གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཕ།

2015-04-25 13:54:15 ཁང་གསར་ཚེ་དབང་རིག་འཛིན། ཀློག་གྲངས། མཆན ཡོད།


                   “ཕ་མ་ཡོད་དུས་དུང་བ་མེད་། དུང་བ་ཡོད་དུས་ཕ་མ་མེད།”﹍﹍དམངས་ཁྲོད་ཀྱི་གཏམ་དཔེ།

  ལོ་དེའི་དགུན་མགོ་མར། མཁའ་དབྱིངས་ནས་འདབས་དྲུག་ཁ་བའི་མེ་ཏོག་གི་རི་མོ་གསེར་ལྡན་མའི་ལྟོ་བར་མངལ་དུ་སྦྲུམ་པས་དཀར་འཇམ་དུང་གི་ཁྱེའུས་མཁའ་དབྱིངས་ལ་འཛུམ་ཞལ་བསྟན་སོང་ལྟ་བུའི་མཐོ་སྒང་གི་ཁ་བ་འབབ་སྟངས་དེ་ལ་མཛེས་སྡུག་ཅིག་ཏུ་ཡེ་ནས་མཐོང་མ་སོང་ལ། “ད་ལོའི་བཀྲ་ཤིས་ཁ་བ་འབབ་ཐེངས་དང་པོ་རེད་”ཟེར་ནས་གནམ་ལྡིང་ས་ལྡིང་གི་རྟེན་འབྲེལ་ཡང་ཞུ་བའི་ཡི་ག་འགགས་སོང་། ཁ་བས་རི་ཐང་ཡོད་
ཚད་ཡོངས་སུ་བཀླུབས་རྗེས་དེ་ནི་གསེར་ལྡན་མའི་ལྟོ་བ་དངུལ་དཀར་གྱི་ཞུན་མས་ཡོངས་སུ་བཏུམས་པ་དང་། གངས་རི་ཤེལ་གྱི་མཆོད་རྟེན་བཞེངས་པ་ལྟ་བུ་རེད་ཅེས་བསྟོད་བསྔགས་ཀྱང་ག་ལ་བྱེད་མོས་ཡོད། ངས་མིག་ལམ་གྱི་རི་ར་བ་ཁང་ཁྱིམ་ཡོད་ཚད་ནི་བསྐལ་བ་ཁྲི་ཕྲག་འདས་པའི་སྔ་རོལ་ནས་ཚོན་མདོག་ཅེས་པ་ཡོངས་སུ་ཡལ་ནས་མིའི་རིགས་ཀྱིས་དགོས་མེད་དུ་གཡུགས་སོང་བ་ལྟ་བུའི་སྐྱ་ཐག་གེ་བ་ཞིག་དང་། མདོག་ཤོར་
ཞིང་མདངས་ཉམས་པའི་དངོས་པོ་ཁོ་ན་ལས་སྣང་མ་སོང་། དེ་བཞིན་དུ་ཡུལ་མི་དང་གཉེན་ཉེ། གྲོགས་པོ་སོགས་རང་དང་ཉེ་བར་གནས་པ་དག་ཀྱང་དགའ་སྐྱོ་ཆགས་སྡང་གིས་མ་བཟུང་བའི་རི་མོའི་གཟིགས་རིས་སམ་
སྣང་ལ་མ་ངེས་པ་ཞིག་ལས་ཅི་ཡང་ཡོད་མ་སོང་། མདོར་ན་དགུན་ཐོག་དེ་ནི་ཀླད་པའི་ནང་དུ་སྟོང་བ་སྟོང་རྐྱང་ཞིག་སྟེ། ཅི་ཞིག་བྱས་ཀྱང་དོན་སྙིང་མེད་པ་འདྲ་ལ། གང་ཞིག་བསྒྲུབ་ཀྱང་ཚོར་བས་སྟོང་བ་ལྟ་བུའི་སྨྲ་མི་
ཤེས་པའི་ཚོར་འདུ་ཞིགས་གིས་ཡོངས་སུ་བཟུང་སོང་། དེ་ནི་རྒྱུ་རྐྱེན་མེད་པ་ཞིག་ག་ནས་ཡིན། འཇིག་རྟེན་ཁམས་ཀྱི་ཡོད་ཚད་རྒྱུ་ཡིས་མ་བསྐྱེད་པ་ཞིག་མེད་པ་ལྟར་རང་ལའང་ནུས་ལྡན་གྱི་རྒྱུ་ཞིག་གིས་བསྐྱེད་པ་སྟེ། དྲིན་
ཆེན་གྱི་ཕ་རྒན་མི་ཡུལ་འདི་ནས་གློ་བུར་དུ་བྲལ་བས་ཡིན། དེ་ནས་བཟུང་ང་རང་“གློ་བུར་”ཞེས་པའི་ཐ་སྙད་ལ་ཤིན་ཏུ་སྐྲག ང་ཚོས་མིག་མདུན་ནས་མངོན་གསལ་གྱི་རྒྱུ་ཡིས་བསྐྱེད་པའི་འབྲས་བུ་གང་ཞིག་ལ་བློ་ཡིས་མི་དཔོག་རྒྱུ་མེད་ལ། དོན་རྐྱེན་ངན་པ་ཞིག་ཡིན་པའི་དབང་དུ་བཏང་ནའང་སོ་སོས་སེམས་ཀྱིས་བཟོད་མི་ཐུབ་རྒྱུ་དང་དྲན་ཤེས་ཀྱིས་འཆུན་མི་ཐུབ་རྒྱུ་དེ་འདྲ་མི་འདུག ཡིན་ནའང་“གློ་བུར་”དུ་བྱུང་བའི་རྐྱེན་ངན་གྱིས་མི་ཞེས་པའི་ཚོར་བ་རྣོ་བའི་སྲོག་ཆགས་ལ་གནོན་ཤུགས་བཟོད་མི་ཐུབ་པ་རེ་སྐྱེལ་འོང་གིན་པ་ལོས་ཡིན།

             ༡

  ཉིན་དེར་ང་རང་གྲོང་ཁྱེར་ག་གེ་མོ་ཞིག་ནས་སྤྱི་སྤྱོད་རླངས་འཁོར་དུ་བསྡད་དེ་ཕ་ཡུལ་གྱི་ཕྱོགས་སུ་འོང་གིན་ཡོད། “བྱ་དེ་ཁྲུང་ཁྲུང་དཀར་མོ། ། གཤོག་རྩལ་ང་ལ་གཡོར་དང་། །་་་་་་”གློ་ཁུག་ནང་གི་ཁ་པར་གློ་བུར་གྲགས་
