གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱངས་ཅན།

2015-04-15 15:59:10 གཡུ་ཆུང་། ཀློག་གྲངས། མཆན ཡོད།


  “རང་ཚུགས་མེད་པའི་སྐྱེས་པ་ཞིག་དང་འདྲ”གློ་བུར་དུ་འཐིབས་པའི་གནམ་ངོ་ལ་ལྟ་ཞོར་མོས་དེ་ལྟར་བསམ། ལག་གི་ཁོ་ཧྥེ་ཤོག་ཕོར་སྟོང་བ་དེ་བཙིར་ནས་ཁེབས་ཀྱང་ཤོར་འདུག
  ལོ་གཅིག་སྔོན་གྱི་ཉི་མ་འདིར། མོས་ཁོ་ལ་ལུས་ངག་ཡིད་གསུམ་ཕུལ། མཚན་མོ་དེར་ཁོ་ཆང་རག་གིས་བད་དེ། ངག་ནས་ཚིག་གི་མགོ་རྔ་མི་ཐོན་ཡང་། མོ་རང་མཐོང་རྗེས། དབང་བོ་ཇེ་གསལ་དུ་གྱུར་ཏེ། ཁོག་སྨད་དང་བྲང་གཞུང་ནས་བཀག་ཀྱང་མི་ཁོགས་པའི་ཆགས་པའི་མེ་རྟ་དམར་མོ་ཞིག་ལྷབ་ལྷུབ་མཆེད་དེ་ལུས་ཡོངས་སུ་ཁྱབ། ཁོས་ཚམ་ཚོམ་མེད་པར་མོའི་ལག་མགོ་ནས་བཟུང་སྟེ་འུར་ཟིང་གི་ཁང་པ་དེ་ལས་སྒོ་ཕྱིར་ཁྲིད་ཅིང་། གོམས་ཞེང་ཆེན་པོས་ལམ་འགྲམ་དེད་ནས་སོང་། མོས་ཤུགས་ཀྱིས་ཕྱི་ལ་འཐེན་ནས་ཅི་རེད། ཅི་རེད། གང་ལ་འགྲོ གང་ལ་་་ཟེར་སྐབས་ཁོ་གློ་བུར་དུ་ཁ་འཕྱིར་འཁོར་ནས་མོ་ལ་ཁ་མགུ་གང་བ་ཞིག་བསྐྱལ་བ་དང་། གང་ལ་འགྲོ་ན་འགྲོ་ཞེས་བཤད།
  མོས་སྲང་འགྲམ་གྱི་ཁོ་ཧྥེ་ཁང་དེར་ཁོ་ལ་བསྒུགས། ཏག་ཏག་ཆུ་ཚོད་གཉིས་འགོར་རྗེས་སུ་དེ་སྔོན་ཁ་གཏན་འདུག་པའི་ཁ་པར་ཨང་གྲངས་དེ་ལས་འཕྲིན་ཞིག་འབྱོར། མོས་འཕྲིན་ལ་མ་བལྟས་པར་འཕྲལ་དུ་ཁ་པར་ཕྱིར་བཏང་དུས་ཡང་བསྐྱར་སྒོ་གཏན་འདུག མོས་ཕ་རོལ་བོས་ཁ་པར་གྱི་སྒོ་གཏན་འདུག་ཞེས་པའི་རྣ་ལ་བྱང་བའི་སྒྲ་དེར་ཉན་ཞོར་སྒེའུའི་ཕྱི་རོལ་གྱི་ནམ་མཁར་བལྟས། ཆུ་ཚོད་གཅིག་སྔོན་གྱི་མཁའ་དབྱིངས་སྔོན་པོ་དེ་ད་ནི་བང་རིམ་ཡང་བསྲེས་འདུག་པའི་སྤྲིན་ནག་གི་རྫོང་མཐུག་པོས་བཏུམས་འདུག་ཅིང་། ཆར་གྱི་ཐིགས་པ་དང་པོ་དེ་ཐད་ཀར་མོའི་མིག་མདུན་གྱི་སྒེའུའི་སྟེང་ལྷུང་།
