ལོ་ལོན་གྱི་ཟ་འཐུང་ལ་ཁ་ཡ་བྱས་པ་མི་བཟང་གི ཕྱིར་ཡུལ་ལ་སོང་ནས་ཤ་དང་ཤ་ཁུ་སོགས་ཆད་དུ་མ་འཇུག དེ་ལྟར་བྱོས་དང་བདུན་ཕྲག་གཅིག་གི་རྗེས་སུ་རང་སར་འབབ་ངེས། ད་དོན་དག་ཅི་ཡང་མེད་ཕྱིར་ཡུལ་ལ་སོངས་དང་ཆོག་ཟེར།
  ཕྱིར་ཡུལ་དུ་སླེབས་འཕྲལ་ཡུལ་མི་ཚོས་སྡེ་དཔོན་ལོ་བྷ་ལ་ཤ་ཟ་དགོས་པའི་སྐུལ་མ་བྱས་མོད། སྡེ་དཔོན་གྱིས་འདི་ལྟར་ཤ་ཟས་ན་ཉེས་པ་ཆེ་ཞིང་། ཁོ་རང་ཚེ་ཕྱི་མར་ཡང་འགྲོ་ས་མེད་པའི་སྐོར་མང་བོ་ལབ་སྟེ་ཨུ་ཚུགས་ཁོ་ན་བྱས། ཡུལ་མི་ཚོས་ཀྱང་ཨུ་ཚུགས་བྱས་ཏེ་དེའི་ཆེད་དུ་སྡིག་བཤགས་བཏོན་ན་ཆོག་ཅིང་། དགེ་འདུན་པ་མང་བོ་གདན་དྲངས་ནས་ལྟུང་བཤགས་དང་། སྡིག་བཤགས་ཀྱི་ཆོ་ག་བསྒྲུབ་ཏུ་བཅུག་ན་ཆོག་པ་སོགས་ཐབས་བརྒྱ་ཇུས་སྟོང་བྱས་པས་ད་གཟོད་སྡེ་དཔོན་ལོ་བྷས་ཤ་ཟ་རྒྱུ་ཁས་ལེན་བྱས།
  སྡེ་དཔོན་ལོ་བྷ་ཚང་གིས་དགེ་འདུན་པ་འགའ་གདན་དྲངས་ནས་སྡིག་བཤགས་བཏོན་ཞིང་། ཁང་བའི་ལྟག་རྒྱབ་ཏུ་བསང་ཆེན་པོ་ཞིག་ཕུད་ནས་ཡུལ་ལྷ་གཞི་བདག་དང་། ཆོས་སྐྱོང་སྲུང་མ། སངས་རྒྱས་དཀོན་མཆོག་སོགས་ལ་སྡེ་དཔོན་ལོ་བྷས་ཤ་ཟས་ཏེ་ཉེས་པ་བསགས་པར་དགོངས་གནང་ཞིག་སྟེར་དགོས་པའི་གསོལ་འདེབས་མང་བོ་ཞིག་བྱས། སྡེ་དཔོན་རང་ཉིད་ཀྱིས་ཀྱང་དགེ་འདུན་པ་རྣམས་ཀྱི་ཞོལ་ནས་པུས་མོ་གཉིས་ཀ་ས་རུ་བཙུགས་ཏེ་མགོ་མར་སྒུར་ནས་ལག་པ་གཉིས་ཀ་ཐལ་སྦྱར་གྱིས་སྡིག་པ་འདག་པའི་ཆེད་དུ་རྩེ་གཅིག་ཏུ་གསོལ་འདེབས་བྱས།
  