བྱུང་། རླངས་འཁོར་དེ་འདྲ་འཕྲོད་ཀྱིན་མེད་པས་ཉབ་ཉོབ་ཀྱི་ངང་ནས་གློ་ཁུག་ལས་ཁ་པར་བླངས་ཏེ་ཨང་གྲངས་ལའང་མ་བལྟས་པར་ཉན། ཕ་རོལ་ནས་སྐྱེས་པ་ཞིག་གིས་སྐད་ཅུང་ཙམ་གཉོམ་པོ་དང་འདར་ཞད་འདྲེས་པས་“གང་ལ་ཐོན་ཡོད།”ཅེས་དྲིས་བྱུང་། “ཁྱོད་སུ་ཡིན། ང་ས་ཆ་ག་གེ་མོ་ཞིག་ལ་ཐོན་ཡོད།”ཅེས་ལན་བཏབས། ཡིན་ནའང་སེམས་སུ་ཕ་རོལ་བོའི་སྐད་ཆའི་མགོ་ན་འཚམས་འདྲི་སོགས་ཅི་ཡང་མེད་པར་ཐད་ཀར་“གང་ལ་ཐོན་ཡོད། ཅེས་པའི་སྐད་ཆར་གཞིགས་ན་ནང་མི་ཞིག་སྟེ་རྒྱུན་དུ་འབྲེལ་གཏུགས་བྱེད་བཞིན་པ་ཞིག་ཡིན་པ་ཤེས། “ང་དཔལ་པོ་ཡིན། མགྱོགས་པོར་འོང་ཐབས་ཤིག་མི་འདུག་ག”ཞེས་སྐད་ཆ་མཚར་བོ་ཞིག་བཤད་བྱུང་བ་དང་དོན་དངོས་ཁ་ནས་བཤད་ནུས་ཀྱིན་མེད་པའི་བཟོ་ཞིག་འདུག་པས་ངས་མྱུར་དུ་“ཅི་ཞིག་རེད། འདི་ལས་མགྱོགས་ཤིག་ཇི་ལྟར་འོང་། དོན་དག་ཅི་ཞིག་རེད།”ཅེས་གཅར་སྙེག་བྱས་པ་ན། “སྐད་སྔར་ལས་འདར་བའི་སྒོ་ནས་ཕ་རྒན་མ་བ་ཐལ།”ཞེས་བཤད་བྱུང་། ངས་རྣ་བ་ལ་ཡིད་མ་ཆེས་པ་ལྟར་གྱུར་ནས་“ཨ། ཅི་ཟེར་རམ། ཅི་ཟེར་རམ།”ཞེས་པ་ཞིག་ཁ་ནས་ཤོར། ཕ་རོལ་ནས་ཡང་བསྐྱར་“སྐད་སྔར་ལས་འདར་བ་དང་དམའ་བའི་སྒོ་ནས་ཕ་རྒན་མ་བ་ཐལ།”ཟེར། ངས་བསྐྱར་འདྲི་བྱས་པ་དེ་ནི་ཕ་རོལ་བོ་ལ་མཚོན་ན་ཆེས་དཀའ་ལས་སུ་གཏད་པ་རེད། སྤྱིར་མི་སུ་དང་སུ་ཡིན་ཡང་གཏམ་ངན་ཞིག་བཤད་རྒྱུར་དགའ་མཁན་ཞིག་སུ་ཡོད། རང་ལ་མཚོན་ནའང་སྔོན་ཆད་དེ་འདྲའི་རིགས་ཀྱིས་བྱ་དཀའ་བྱེད་སྡུག་ཏུ་གཏད་མྱོང་། ངས་རང་གི་རྣ་བར་ཡང་ཡིད་མ་ཆེས། མདང་ནུབ་ཕ་མ་གཉིས་ལ་ཁ་པར་གྱིས་འཚམས་འདྲི་བྱས་པ་མ་ཟད་རང་ཉིད་གྲོང་ཁྱེར་འདི་ནས་སང་ཉིན་ཕ་ཡུལ་གྱི་ཕྱོགས་སུ་འོང་གིན་ཡོད་ཚུལ་སོགས་ལབ་ནས་ཁ་བརྡ་བྱས་པ་མ་ཡིན་ནམ། ཨ་དཀོན་མཆོག་གསུམ་པོ། ཐོག་འཕངས་པ་ལྟ་བུའི་བའི་རྐྱེན་ངན་གློ་བུར་འདི་འདྲ་ཞིག་ཅིའི་ཕྱིར་སླེབས་པ་ཡིན། དེ་མུར་ངའི་སེམས་སུ་དཔེ་ག་ལ་སྲིད། འཕྲུལ་རྟའམ་རླངས་འཁོར་སོགས་འགྲིམ་འགྲུལ་བྱུར་རྐྱེན་ཞིག་ཡིན་རྒྱུ་རེད། ལྟ་བ་མིག་གིས་མི་བཟོད་པ་ཞིག་ཡིན་ནམ་སྙམ་པ་ཞིག་བྱུང་ལ། མྱུར་དུ་“དོན་རྐྱེན་ཅི་ཞིག་རེད།”ཅེས་དྲིས་པ་ན་“འདུག་ས་དྲོན་མོའི་ནང་ནས་ཚ་ན་གཟེར་གསུམ་ཅི་ཡང་མེད་པར་བཞུད་སོང་།”ངའི་རྣ་ལམ་ལ་སྐད་ཆ་འདི་བྲག་ཅ་བཞིན་ཡང་ཡང་འཁོར་བཞིན་པ་ལས་གཞན་འདི་སྣང་གི་རྣམ་རྟོག་
འགགས་པ་ལྟར་གྱུར།
  མཚན་མོར་ཡུལ་དུ་ཐོན་པ་ན་ཨ་མ་གཙོ་བྱས་པའི་གཉེན་ཉེ་གྲོགས་པོ་སོགས་མི་མང་བོ་ཞིག་གིས་རུབ་རུབ་ངང་མདུན་བསུས་བྱུང་། ང་རང་མི་གྲལ་དུ་འགྲོ་ཐུབ་པ་ནས་ད་ལྟའི་བར་དུ་ཕྱི་ལ་སོང་ནས་ཡུལ་དུ་ཐོན་ཚེ་
བྱམས་ལྡན་ཕ་མ་གཉིས་ཀྱིས་མ་བཅོས་འཛུམ་དཀར་གྱི་རི་མོ་སྙིང་ལ་སིམ་པ་རེ་སྟོན་བཞིན་བསུ་བར་འོང་མོད། དེ་རིང་བརྩེ་བའི་ཡབ་ཆེན་གྱི་བསུ་མ་མེད་པས་ཇི་འདྲའི་སྟོང་ལྷང་ངེ་བ་ཞིག་རེད། ང་རང་གི་སྟག་ཤ་ར་ཞིག་གམ་སྐྱེས་པ་སྐ་རགས་ཅན་ཞིག་གི་ཚུགས་ཀ་ཡིན་པའི་ཁ་ཕོ་རུས་ལ་བསམ་པ་ལས་ཅུང་མིན་ན་མིག་ལས་མཆི་མ་ཤོར་སོང་།