  ལོ་གཅིག་སྔོན་གྱི་ཉི་མ་དེའི་ཕྱི་ཉིན་ཞོགས་པར། རྒྱལ་སྲས་མགྲོན་ཁང་ཁེར་ཐོག་གི་ཁང་མིག102ཀྱི་ཉལ་ཁྲིའི་སྟེང་ནས་མོས་གམ་ན་ཕར་འཁོར་ནས་གཉིད་འདུག་པའི་སྐྱེས་པ་དེའི་སྒལ་གཞུང་དུ་སོར་རྩེ་ཡར་མར་ལ་ཡང་མོས་དྲུད། རྩི་ཤིང་གི་རྩེ་མོས་ངོ་གདོང་ལ་རེག་པ་ལྟ་བུས་ཚོར་བ་དེས་ཁོ་རང་སད་མོད། སྔར་བཞིན་འགུལ་མེད་དུ་སྡོད་ཅིང་། ཅུང་ཙམ་གྱིས“དགོངས་དག མདང་ནུབ་ང་རང་་་”ཁོས་ཅི་ཞིག་བཤད་སྐབས། མོས་མྱུར་བར་རྩི་ཤིང་གི་རྩེ་མོའི་ཕོན་པོ་དེས་ཁོའི་ཁ་བསུམ་ཞིང་། ཕྱི་ཕྱོགས་ནས་ཡར་དགྱེས་འོངས་ཏེ་ཁོའི་ཟ་འགྲམ་ལ་ཁ་ཞིག་བསྐྱལ། བཤད་ན་ཀུ་རེ་དང་ཡང་འདྲ་སྟེ། བཤད་འཕྲོར་ལུས་པའི་སྐད་ཆ་དང་གློ་བུར་བའི་འོ་དེ་ནི་དེ་རིང་གི་ཡོད་ཚད་འདིའི་རྐྱེན་ཏུ་གྱུར། ཐ་ན་ཆར་གྱི་ཐིགས་པ་དང་པོ་དེ་སྤྱི་གླིང་ནང་གི་མེ་ཏོག་གི་འདབ་མ་ཆེན་པོ་དེ་ཚོ་དང་ཡང་ན་ཤར་ནས་ནུབ་ཏུ་འཐེན་པའི་གཞུང་ལམ་ཆེན་པོ་དེའི་སྟེང་མ་ལྷུང་བར་ཐད་ཀར་ཁོ་ཧྥེ་ཁང་དེའི་དབྱངས་ཅན་འདུག་སའི་གཡས་ཀྱི་སྒེའུའི་དེའི་སྟེང་ལྷུང་དོན་ཀྱང་དེ་ཡིན་པ་ལྟ་བུ་ཞིག་ཏུ་གྱུར་ཡོད།
  བཤད་འཕྲོར་ལུས་པའི་སྐད་ཆ་དང་གློ་བུར་བའི་འོ་དེས་ཁོ་གཉིས་ཏག་ཏག་ལོ་གཅིག་གི་རིང་ལ། ཡང་ཡང་ཉལ་ཁྲི་གཅིག་གི་སྟེང་ཉལ་དུ་བཅུག ཁྲུས་རྫིང་གཅིག་སྤྱོད་དུ་བཅུག ཁོ་གཉིས་མི་གཅིག་ཏུ་བཏང་། ད་ལྟ་བལྟས་འོངས་ན་ཁོ་གཉིས་མི་གཅིག་ཏུ་གྱུར་ཡོད་སྙམ་མཁན་ནི་དབྱངས་ཅན་མོ་གཅིག་པུ་ཡིན་འདུག དོན་དམ་དུ། མོས་སྔོན་ཆད་ཀྱང་མོ་དང་སྐྱེས་པ་གཞན་ཞིག་མི་གཅིག་ཏུ་གྱུར་ཡོད་སྙམ་མྱོང་།
  དེ་ནི་སློབ་ཆེན་ལོ་རིམ་དང་པོ་སྟེ། མོ་རང་ལོ་ཉེར་གཅིག་ཡིན་པའི་ཕྱི་དྲོ་ཞིག་ལ། ལག་འཁྱེར་ཁ་པར་ཨང་གྲངས་མཇུག་ཏུ4444ཅན་ཞིག་གིས་མོ་ལ“ཁྱོད་དབྱངས་ཅན་ཡིན་ནམ”ཞེས་པའི་འཕྲིན་ཐུང་ཞིག་འབྱོར། མོས་ཁ་པར་ཨང་གྲངས་འདི་འདྲ་ཞིག་འཛིན་མཁན་ནི་སུ་ཡིན་ནམ་སྙམ་ནས་མཚར་སྣང་སྐྱེས་ཏེ“ཡིན། ཁྱེད་རང་སུ་ཡིན”ཞེས་ཕྱིར་དྲིས། དེ་ནས་བཟུང་མཚར་སྣང་དེས་ཆུ་སྣ་ཕྲ་མོ་ཞིག་དང་འདྲ་བར་མོ་རང་ཁྲིད་དེ་མི་མངོན་པའི་རྒྱང་དུ་ཆས།