རིམ་གྲོ་སྣ་ཚོགས་བསྒྲུབས་ཚར་རྗེས་སྡེ་དཔོན་ཚང་གིས་ཀྱང་ད་གཟོད་སྡེ་བ་ཡོངས་དང་མཐུན་པར་ཁང་སྒོ་ནས་ལུག་བཤས་ཤིང་། སྡེ་དཔོན་ལོ་བྷའི་ལུས་པོ་ཡང་རིམ་གྱིས་སླར་གསོ་བྱུང་སྟེ་སྔོན་ལྟར་སྡེ་བའི་རྒན་པ་ཚོ་དང་འདྲ་བར་བྱ་འགུལ་མང་བོའི་ནང་དུ་ཞུགས་ན་ཡང་སེམས་སུ་རྣམ་རྟོག་ཅིག་ཡལ་རྒྱུ་མེད་པ་ནི་ཤ་ཟས་པའི་ཉེས་པ་དེ་ཡིན་པས་ཡིད་མི་བདེ་བ་རྒྱུན་དུ་བྱུང་། དུས་འདིར་ཡུལ་ཕྱོགས་འདིར་ཆར་རླུང་ཇི་བཞིན་བྱ་བ་གསར་བ་ཞིག་འབྱུང་བཞིན་པ་ནི་དགེ་བཅུ་མཁན་པོ་ཚང་གི་བཀའ་མངགས་བཞིན་སྤྲུལ་སྐུ་འགའ་རེས་མི་ཚོགས་བསྡུས་ནས་མ་ཎི་དུང་སྒྲུབ་ཅེས་པའི་བྱ་འགུལ་ཞིག་ཉིན་མཚན་ཁོར་མོ་ཡུག་ཏུ་སྤེལ་བཞིན་ཡོད་པ་དེ་ཡིན།
  སྡེ་དཔོན་ལོ་བྷ་ལ་མཚོན་ན་འདི་ནི་འདོད་ཐོག་ཏུ་རྟ་རྒྱུགས་པ་ཡིན་ཏེ། ཤ་ཟོས་པའི་ཉེས་པ་འདག་ཐབས་ལ་འདི་ལས་བཟང་བ་ཞིག་གང་ན་ཡོད་སྙམ་སྟེ་དེ་མུར་སྡེ་འདབས་ཀྱི་དགོན་སྡེ་རུ་འཚོགས་ཡོད་པའི་མ་ཎི་དུང་སྒྲུབ་ཀྱི་གྲལ་དུ་ཞུགས་ནས་རང་ཉིད་ལ་བྱང་ཆ་ཡོད་པའི་མ་ཎི་ཡིག་དྲུག་ངག་རྟ་སྙན་མོ་ལ་དྲངས་ནས་ཤར་ཤར་དུ་བཏོན།
མ་ཎི་དུང་སྒྲུབ་ཀྱི་ཡུལ་དངོས་འདིར་མ་ཎི་འདོན་རྒྱུ་ལས་ད་དུང་འགན་འཁུར་གཞན་ཞིག་ཡོད་པ་ནི་ཕ་སྐད་སྦྱོང་རྒྱུ་དེ་ཡིན།
  སྡེ་དཔོན་ལོ་བྷས་ཕྱོགས་གཅིག་ནས་ཕྲེང་བ་བགྲང་བཞིན་མ་ཎི་བཏོན། ཕྱོགས་གཅིག་ནས་ཕ་སྐད་ལ་སློབ་གཉེར་བྱས། མ་ཎི་འགའ་རེ་བཏོན་རྗེས་ཆུས་ཁྲེ་ཞེས་ན་རླངས་འཁོར་ཡིན། རླངས་འཁོར་ཞེས་ན་ཆུས་ཁྲེ་ཡིན།
  མོ་ཐོ་ཞེས་ན་སྦག་སྦག་ཡིན། སྦག་སྦག་ཞེས་ན་མོ་ཐོ་ཡིན། མོ་ཐོ་ཞེས་ན་སྦག་སྦག་ཡིན། ཨོ་མ་ཎི་ཞེས་ཡང་ནས་ཡང་དུ་ཟློ་བཞིན་པ་དེའོ།།
                                           2013ལོར་བྲིས། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྡེ་དཔོན་ལོ་བྷ།

2015-02-12 དྭངས་ཟིལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།