  ར་སྐོར་གྱི་ནང་དུ་གསུར་དྲི་ཞིག་གིས་ཁྱབ་འདུག་ལ། ཁྱིམ་ནས་གྲྭ་བ་ཚོས་ཆོས་འདོན་པའི་སྒྲ་དབྱངས་དང་དྲིལ་བུའི་སིལ་སྒྲ་གཉིས་བར་མེད་དུ་གྲགས་ཀྱིན་འདུག ཁྱིམ་དུ་འཛུལ་ནས་ཕར་ཕྱོགས་སུ་རས་ཡོལ་འཐེན་
ཡོད་པའི་ཕྱོགས་སུ་སོང་། ཕ་དྲིན་ཆེན་གྱི་པུར་ད་དུང་སྒུལ་མེད་པར་གྱོན་པ་ཞིག་གིས་བཀབ་ནས་ཡོད། ངའི་ལུས་ཀྱི་འབྱུང་ལྔ་ལས་བཤེར་བའི་རིགས་ཐམས་ཅད་གཅིག་ཏུ་འདུས་ནས་མིག་ཟུང་དུ་ལུད་པ་པ་དང་། ཡ་
ཁོག་གི་ནང་ཁྲོལ་ཐམས་ཅད་མིད་པར་ཐོན་བྱུང་བའི་སྣང་བ་ཞིག་གིས་ཅུང་ཙམ་མིན་ན་ལུས་ཀྱི་རང་ཚུགས་ཀྱང་མ་ཐུབ་པར་ལོག་སོང་། ངས་ཡང་བསྐྱར་གོང་ལྟར་རང་གིས་རང་ལ་སྙིང་ཕུར་བརྡབ་སྟེ། ཕྱིར་བཀྱེད་བྱས་པ་
ཡིན། “ཀྱེ་མ་དུས་ད་ལྟ་ནས་བཟུང་འཇིག་རྟེན་འདིར་རང་ལ་‘ཨ་ཕ།’ཞེས་འབོད་ས་ཞིག་མེད་སོང་བ་མ་རེད་དམ། ངེད་ཚང་སྔར་ལྟར་ཕ་མ་གཉིས་དང་མིང་སྲིང་ཚོ་མཉམ་དུ་འདུས་ནས་ཁ་ཟས་ལ་མཉམ་དུ་རོལ་བ་
དང་བདེ་སྐྱིད་ཀྱི་དགོད་སྒྲ་བྲག་ཅར་འཁྱིལ་རྒྱུའང་གློ་བུར་དུ་སྤྲིན་ཕུང་རླུང་གིས་གཏོར་གཏོར་བྱས་པ་ཨེ་རེད། ཨ་ཕ་ལགས། ཁྱེད་རང་འདི་ལྟར་འཇིག་རྟེན་གཞན་ཞིག་ཏུ་གློ་བུར་དུ་བཞུད་མི་རུང་། ངས་ཁྱེད་ལ་ད་དུང་
ཚར་དཀར་གྱིས་བཟོས་པའི་ལྭ་བ་དེ་གྱོན་དུ་འཇུག་ཐུབ་མེད་ལ། ཁ་ཚ་མ་འདྲེས་པའི་ཟས་ཞིམ་པོ་གང་མང་ཞིག་ལྷོད་ཀྱིས་ཟ་རུ་འཇུག་ཐུབ་མེད། ད་དུང་དེ་ལས་ཀྱང་གལ་ཆེ་བ་ནི་སང་ལོ་གནམ་གྲུར་བསྡད་དེ་ཉི་མ་ལྷ་སར་
འཁྲིད་རྩིས་བྱས་ཡོད་པའི་འཆར་གཞི་དེ་ཅི་བྱེད། ”འདི་ལྟར་སྙམ་བཞིན་སྙམ་བཞིན་གྲྭ་བ་ཚོས་ཆོས་གསུངས་ཚར་ནས་སྒོར་བྱོན་པའང་མ་ཚོར། བཤད་སྲོལ་ཞིག་ཏུ་“ཕ་ཤི་ཉིན་གྱི་བརྒྱག་མེད།”ཟེར་བ་དངོས་གནས་བདེན་
པར་འདུག ཉིན་གཅིག་ལ་དུས་ཚོད་གསུམ་གར་གཡེལ་བ་མེད་པར་ཁ་ཟས་སྤྱོད་ལོབས་སུ་སོང་བའི་ང་རང་ལ། དེ་རིང་ཟས་ཀྱི་ཡི་ག་གང་ཡང་མི་འདུག འདི་ལྟ་བུ་ཞིག་ཡིན་ན་བསྙུང་གནས་དང་ཕྱི་དྲོའི་ཁ་ཟས་སྤོངས་
  རྒྱུ་སོགས་དགེ་བའི་ལས་སུ་བསྙད་པ་དེ་རིགས་ཀྱང་ལས་སླ་མོ་ཞིག་ཡིན་ངེས་རེད། མཚན་མོ་དེ་ནི་ངེད་ཚང་གི་ཁང་བའི་ནང་དུ་སྔོན་ཆད་གསལ་མ་མྱོང་བའི་འོད་ཀྱིས་ཁྱབ་ཡོད། ཕ་དྲིན་ཆེན་གྱི་མ་རིག་སྡིག་སྒྲིབ་ཀྱི་མུན་པ་སངས་ཆེད་རྐོང་བུ་བརྒྱ་ཕྲག་ཅིག་སྒྲོན་ཡོད། ནམ་སྨད་ཀྱི་ཆ་ལ་གཉིད་དང་འཁྲུལ་བ་གང་ཡིན་མི་ཤེས་པའི་ངང་ནས་ཕྱིར་དྲན་གྱི་ཀློང་དུ་འབྱིངས། ཨ་ཕ་དང་ང་། ངའི་ནུ་བོ་གསུམ་པོ་སྦྲ་ནག་གྲུ་བཞིའི་ཡ་སྒྱེད་ཀྱི་གོ་ཁར་སྐྱིལ་ཀྲུང་གིས་བསྡད་ཅིང་། ཨ་མ་དང་ངའི་སྲིང་མོ་གཉིས་མ་སྒྱེད་ཀྱི་གོ་ཁར་མོ་འདུག་གིས་བསྡད་ཡོད། ཨ་མ་ལ་བསྡད་ཡོད་ཅེས་པ་ཐོབ་ཨེ་སྲིད་མི་ཤེས། མོ་རང་གིས་ང་ཚོ་བཟའ་མི་ཡོངས་ལ་བྱེ་ཐུག་བླུག་ནས་སོ་སོར་དཀར་ཡོལ་རེ་རེ་བཞིན་སྲིང་གིན་ཡོད་ལ། ཐབ་དུ་ཨོང་བ་བླུགས་པ། ཐབ་ཀྱི་ཇ་དང་ཁྱི་ལྟོ་སོགས་སྐོལ་བས་བྲེལ་བཞིན་ཡོད། ད་ལྟ་དགུན་མགོ་མའི་ནང་ཡིན་པས་སྦྲ་ནག་གི་ཕྱི་རོལ་དུ་གྲང་ངར་ཤིན་ཏུ་ཆེ་མོད། ངེད་ཚང་གི་ཨ་མས་སྦྲ་འདབས་ཀྱི་ནང་ངོས་ཀྱི་མཐའ་སྐོར་དུ་ལྕི་ལེབས་ཀྱི་ར་བ་མཐོན་པོ་ལས་པ་དང་སྒོ་རུ་འཁྱག་རྩིག་﹙ལྕི་བ་འཁང་བས་ལས་པ་ཟེར།﹚གིས་སྒོ་ཁང་ལས་ཤིང་དེ་ལ་ལྕི་ལེབས་ཀྱི་སྒོ་སོགས་ལས་ནས་ཤིན་ཏུ་དྲོན་པོར་བྱས་ཡོད་པ་དང་སྒྱེད་པུའི་ནང་དུ་ཨོང་བ་ནག་རིག་ལྷབ་ལྷུབ་དུ་འབར་ཞིང་། གོ་དུང་དུ་ལྩགས་ཀྱི་མྱེ་བྲི་ཡིས་མྱེ་བྲུས་ནས་དམར་ཅག་གེར་ཡོད་ཕྱིར་སྐབས་དེར་དགུན་འཁྱག་གི་ཚོར་བ་ཞིག་ཡེ་ནས་མེད། ནུབ་ཟས་ལ་རོལ་སྐབས་ཨ་ཕས་ཅུང་གཟབ་ནན་གྱི་ངང་ནས་ང་ལ་“སང་ཉིན་ངེད་ཚང་གི་དགུན་ཤ་འཕུད་རྒྱུ་ཡིན་པས་ཞོགས་པར་སྔ་མོར་ལངས་ནས་ཨ་ལ་རོགས་བྱེད་ཨེ་ཐུབ།”ཅེས་བྱམས་བརྩེའི་རྣམ་འགྱུར་སྟོན་བཞིན་གསུངས་བྱུང་། ང་རང་ཆུང་ཆུང་ཁ་ནས་ཨ་ཕ་ཨ་མ་ཞེས་གླེང་མི་ཤེས་པའི་སྐབས་ནས་ཕ་དྲིན་ཆེན་གྱིས་ཟས་ཤ་ཁྲག་གི་བཅུད་ཀྱིས་གསོས་པས་ད་ལྟ་ཤ་ཟེར་ན་ཟས་གཞན་ལས་དགའ་སར་གྱུར་ཡོད་སྟབས་སྤྲོ་སྣང་དང་བཅས་“ལོས་ཐུབ་ཨ་ཕ། ང་ཁྱོད་དང་མཉམ་དུ་ལངས་རྒྱུ་ཡིན།”ཞེས་སྲིང་མོ་དང་ནུ་བོ་སོགས་ཀྱི་སྔུན་ནས་རང་ཉིད་ཀྱིས་གོ་ཆོད་པའི་ངོམ་སོ་དང་བཅས་བཤད། དོན་དུ་ངས་རོགས་ཆེན་པོ་ཞིག་མི་ཐུབ་སྟེ། ཨ་ཕས་ལྷས་ཀྱི་རྡང་ནང་ནས་བཤའ་རྒྱུའི་ནོར་དེ་སྦྲ་དང་ཐག་ཉེ་སར་ཁྲིད་སྐབས་རྗེས་ནས་འདེད་པ་ཙམ་དང་། ཀོ་བ་བཤུ་སྐབས་སུ་སུག་ཏིར་ཐགས་པ་བཏགས་ནས་ཕར་ཤོར་ཚུར་ཤོར་ངང་འཐེན་པ་ལྟ་བུ་
ཞིག་ལས་ཅི་ཡང་མི་ནུས། “ངའི་བུ་འདི་འདི་འདྲའི་གོ་ཆོད་ཅིག་ཡིན།”ཞེས་ཟེར་བཞིན་བྱམས་བརྩེའི་ངང་ནས་ལག་གཡས་པས་ངའི་མགོ་ལ་བྱིལ་བྱིལ་ཅིག་བྱས་བྱུང་། ང་རང་ལ་ཕ་མ་གཉིས་ཀྱིས་བསྟོད་བསྔགས་ཅིག་བྱས་ན་དེ་འདྲའི་དགའ་སྤྱད་ཅིག་མེད་དེ། ད་ལྟ་འཛམ་གླིང་ནོར་ཝེའི་རྩོམ་རིག་བྱ་དགའ་ཐོབ་པ་ལྟ་བུས་ཀྱང་མཚོན་མི་ནུས།

             ༢
  ཞོགས་པར་ཤར་སྐྱ་རེངས་ཀྱི་སྐྱ་མདའ་བཀྱག་འོང་བའི་སྐབས་སུ་ཨ་ཕ་དང་མཉམ་དུ་ལངས་པ་ཡིན། འདི་ནི་ད་ལོར་དགུན་སར་རུ་ཐོན་ནས་སྔ་ལངས་བྱས་པའི་ཐོག་མ་ཡིན། ཨ་ཕས་ཁ་ཏོན་ཞིག་སྒྲ་གདངས་མི་གསལ་བའི་སྒོ་ནས་འདོན་བཞིན་ཐགས་ཆའི་ངོས་ནས་འབྲེང་བ་གཉིས་བླངས་ཏེ་ཐད་ཀར་ཟོག་ལྷས་སུ་སོང་། ཐོག་མར་གཡག་རྡང་གཉིས་པའི་ནང་དུ་སོང་ནས་གཡག་སར་རོག་རའི་སྐེ་ལ་ཐག་པ་བསྐོན་ཏེ་རྣ་ལོ་རྒྱ་རིས་ཀྱི་སྐེ་ལ་སྦྲེལ་ཞིང་རྣ་ལོ་རྒྱ་རིས་ཀྱི་རྣ་ཐིག་ནས་བཟུང་སྟེ་ཁྲིད། ངས་རྗེས་སུ་དེད་ནས་སྦྲའི་ཐག་ཉེ་སར་སོང་སྟེ་ཨ་ཕས་མངག་བཅོལ་ལྟར་གཡག་རྒན་རྒྱ་རིས་ཀྱི་སྣ་ཐིག་ནས་བཟུང་སྟེ་བསྡད། སྤྱིར་གཡག་རྒོད་འདི་འདྲ་ཞིག་མི་གཅིག་གིས་སྒྱེལ་རྒྱུ་ནི་དེ་འདྲའི་ལས་སླ་བོ་ག་ནས་ཡིན་མོད་ཨ་ཕས་ང་ཚོ་བཟའ་མ་ཉོག་གི་ལྟོ་རྒྱབ་ཀྱི་ཆེད་དུ་ལོ་རེར་ནོར་ལུག་མང་བོ་བཤའ་དགོས་པས་ལག་བྱང་དང་བཅས་བསྒྱེལ་བས་མི་ཚད་གྲུ་གུ་བཞིན་དུ་བཀྱིགས་པ་དང་གཡག་རྒྱ་རིས་ཀྱི་སྐེའི་སྦྲེལ་ཐག་བཀྲོལ། ངས་གཡག་རྒན་ཁྲིད་ནས་འདོགས་སར་བཏགས།