ཟླ་བ་འགར་ཕན་ཚུན་ལ་ཡི་གེ་བསྐུར་རྗེས། ཁོ་གཉིས་ཀ་སློབ་གྲྭའི་སྒོ་ཁ་ནས་འཕྲད་རྒྱུ་བྱས། ཉིན་དེར་མོའི་སྙིང་ནི་ལུ་གུ་བཞིན་ལྡིང་ནས་མར་འབབ་མ་ཐུབ། དེས་མོས་དགའ་རོགས་ཐོག་མ་དང་དུས་བཏབ་པའི་ཉིན་མོ་དེ་དྲན་པར་བྱས།
  མོས་སློབ་གྲྭའི་ནང་ཕྱོགས་སུ་བལྟས་ནས་ངོ་མི་ཤེས་པའི་ངོ་ཤེས་ཁོ་རང་ཡོང་བར་བསྒུགས། འོན་ཏེ་ཅུང་ཙམ་ནས་སློབ་གྲྭའི་ནང་རོལ་ནས་མ་ཡིན་པར། ཕྱི་རོལ་ནས་རླངས་འཁོར་ནག་པོ་ཞིག་སློབ་གྲྭའི་སྒོ་འགྲམ་དུ་བསླེབས་པ་དང་ནང་ནས་མི་ཞིག་གིས་དབྱངས་ཅན། དབྱངས་ཅན་ཞེས་བོས། མོས་ཤ་གསེང་སྦྲིད་པར་གྱུར། ཁོ་རང་ནི་མོས་སློབ་ཆེན་ལ་རྒྱུགས་འཕྲོད་རྗེས་ནང་མི་དང་ལྷན་དུ་མཇལ་སྐོར་དུ་སོང་དུས་མཇལ་མྱོང་པའི་ལོ་དགོན་པའི་སྤྲུལ་སྐུ་ཐོག་འཛིན་རེད་འདུག ཁོས་སླར་ཡང་དབྱངས་ཅན་ཞེས་བོས་པས། མོ་རང་དེར་དབང་མེད་དུ་འགྲོ་དགོས་པར་གྱུར་བ་དང་རླངས་འཁོར་དུ་བུད་ཟེར་དུས་ཀྱང་དེ་ལྟར་བྱེད་དགོས་པར་གྱུར།
  ཁོང་གིས་མོའི་སེམས་བདེ་རུ་འབབ་ཆེད་དུ་ཟ་ཁང་དེར་ཁོང་གི་སྐུ་ཕྲེང་གོང་མའི་ཕྱག་ལེན་གྱི་དབང་གིས་ཁོང་སྐྱ་བོའི་ཚུལ་དུ་ཡོད་པའི་སྐོར་དང་ཟླ་འགའི་སྔོན་གྱི་ཉིན་དེར་དབྱངས་ཅན་ནང་མི་དང་ལྷན་དུ་མཇལ་དུ་ཡོང་དུས་ནས་བཟུང་རྨི་ལྟས་འདི་དང་གན་ཤར་ཚུལ་སོགས་བཤད་པས་མོའི་སེམས་ཀྱང་བདེ་ལ་བབས་ཤིང་། ཨ་ཕྱིས་ནམ་རྒྱུན་སྤྲུལ་སྐུའི་མཛད་པ་ཞེས་ཡང་ཡང་བཟློ་བ་དེ་ཡིད་ལ་ཤར། ཁོང་ཕེབས་ཁར་ལག་འཁྱེར་གསར་པ་ཞིག་མོ་ལ་བྱིན་ནས་འདི་སྦྱིན་བདག་ཞིག་གིས་ང་ལ་བྱིན་པ་རེད། ང་ལ་ནི་དགོས་དོན་མེད་པས་ད་ཁྱོད་ཀྱིས་ཟུངས་ཞེས་ཨུ་ཚུགས་ཆེན་པོས་མོའི་ཕྲག་ཁུག་ཏུ་བཅུག དེ་ནས་བཟུང་ཁོ་གཉིས་ཡང་ཡང་ཟ་ཁང་དེར་འཛོམས། ཁོས་དུ་ཆང་མི་རོལ་ཅིང་དཀར་ཟས་རྐྱང་བ་ལས་ཤ་ཡང་མི་བཟའ་བས་དབྱངས་ཅན་གྱིས་སྤྲུལ་སྐུའི་མཛད་པ་ཞེས་པའི་ཨ་ཕྱིའི་གཏམ་དེ་ཡང་ཡང་ཡིད་ལ་འཆར་གྱིན་ཡོད། མཐར་དབྱངས་ཅན་གྱི་ཨང་གྲངས་ཡང་ཁོས་ཨུ་ཚུགས་བྱས་པ་ལྟར3333དུ་བརྗེས། ཨང་གྲངས་ཆ་མཚུངས་པ་དེ་དག་ནི་ལོ་སྡེ་བས་ཁོ་རང་ཇ་ཞུས་བྱེད་ཐེངས་ཤིག་ལ་ཕུལ་བའི་འབུལ་བ་ལས་ཤད་ཅིག་བཙོང་བའི་རིན་གྱིས་ཉོས་པ་ཡིན།
  སླར་ཡང་མོས་བླ་མའི་མཛད་པ་ཟེར་བ་དེ་ཡིད་ལ་ཤར་སྐབས་ནི་ཉལ་ཁྲི་ཆེན་པོ་ཞིག་གི་སྟེང་ཡིན། མོས་སྔོན་ཆད་དགའ་རོགས་ཐོག་མ་དེས་མོ་ལ་ཉལ་དགོས་པའི་རེ་བ་བཏོན་དུས་མོས་ཁས་མ་བླངས་པས། ཕྱི་ཉིན་ནས་མོ་དང་འབྲེལ་བ་བཅད་མྱོང་བ་ཡིད་ལ་འཁོར་ནས། དགོང་མོ་དེར་སྤྲུལ་སྐུས་རེ་བ་བཏོན་དུས་མོས་ཁས་བླངས་པར་གྱུར། སྤྲུལ་སྐུས་ཁོ་བོས་ཆང་མི་མཐུང་ཡང་། དོ་ནུབ་སྔགས་ཆང་ཞིག་གྲྭ་སྒྲིག་བྱས་ཡོད་འཐུང་ངོ་ཟེར། མོས་ཀྱང་འཐུང་དགོས་པའི་བཀའ་བསྒོས། སྔགས་ཆང་ཡིན་ཟེར་བའི་ཆང་ཁ་མོ་དེ་མོའི་རྩ་ལ་འཕྲལ་དུ་ཞགས་པས། ནམ་ཞིག་འཕྲུལ་སྣང་རི་བོས་ནོན་པ་ལྟ་བུ་དང་། ལུས་པོ་ཚལ་བར་གས་པ་ལྟ་བུ། སྤྲིན་གྱི་ཕང་ན་འཕྱོ་བ་ལྟ་བུ། སྦྲང་རྩི་ནུར་ནུར་བབས་པ་ལྟ་བུ་སྤེལ་མར་སྐྱེས་པས་སྤྲུལ་སྐུའི་མཛད་པ་ཞེས་པ་དེ་ཡིད་ལ་ཤར་བར་མ་ཟད་སྒྲ་ཡང་རྣ་ལམ་དུ་གྲག
  དེ་ལྟར་སྤྲུལ་སྐུའི་མཛད་པ་མཐའ་མ་འདི་ཉལ་ཁྲི་ཆེན་པོ་དེར་ཟླ་འགའི་རིང་ཐེངས་དུ་མར་བསྟན། ཐེངས་རེ་རེར་མོས་དགའ་བདེའི་ཀློང་དུ་འབྱམས་ནས་ཉལ་ཁྲི་ཆེན་པོ་སྟེང་གི་ཁོ་གཉིས་མི་གཅིག་ཏུ་གྱུར་བའི་ཚོར་བ་ཡང་ཡང་བྱིན། ཐེངས་ཤིག་གི་སྔ་དྲོར་མོ་རང་ཁོའི་མགུལ་དུ་འཐམས་ནས་གལ་སྲིད་ཁྱོད་ལ་བུ་ཞིག་བྱུང་ན་ཁྱེད་ཀྱིས་མིང་ཅི་འདོགས་ཞེས་དྲིས། ཁོས“གལ་སྲིད་ང་ལ་བུ་ཞིག་བྱུང་ན་་་”ཞེས་ཞེ་ལྷོད་པོས་འཕྲོ་བསྐྱངས་ཤིང་། ཅུང་ཙམ་ནས་གློ་བུར་དུ་སད་པ་ལྟར་མགོ་བོ་ཡར་དགྱེས་ནས “ཅི་ཟེར། དེ་གཏན་ནས་མི་ཆོག དཔེ་མི་སྲིད་པ་ཞིག་རེད། ཁྱོད་བརྟག་དཔྱད་བྱེད་དུ་སོང་བ་ཡིན་ནམ། ”ཞེས་དྲིས། མོས་མགོ་བོ་ནང་དུ་ལྡེམ་ཙམ་བྱས།
  ཁོས་ཡར་ལངས་ནས་རྒྱབ་ཁུག་ལས་ལྕགས་སྒམ་ལེབ་མོ་ཆུང་ངུ་ཞིག་བླངས་པ་དང་སྨིན་མ་གཉིས་སྨིན་དབྲག་ཏུ་བསྡུ་ཞོར་དེས་ཁ་ཕྱེས། དེ་རུ་མེ་ཆ་སེར་པོ་ཞིག་དང་ཐ་མག་རྐང་ཐུར་བཅུ་གྲངས་ཙམ་གྲལ་བསྒྲིགས་ནས་ཡོད་པ་དང་། ཁོས་དེ་ལས་གཅིག་བླངས་ཏེ་མེ་ལ་བསྒྲོན། ཁོའི་ཁ་ནས་དུ་བ་སྔོ་ལང་ངེ་བ་ཞིག་ཐོན་པ་དང་དུ་བ་སྔོ་ལང་ངེ་བ་དེའི་གསེབ་ནས་ཁོས་མུ་མཐུད་དུ་སྨིན་མ་གཉིས་སྨིན་དབྲག་ཏུ་བསྡུས་ཏེ་ཁ་རོག་གེར་འདུག དེ་ནི་བསམ་བློ་བ་ཆེན་པོ་ཞིག་གིས་འཇིག་རྟེན་འདིའི་ཐོག་མ་ཆགས་ཚུལ་ལ་བསམ་བློ་གཏོང་བ་དང་འདྲ། མཚམས་ཤིག་མོས་ཁོས་དུ་བ་འཐེན་པ་ལ་མི་རློམ་པ་ལྟར་ཅེར་འདུག་པ་ཚོར་ནས། སྐབས་སྐབས་སུ་མ་གཏོགས་འཐེན་གིན་མེད་ཟེར།
  ཁོས་ཁོག་སྟོད་གཅེར་བུར་བུད་ཅིང་ཁོག་སྨད་ཁྲུས་ཕྱིས་དཀར་པོ་ཞིག་གིས་གཅུད་ཡོད་ལ་སྐྲ་ལོ་ཤད་ནས་ལྟག་རྒྱབ་ཏུ་མདུད་འདུག་ཅིང་། ཉལ་ཁྲི་ཆེན་པོ་དེའི་སྟེང་ལ་རྒྱབ་བསྙེས་ནས་སྔར་བཞིན་དུ་བ་འཐེན། “ད་དུང་དེ་ལྟར་བྱེད་པའི་དུས་ལ་ཐོན་མེད། དེས་ཁྱོད་ཀྱི་སློབ་སྦྱོང་གི་མདུན་ལམ་ལ་གནོད། དེས་འུ་གཉིས་ཀྱི་མདུན་ལམ་ལ་གནོད། ང་མི་རིང་བར་སྲིད་གྲོས་ནང་ལ་ཞུགས་ཐུབ་པས་་་ ་་་དེང་སང་དེའི་ཕྱོགས་ལ་སྨན་ཡང་ཡོད”ཁོས་སྐད་ཆ་མགོ་རྔ་མེད་པ་ཞིག་བཤད་པ་དང་། ནམ་རྒྱུན་གྱི་སྐུ་སྐྱེ་མཛུམ་ཁ་བག་ལྷོད་པོ་ཅན་དེ་ཇ་འཐུང་ཡུན་ཙམ་ཡང་མ་དགོས་པར་རྒྱན་ཤོར་བའི་ཚོང་བ་ཆུང་ཆུང་ཞིག་ལྟར་འཚབ་ཅིང་སེམས་མི་སྐྱིད་པ་ཆགས་ནས་དུ་བ་རྔུབས་འཐེན་བྱས།
  ཁོས་གྱོན་པ་གྱོན་རྗེས་ཆུ་ཞིག་ཉོས་ནས་ཕྱིར་ཡོང་ཟེར། ངོ་གདོང་སྔར་བཞིན་རྒྱན་ཤོར་བའི་ཚོང་བ་ཆུང་ཆུང་ཞིག་ལྟར་མདངས་ཉམས་ཤིང་ཟུངས་ཟད། ཁོ་མོས་མཆུ་ཏོ་འཇོང་འཇོང་བྱས་ཏེ་འགྲོ་ཁར་མོ་ལ་འོ་ཞིག་བྱོས་ལ་སོང་ཞེས་པའི་བརྡ་བསྟན། དེ་ནི་ཁོས་རླངས་འཁོར་གྱིས་མོ་རང་སློབ་གྲྭར་སྐྱེལ་ཐེངས་རེར་མོས་འཁྲེང་ཚུལ་སྟོན་པ་ཞིག་ཡིན་ལ། ཁོ་ཡང་དེར་ཤིན་ཏུ་དགའ་བོ་ཡོད།
སྲོག་ཆགས་ཁྲོད་ཕོའི་རིགས་འདི་མོའི་རིགས་ཀྱིས་འབྲལ་དཀའ་བའི་བཟོ་བསྟན་དུས་ངའོ་སྙམ་པའི་བློ་རྒྱུ་མཚན་མེད་པ་ཞིག་སྐྱེས་པའི་ཆ་ནས་ཤིན་ཏུ་འདྲ་བོ་ཡོད་ཅིང་། དེའི་སྐབས་ཀྱི་སྐར་ཆ་དེ་དག་གི་རིང་ལ་ཤེས་པ་དེ་ཆགས་སྲེད་དང་ང་རྒྱལ་གྱིས་འཐོམས་ནས་ཡོད་པའང་ཤིན་ཏུ་འདྲ། འོན་ཀྱང་དེ་རིང་ཁོའི་སེམས་འཁྲུག་ནས་དེའི་འདོད་པ་མེད་པར་གྱུར། ཆུ་ཞིག་ཉོས་ནས་མྱུར་ཏུ་ཕྱིར་ཡོང་ཞེས་མྱུར་ཏུ་སོང་། དེ་ནི་ཁོས་མོ་ལ་བཤད་པའི་སྐད་ཆ་མཐའ་མ་དེར་གྱུར་བ་མོས་ག་ནས་ཤེས།
  ཉིན་མོ་དེར་མོས་ཡང་དེ་རིང་ལྟར་ཏག་ཏག་ཆུ་ཚོད་གཉིས་ཀྱི་རིང་ལ་སྤྲུལ་སྐུར་བསྒུགས་ཤིང4444ལ་ཁ་པར་གང་མང་བཏང་ཡང་ཁ་པར་སྒོ་གཏན་འདུག དེ་ནས་བཟུང་ཨང་གྲངས4444ལ་ཁ་པར་གཏང་རྒྱུ་ནི་མོའི་ཉིན་རེར་རང་མོས་ཀྱིས་བསྒྲུབ་ཀྱིན་པའི་ལས་བྱ་ཞིག་ཏུ་གྱུར། ཡིན་ནའང་ལས་བྱ་དེ་ལ་སྐར་མ་རྒྱག་མཁན་ཞིག་མེད།
  མོས་རང་ཉིད་ལ་མངལ་འཁོར་འདུག་ཞེས་བཤད་པ་ནི་ཀུ་རེ་བརྩེས་པ་ཡིན་མོད། ཀུ་རེ་དེ་ནི་བྱིས་པ་བསམ་མེད་ཅིག་གི་ལག་ལ་ཁེ་གྲི་ཤོར་བ་དང་འདྲ་བར་སྙམ་མེད་དུ་གཏུབ་ཐེངས་ཤིག་གིས་ཕྱིར་མཐུད་ཐབས་མེད་པར་བཟོས་པ་སྟེ། དེ་ནས་བཟུང་སྤྲུལ་སྐུའི་གྲིབ་མ་ཙམ་ཡང་མཐོང་ཡུལ་དུ་མ་བྱུང་།

ཟླ་བས་འཇའ་གུར་ཕུབས་པའི་ཞག་མ་དེ་ཇི་ལྟར་བརྗེད་ཨང
སྔས་འགྲམ་དུ་བཞག་འདུག་པའི་མེ་ཏོག་དེའི་དྲི་མ་ད་དུང་དྲན