  ཨ་ཕས་མདང་ནུབ་ནས་གྲ་སྒྲིག་བྱས་ཡོད་པའི་ཐག་རིང་རྒྱ་གར་ནས་བསྐུར་འོང་བ་དང་། སྟོད་ཉི་མ་ལྷ་ས་ནས་ཁྱེར་འོང་བ། བླ་ཆེན་དང་དགོན་ཆེན་གང་རུང་ནས་བསླངས་འོང་བའི་མྱོང་གྲོལ། རེག་གྲོལ། ངན་སོང་སྒོ་
གཅོད་སོགས་རྟེན་རྫས་མང་བོ་ཤེར་ཐོ་ཞིག་ཏུ་ཆུ་ལ་སྦངས་ཡོད་པ་ཁྱེར་འོང་ནས་གཡག་གི་སྣ་ནང་དུ་བླུགས་ཏེ་མིད་པར་འགྲོ་རུ་བཅུག  ད་ལྟ་ཨ་ཕས་ཁ་ཏོན་གྱི་སྐད་མགོ་ཇེ་ཆེར་བཏང་བ་དང་སྔོན་ནས་གྲ་སྒྲིག་བྱས་ཡོད་པའི་རྒྱུན་ཐག་ཕྲ་བུ་མཉེན་མོ་དེ་རུམ་ནས་བླངས་སྟེ་བདེ་རྩལ་འཁྱུག་པའི་སྒོ་ནས་གཡག་གི་མཆུ་ཏོ་ཤེད་ཀྱིས་བསྡམས་པ་དང་དཀྲིས་མང་བོ་ཞིག་བརྒྱབ་ནས་མདུད་པ་བརྒྱབ། གཡག་གིས་དབུགས་དགག་པས་བཀྱིག་ཐག་ཀྱང་གཅོད་ལོས་འགྲོ་སྙམ་པའི་ཤེད་ཀྱིས་འཕགས་ཚག་རྒྱག་པ་དང་མགོ་བོས་ས་རྡུང་། རྔ་མ་གཡུག ལྕི་ཁུང་ལས་དབུགས་དང་ལྕི་བ་ཤོར། མིག་ནི་ཕྱི་རུ་བུད་ལ་ཉེ་བ་ལྟར་གྱུར་བ་སོགས་ཆེས་སྐྲག་ས་ཞིག་ཡིན་པས་ངས་བལྟ་མ་བཟོད་པར་ཁྱིམ་དུ་བྲོས། “ཞི་ལུ་འཁོར་ལོ་ཁྱེར་ཤོག”ཅེས་འབོད་ཞོར་ཁ་ནས་ཅི་ཞིག་ཤུགས་དྲག་གིས་ཟློ་བཞིན་འདུག ངས་ཀྱང་ཁ་ནས་མ་ཎི་མགྱོགས་འདོན་བྱེད་བཞིན་འཁོར་ལོ་ཁྱེར་ནས་ཨ་ཕའི་ལག་ཏུ་བཞག སྐབས་དེ་ནས་གཡག་གིས་འཕག་ཚག་ཆེན་པོ་བྱེད་བཞིན་མེད་ནའང་རྔ་མ་འགུལ་ཙམ་འགུལ་ཙམ་རེ་བྱེད་པ་དང་ལྟོ་བ་ནི་གད་ལ་ཉེ་བ་ལྟར་སྣང་། ཨ་ཕ་གཡག་གི་མགོའི་ཟུར་དུ་དཀྱིལ་དྲུང་གིས་བསྡད་ནས་གཡག་གི་མགོ་ཐོག་ཏུ་འཁོར་ལོ་བསྐོར་བཞིན་མིག་བཙུམ་ནས་བསྔོ་སྨོན་བྱེད་བཞིན་འདུག དགུན་གཞུང་གི་ཞོགས་པའི་འབྲོག་སྡེ་ནི་ཁྱི་རྒན་འགའི་ཟུག་སྐད་ཐར་ཐོར་རེ་དང་། འབྲོག་མོ་ཚོས་སླེ་བོ་ལས་འཁྱག་ཐོ་ཐང་ལ་བཤོས་པའི་ཁྲོག་སྒྲ་
ཙམ་ལས་ཅི་ཡང་ཐོས་རྒྱུ་མེད་པར་ལྷིང་འཇགས་སེར་གནས་པ་ནི་ཉི་མས་གླིང་གཞན་བསྐོར་བའི་ཤུལ་ནས་དགུན་གྱི་མཚན་སྨག་གིས་རང་གི་ནུས་པ་ངོམ་པའི་དུས་ཚོད་དམ་འཛིན་བྱས་ཏེ་ཡོད་ཚད་ཙག་གིས་བསྡམས་ནས་
གྲགས་མེད་འགུལ་མེད་དུ་བཏང་བ་དང་འདྲ། ད་ལྟ་མཆུ་མསྡམས་ནས་དབུགས་ཀྱི་རྒྱུ་བ་རྩད་ནས་བཀགས་པས་གཡག་དེའི་དབུགས་ཀྱི་རྒྱུ་བའམ་ཚེ་སྲོག་རྒྱུན་འགགས་ཟིན་པམ་འདྲ་སྟེ། འགུལ་རྒྱུ་མི་འདུག ཨ་ཕས་ཡང་བསྐྱར་ང་ལ་ཤོག་ཅེས་པའི་བརྡ་བཏང་བྱུང་། ངས་ལུས་ལ་ད་ལོ་སྟོན་ཁར་ཨ་ཕས་གསར་དུ་བཟོས་པའི་རྩག་པ་གོན་ཡོད་པས་ལུས་པོ་མི་འཁྱག་མོད་རྐང་བ་དང་ཁ་ངོ་ཙག་གིས་གཙེས་ཏེ་མི་བཟོད་པ་ལྟ་བུ་བྱུང་། ལྷག་པར་དུ་སྣབས་ནི་ཐོགས་པ་མེད་པར་ཡང་ཡང་བཞུར་འོང་། ཨ་ཕས་ཡང་བསྐྱར་གཡག་རྒན་རྒྱ་རིས་རྣ་ལོ་མ་ཁྲིད་ནས་འབྲི་རྐམ་གྱི་རྡང་གི་ཕྱོགས་སུ་སྙེག