ཁོ་མོའི་འཇིག་རྟེན་དུ་སླེབས་པའི་མགྲོན་པོ
ཁྱོད་ནི་འཇའ་གུར་དེའི་ཟེར་མ་ལས་འཕོས་པ་ཨེ་ཡིན
ཟླ་གསུམ་གྱི་རྗེས་སུ་འདི་ལྟར་ཁོ་མོའི་འཇིག་རྟེན་ནས་ཆས་སོང

  འདི་ནི་མོས་རྫོགས་མེད་པའི་བརྩེ་དུངས་དེར་རྫོགས་ཚིག་བཀོད་དེ། ཕྱིས་སུ་ཉིན་ཐོར་བྲིས་པ་ཞིག་ཡིན།
  སློབ་གྲོགས་དག་གིས་ཇི་ལྟར་གོ་བ་ཡིན་སུས་ཤེས། མཚམས་ཤིག་གཞན་གྱིས་མོ་ལ་རིག་མ་ཞེས་འབོད་ཀྱིན་པ་ཐོས་ཤིང་དེས་མོ་རང་གར་འགྲོ་འདིར་འགྲོ་མེད་པ་ཞིག་བཟོས་ཏེ། རང་གི་གྲོགས་མོ་ཡག་ཤོས་མཚོ་མོས་ཀྱང་བར་ཐག་བཀྱེད། ཐ་ན་འདོད་པ་ངོ་ན་རྒྱུགས་པའི་སྟག་འབུམ་ཚོ་སྟུག་གིས་ཀྱང་མིག་གིས་མི་བལྟ། དེ་ལྟར་སློབ་གྲྭ་མཐར་ཕྱིན་རག་བར་དུ་མོས་མིང་ལས་དོན་མེད་པའི་རིག་མ་ཞེས་པའི་མིང་ཁུར་ཅིང་། མཐར་ཕྱིན་ཁའི་སློབ་གྲོགས་ཚོའི་མཚན་མོའི་འདུ་འཛོམས་དེའི་སྟེང་དུ་མོ་རང་སྟོབས་རྒྱལ་གྱིས་དེ་ལྟར་གང་ལ་འགྲོ་ནའང་འགྲོ་ཞེས་ཁྲིད།
  མོས་ལག་གི་ཁོ་ཧྥེ་ཤོག་ཕོར་དེ་མདུན་ཅོག་སྟེང་ལ་བཞག་རྗེས་ཁ་པར་བླངས་ནས་སྟོབས་རྒྱལ་གྱིས་བསྐུར་བའི་བརྡ་འཕྲིན་དེར་བལྟས། “རིག་མ་ལགས། སྟབས་ཉེས་ཏེ་ངས་ཁྱོད་ཀྱི་ཉིན་ཐོ་མཐོང་སོང་། མ་གཞི་སློབ་གྲོགས་ཚོས་གླེང་གིན་པ་དེ་བདེན་པ་ཡིན་འདུག ཁྱོད་ཀྱིས་ཟླ་གསུམ་འགོར་བའི་ཁོག་གི་ཕྲུ་གུ་འདེད་ཐུབ་པའི་སྤོབས་པ་དེ་ཇི་ལྟར་རྙེད་པ་ཡིན། འུ་གཉིས་ལ་སྔོན་ལས་ཤིག་མེད་པ་ངས་སྔོན་ནས་ཤེས་ཡོད། མཚན་མོ་དེའི་ཆང་རག་ནི་བྱུར་གྱི་སྣ་འདྲེན་རང་རེད། ད་བདེ་མོ། མེ་ཏོག་ཟེར་བའི་བུ་མོ་ཞིག་གི་མལ་ཁང་དུ་བྲིས”ཞེས་བསྐུར་འདུག
  མཐར་ཕྱིན་རྗེས་མོ་དང་སྟོབས་རྒྱལ་གཉིས་ཕ་ཡུལ་དུ་མ་སོང་བར་གྲོང་ཁྱེར་ཆེན་པོ་དེར་བྱ་བ་བསྒྲུབས། སྟོབས་རྒྱལ་ལ་རྩོམ་སྒྲིག་ཁང་ཞིག་གི་ནང་བྱ་བ་རག་ཅིང་། མོ་ནི་ཐང་ཀ་འཚོང་སའི་ཀུང་སི་ཞིག་ཏུ་བསྡད། ལས་གནས་སོ་སོ་ཡིན་ཀྱང་། སྡོད་ས་མཉམ་གཅིག་ཏུ་བྱས་ཏེ་ཁང་བ་ཞིག་གླས། གཟའ་འཁོར་གཅིག་གི་སྔོན་དུ་སྟོབས་རྒྱལ་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་བ་དང་ཁོས་བྱ་བ་ཞིག་བསྒྲུབ་སླད་གྲོང་ཁྱེར་གཞན་ཞིག་ཏུ་འགྲོ་དགོས་པས་ཉིན་འདི་ཚོར་ནང་དུ་ཡོང་མི་ཐུབ། ཞེས་པའི་བརྡ་འཕྲིན་ཞིག་འབྱོར་བ་ལས་ཁ་པར་གྱི་སྒོ་ནི་མི་ལེན། མཐར་གཟའ་ཉི་མའི་ཉིན་དེར། མོས་ད་ནི་མོ་རང་འདི་ལྟར་སྡོད་མི་ཚུགས། ད་དུང་མི་ཡོང་ན་མོ་རང་འཆིའོ༎ ཞེས་པའི་བརྡ་འཕྲིན་ཞིག་བསྐུར་བས། ཕྱིར་ལན་དུ་ཁོ་གཉིས་ནམ་རྒྱུན་འགྲོ་སའི་སྲང་འགྲམ་གྱི་ཁོ་ཧྥེ་ཁང་དེར་ཐུག་ཟེར། མ་གཞི་གཟའ་འཁོར་གཅིག་གི་སྔོན་དེར་ཁོས་མོའི་ཉིན་ཐོ་མཐོང་ཞིང་། ཁོ་མོའི་འཇིག་རྟེན་དུ་སླེབས་པའི་མགྲོན་པོ་ཞེས་པ་མོ་ལ་མངལ་འཁོར་བ་རེད་འདོད་པ་ཡིན་འདུག མེ་ཏོག་ཞེས་པའི་བུ་མོ་དེ་སུ་ཡིན་ནམ་མོས་སྙིང་ནི་ཚེར་མས་གཙགས་པ་ལྟར་ན་བར་གྱུར།
  མོ་རང་ཁོ་ཧྥེ་ཁང་དེ་ལས་སྒོར་བུད། ཆར་གྱི་ཐིགས་པ་དག་མཁའ་ནས་ལ་ཁྱུ་ཤོར་བ་ལྟར་མོའི་སྟེང་ལ་ཕྱོགས་ཤིང་། སླར་ཡང་ལ་ཁྱུ་ཤོར་བ་ལྟར་མོའི་སྐྲ་གསེང་བརྒྱུད་ནས་གདོང་དང་ལུས་ཡོངས་སུ་ཕྱེར། མོ་ཁང་ཤར་དེའི་སྣེ་ལས་དཀྱོགས་སྐབས་སུ། རླུང་གིས་དེད་པའི་ཆར་བའི་ལ་ཁྱུ་འཚུབ་མ་ཞིག་ཐོན་ནས་མོའི་གདོང་ལ་བརྒྱབ་པས། དབུགས་ཀྱང་རྔུབས་མི་ཐུབ་པར་བྱས། སྐབས་དེར་གློ་བུར་དུ་མོས་མོ་རང་ཁེར་རྐྱང་ཡིན་པ་ཚོར་ཅིང་། གདུང་བ་གནོན་མི་ཐུབ་པ་ཞིག་སྐྱེས་ཏེ། མཆི་མ་རྡོག་པོ་ཞིག་ཐོན་ནས་ལ་ཁྱུ་དང་འདྲེས། མཆི་མ་རྡོག་པོ་དེས་ད་གཟོད་མོའི་ལུས་སེམས་གཉིས་ཀ་བརླན། ཆར་བའི་ཐིག་པ་དེ་དག་དང་གཞུང་ལམ། ཁང་བརྩེགས་སྐྱ་བོ་དེ་དག་ཀྱང་བརླན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།