འབྲི་རྡང་དེའི་ནང་གི་འབྲི་རྐམ་གྭ་ར་མ་མ་གཏོགས་ཚང་མ་ལྷོད་ཀྱིག་གེར་ཉལ་བསྡད་ཡོད། ཨ་ཕ་ཐད་ཀར་འབྲི་རྐམ་གྭ་ར་མའི་ཕྱོགས་སུ་སོང་། ངའི་སེམས་སུ། ཨ་ཡ་མཚན་འབྲི་རྐམ་གྭ་ར་མ་གཅིག་པུ་ཡར་ལངས་ནས་གཟུགས་མི་བདེ་བར་ཡོད་པ་ནི་ཁོ་མོ་དེ་རིང་ནོར་ཁྱུའི་གྲལ་ནས་ཁྱིམ་བདག་གིས་གསོད་རྒྱུ་ཡིན་པ་དང་བཟའ་མི་གང་བོས་དགའ་སྤྲོའི་དགོད་སྒྲའི་ཁྲོད་ནས་ངའི་ནང་ཁྲོལ་ཕྱི་ཤ་དང་བཅས་པ་ལོངས་སུ་སྤྱོད་རྒྱུ་ཡིན་པ་སྔ་མོ་ནས་ཤེས་ཡོད་པ་འདྲ། དེ་བཞིན་དུ་ངས་ཁ་སྔོན་ཨ་ཕས་《མི་རོ་རྩེ་སྒྲུང་།》ཞེས་པའི་ཡི་གེའི་སྟེང་ནས་བཤད་པའི་《འབྲི་ཁྲ་བོས་ན་གཞོན་བསྐྱབས་པ།》ཞེས་པའི་གཏམ་རྒྱུད་དེའི་ནང་གི་འབྲི་མོ་དེ་ལ་དངོས་གནས་མི་ལྟར་སེམས་ཤེས་པའི་ཚོར་བ་རྣོན་པོ་ཡོད་པའི་བདེན་དཔང་རྙེད། འབྲི་རྐམ་གྭ་ར་མ་འདི་སྤྱིར་བཏང་གཡུང་མོ་ཞིག་ཡིན་ལ་འདོགས་ཕུད་ཀྱི་སྐབས་སུ་ང་དང་ནུ་མོ་གང་རུང་གིས་རེག་ནའང་སྐྱོན་མེད་པ་ཞིག་ཡིན་མོད་ད་ལྟ་ཧ་ཅང་གདུག་རྩུབ་ཅན་ཞིག་ཏུ་གྱུར་འདུག རྡུང་བ་དང་རྭ་གཡུག་པ། རྐང་ཕྲ་ཡིས་རྒྱག་པ་སོགས་བྱས་ནས་རྐེ་ལ་འབྲེང་བ་འདོགས་པར་དཀའ་ཁག་མི་ཉུང་བ་ཞིག་བཟོས་སོང་། མཐར་གཡག་རྒྱ་རིས་ཀྱི་སྐེ་ལ་སྦྲེལ་ནས་གོང་ལྟར་ཨ་ཕས་ཁྲིད་ཅིང་ངས་རྗེས་ལ་དེད་ནས་ཡང་བསྐྱར་སྦྲའི་ཐག་ཉེ་རུ་སོང་། སྐབས་དེར་འབྲི་མོས་ཕྱིར་ལ་ཤུགས་ཀྱིས་འཐེན་པ་དང་སྐོར་རྒྱུག་བྱས་ནས་སྨྱོ་བ་ལྟར་གྱུར་མོད། མཇུག་མཐར་ཨ་ཕས་སྔར་བཞིན་མོ་ཕྱི་བཀྱིགས་བཀུགས་འདྲ། ནང་བཀྱིགས་གྲུ་གུ་བསྒོང་འདྲ་ཞིག་བྱས་སོང་། འབྲི་མོ་ཡང་ཐབས་ཟད་པ་འདྲ་སྟེ། ནོར་ཁྱུའི་ཕྱོགས་སུ་བལྟས་ནས་ངུར་སྒྲ་འབྱིན་པ་དང་། མིག་ནས་མཆི་མ་འགའ་ཐང་ལ་ལྷུང་། སྐབས་དེར་ང་རང་ལའང་ངུ་རྒྱུ་ཞིག་གཏིང་ནས་ཐོན་བྱུང་བས་ཁྱིམ་དུ་རྒྱུག་ནས་ངུས་པ་ཡིན། ཨ་ཕའི་སེམས་ནི་དེ་ལས་ཀྱང་འགལ་འདུའི་ཁྲོད་དུ་ཡོད་པ་རྟོགས་ཐུབ་སྟེ། ཁ་ནས་མ་ཎི་འདོན་པ་ལས་གཞན་ཞིག་རྡབ་མ་རྡིབ་ཀྱིས་གླེང་གིན་འདུག་སྟེ། ཕལ་ཆེར་“ངས་བཟའ་མི་བུ་ཕྲུག་ཚོའི་ཁ་ཟས་ཀྱི་ཆེད་དུ་ཁྱོད་གསོད་དགོས་ཐུག་སོང་མོད་ངས་ཁྱོད་ལ་ཤི་རག་བར་དུ་བསྔོ་སྨོན་མི་བརྗེད་པར་བྱེད་ལ་སྐྱེ་བ་ཕྱི་མར་དག་པའི་ཞིང་གང་རུང་ཞིག་ལ་སྐྱེ་བའི་སྨོན་ལམ་འདེབས་ངེས་ཅན་ཡིན།”ཞེས་དམ་བཅའ་དྲག་པོ་ཞིག་བྱེད་བཞིན་ཡོད་ཚོད་རེད།
  སྐབས་དེར་ང་རང་འཁྲུལ་བའམ་རྨི་ལམ་འདྲེས་མ་དེ་ལས་སད་པ་ན་དྲིན་ཆེན་གྱི་ཕ་རྒན་ཕྱི་མའི་འཕྲང་རིང་འགྲིམས་སོང་བ་གཞི་ནས་རྟོགས་པ་ལྟར་གྱུར། གོང་ལྟར་ངའི་ཨ་ཕས་སྒོ་ཕྱུགས་གྲངས་མེད་ཅིག་གི་ཚེ་སྲོག་བཅད་པའི་སྡིག་པ་རི་རབ་འདྲ་བ་ཞིག་ཁུར་ནས་མི་ཡུལ་དང་གཏན་དུ་བྲལ་སོང་བས་ངའི་མགོ་ལ་ཆུ་འཁྱག་ཟོ་བ་དགུ་བྱོས་པ་ལྟར་ལུས་སེམས་གཉིས་ཀ་གྲང་ཤུར་རེར་གྱུར། དེར་མཐུད་ནས་བྱིས་དུས་ཚུན་ཆད་ནས་བཞུར་མ་མྱོང་བའི་ངའི་མིག་ཟུང་ལས་མཆི་མ་རགས་མོ་འགའ་རང་དབང་མེད་པར་སྔས་མགོར་ཟགས།

              ༣
  ཉིན་འདི་འགར་ངེད་ཚང་ལ་འགྲུལ་བ་མང་བོས་རུབ་རུབ་བྱེད་པ་དང་ཤི་བོར་ཆོས་བསྒྲུབ་བྱེད་ཀྱི་ཁ་སྣོན་ལ་སྒོར་མོ་མང་ཉུང་སྣ་ཚོགས་སྦྱིན་མཁན་གྱིས་རྒྱུན་མི་ཆད། ད་དུང་མགྲོན་པོ་རེ་ཟུང་གིས་འཇིག་རྟེན་འདི་མི་རྟག་པ་ཡིན་ཚུལ་དང་། ད་ལྟ་སྐབས་སུ་བབས་པ་ཆོས་ཡག་པོ་བསྒྲུབ་རྒྱུ་ཡིན་ཚུལ། སྡུག་གསོག་པས་ཅི་ཡང་ཐོབ་ཏུ་མེད་པས་མི་ཚད་ཤི་བོར་གནོད་སྐྱེལ་བ་ཡིན་ཚུལ་སོགས་ཀྱིས་མཚོན་ཁོ་ཚོའི་མི་ཚེའི་ལྟ་བ་མང་བོ་ཞིག་གླེང་བར་བྱེད། ངས་དེ་ཚོའི་སྔོན་ནས་བཅོས་མའི་འཛུམ་མདངས་རེ་སྟོན་པ་དང་མགོ་བོ་ནང་དུ་གུག་གུག་བྱས་པ་ཡིན།
  ང་ཚོའི་ཕ་ཡུལ་ནས་“སྔས་རྫོགས་སྐར་གསུམ།”ཞེས་མི་ཞིག་ཤི་བ་ན་དབུགས་ཆད་རྗེས་ཀྱི་ཆེས་ཐོག་མར་ཤི་བོའི་ཟུར་དུ་ཆོས་འདོན་པར་ཕེབས་མཁན་ལ་སྔས་བླ་ཟེར་ཞིང་། དེ་ནས་རོ་དུར་ཁྲོད་དུ་སང་ཉིན་སྐྱེལ་བའི་དེ་
རིང་ལ་སྐར་བླ་ཞེས་ཡང་བླ་མ་གདན་འདྲེན་པར་བྱེད། དེ་ནས་དགུང་རྫོགས་སམ་ཞེ་དགུ་གང་བའི་ཉིན་རྫོགས་བླ་ཞེས་བླ་མ་གདན་འདྲེན་བྱེད། དེ་ལྟ་བུའི་དུས་ཚོད་གསུམ་ནི་ཆེས་གཙིགས་ཆེན་དུ་འཛིན་ཞིང་དེ་ལས་
བདུན་ཕྲག་བདུན་ཏེ་ཞག་མ་བཞི་བཅུ་ཞེ་དགུ་ལ་ཆོས་བཏོན་ནས་ཤི་བོར་བདེ་འགྲོ་ཐོབ་ཏུ་རེ་བ་བྱེད། བོད་ལ་རང་གི་སྲོལ་རྒྱུན་གྱི་རྩིས་བྱེད་པའི་རིག་གནས་ཕུན་སུམ་ཚོགས་པོ་ཡོད་ཕྱིར་དེ་ལས་བྱ་བ་བཟང་ངན་གང་ཞིག་བསྒྲུབ་ཀྱང་རྩིས་ལ་བསྟེན་ནས་བསྒྲུབ་ན་ལས་དེ་ཀ་ལམ་ལ་འགྲོ་བའམ་ལེགས་འགྲུབ་བྱེད་པ་དང་དེ་ལྟར་མ་བྱས་པར་གང་འདོད་དུ་ལས་བསྒྲུབ་ན་ཉི་ངན་སྐར་ངན་ལ་འཁེལ་ན་ལས་དེ་ལེགས་འགྲུབ་མི་འབྱུང་བ་མ་ཟད་དེ་ལས་དེ་ལས་ལྡོག་སྟེ་མི་འདོད་པའང་མང་བོ་འབྱུང་བར་ཁས་ལེན། དེ་བས་མི་ཞིག་ཤི་བ་ན་པུར་སྦྱངས་བྱེད་པར་ཅིས་ཀྱང་གཤིན་རྩིས་བྱེད་ལ་དོན་དུ་རོ་དུར་ཁྲོད་དུ་སྐྱེལ་བའི་ཉིན་ལ་“སྔས་རྫོགས་སྐར་གསུམ།”ལས་“སྐར་མ།”ཞེས་པ་ཡིན་མོད་ཡུལ་མི་ཚོས་རོ་དུར་ཁྲོད་དུ་སྐྱེལ་བའི་སྔར་ཉིན་ལ་སྐར་མ་ཞེས་བོས་པས་ད་ལྟ་ཟེར་སྲོལ་དེ་རྒྱུན་འབྱམས་སུ་ཆགས་ཡོད།
  “སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམ་ལ། ། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། ། ཨོམ་མ་ཎི་པདྨེ་ཧུང ཨོམ་མ་ཎི་པདྨེ་ཧུང ”ཞེས་ཚིགས་སུ་བཅད་པའི་རྐང་བ་གཉིས་རེའི་འཕྲོར་ཡིག་དྲུག་གཉིས་རེ་ཟློ་བའི་མི་ཤི་སྐབས་ཁོ་ནར་འདོན་ཚུལ་དེས་སྒོ་ཕྱི་ནང་ཀུན་དུ་གྲྭ་མང་གི་གཙོས་ཤ་ཉེ་འབྲེལ་དང་གྲོགས་པོ་གྲོགས་མོའམ་བཟང་ས་མང་བོས་སྒོ་ཕྱི་ནང་ཀུན་དུ་མཎ་བསྐུལ་འདོན་པའི་སྒྲ་དབྱངས་ཞིག་གིས་ཁྱབ་ཀྱིན་ཡོད། འཇིག་རྟེན་གཏམ་དཔེར།“ཤི་བོའི་ར་མདའ་ཆོས་ཡིན།”ཟེར་བས་སྤྱིར་ཆོས་འདོན་པའི་སྒྲ་དབྱངས་ནི་དགའ་འོས་པའི་དོན་དག་ཅིག་ཡིན་འོས་མོད་ང་ལ་སྒྲ་དབྱངས་དེས་སྐྱོ་བ་འཛད་དུ་མེད་པ་ཞིག་གི་ཁ་སྣོན་བརྒྱབ་བྱུང་། སེམས་སུ་“ད་ནི་གཞིས་ཁྱིམ་གཅིག་ན་བརྩེ་འཛུམ་གྱི་གསེར་ཞལ་མངོན་པའི་དྲིན་ཆེན་གྱི་ཕ་རྒན་འཇིག་རྟེན་འདིར་མིང་གི་ལྷག་མར་གྱུར་པ་དང་སང་ཉིན་ནས་གང་ཉིད་ཀྱི་པུར་ཡང་ང་ཚོ་དང་གཏན་དུ་གྱེས་འགྲོ་རན་པ་མ་ཡིན་ནམ།”སྙམ་བཞིན་སྙམ་བཞིན་མིག་མདུན་གྱི་གྲྭ་ཚོགས་དང་མི་མང་རིམ་བཞིན་རབ་རིབ་ཅིག་ནས་མེད་པར་གྱུར་བ་དང་ཐ་ན་འཇིག་རྟེན་འདིར་རང་ཉིད་གཅིག་པུ་ལས་གང་ཡང་ལྷག་མེད་པར་སྟོང་སེང་ངེ་བ་ཞིག་གི་སྣང་བས་ཁྱབ་པར་གྱུར། མཚམས་ཤིག་ཏུ་ཟས་གཏད་དམ་གསུར་ཕུད་པའི་དུས་ཚོད་ལ་ཐོན། ངས་ཐོག་མ་བྱས་ནས་ཟས་གཏད་སྐྱེལ་མཁན་ཚོའི་སྣེ་ཁྲིད་དེ་ལག་པ་འདར་བཞིན་གསུར་ཁྲི་ཆེན་པོ་དེའི་སྟེང་དུ་གསུར་རྫས་རྣམས་བླུགས། “འདི་ལྟར་མེ་ནང་དུ་ཟས་རིགས་བླུགས་པས་ཕ་དྲིན་ཆེན་གྱི་ཞལ་དུ་ཇི་ལྟར་འགྲོ། དྲི་ཟ་ཞེས་པ་ཇི་ལྟ་བུ་ཞིག་ལ་གོ་བ་ལེན། སྔོན་ཆད་མི་ཡུལ་དུ་ཡོད་པ་ལྟར་ཁ་ཟས་དང་བཏུང་བ་འདི་དག་གི་བྲོ་བ་མྱོང་སྲིད་དམ།”སོགས་སྙམ་བཞིན་གསུར་དུད་ཀྱི་ལྷབ་ལྷུབ་ཏུ་འཕྱུར་བའི་གསུར་དུད་འཕྱོ་སྟངས་ལ་ཧད་སོང་། “ཨ་བུ། ཨ་བུ། ད་ཕྱིར་འོང་རན།”ཞེས་པའི་ནུ་བོས་འབོད་སྒྲས་རྣམ་རྟོག་དེའི་འགྱུ་འཕྲོ་བཅད། སྐབས་དེར་མན་འདོན་དག་གི་ངག་ལས་མ་ཎི་བཟློ་བའི་སྒྲ་དབྱངས་སྔར་ལས་ཆེ་བར་གྱུར་ཏེ་འུར་ཏིར་ཏིར་བྱེད་བཞིན་འདུག རླུང་གི་རྒྱུ་བ་རྒོད་པོ་ཞིག་གིས་གསུར་དུད་ཆེན་པོ་གཡས་འཁྱིལ་གཡོན་འཁྱིལ་གྱིས་གང་ཞིག་ཏུ་ཁུར་འགྲོ་ལ། སྣ་ལམ་དུ་རྫས་སྣ་ཚོགས་ཚིག་པའི་དྲི་མ་ཞིག་གིས་གཙེ་འོང་། ངའི་སེམས་སུ། “ད་ནི་དྲིན་ཆེན་གྱི་ཕ་རྒན་འདི་ལྟར་དྲི་ཁོ་ནས་འཚོ་བའི་གནས་ཤིག་ཏུ་བུད་སོང་ཡོད་པས་བཟའ་བཅའ་ཡོད་ཚད་མེས་བསྲེག་པ་འདིས་ཚིམ་པར་སྨོན་ལམ་འདེབས་རྒྱུ་ལས་ཐབས་ཤེས་ཅི། འོན་ཏེ་སྐར་མའི་བླ་མ་དང་དགེ་འདུན་པ་འདི་དག་གིས་གསུར་མཆོད་འདི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཞིག་དང་། འཛད་དུ་མེད་པའི་བཅུད་ཀྱི་རྒྱ་མཚོ་ཞིག་ཏུ་བྱིན་གྱིས་བརླབས་ཡོད་ངེས་པས་ད་ནི་མི་ཡི་ཁ་ཟས་ལ་རོལ་སྟངས་ཤིག་གིས་ཐབས་ཤེས་མེད་སོང་བ་རེད།”སྙམ་བཞིན་གསུར་ཁྲི་དང་ཁ་བྲལ། འོན་ཏེ་འདི་དག་ནི་རང་སེམས་རང་གིས་གསོ་སྟངས་ཤིག་གམ་བཙན་གྱིས་སེམས་ལ་འཆར་དུ་བཅུག་པ་ལས་རང་བཞིན་གྱིས་འོང་བ་ཞིག་ནི་ཡེ་ནས་མ་རེད་པས། ཐབས་ཤེས་མེད་པ་ལས་དབང་ཆེན་ཞིག་འཇིག་རྟེན་འདི་ན་མི་འདུག ཕྱིར་ཉིན་གཤིན་རྩིས་སུ་བབས་པ་ལྟར་ནམ་གསལ་བར་ཆུ་ཚོད་གཉིས་ཙམ་ཡོད་པའི་དུས་ནས་པུར་ཁྱེར་བའི་མགོ་བརྩམས། “རེག་པ་ཤིང་ཡིན་པས་མཆོག་སྐྱབས་ཀྱིས་ཐོག་མར་པུར་ལ་རེག་དགོས།” “ཁྱི་ལོ་བས་ཤུལ་ཕྱགས་དགོས་ཕྱིར་མཚོ་གཅེས་ཀྱིས་ཕྱགས་མ་ཟུངས།”“ཤར་གཡོལ་དགོས་པས་
ཁྱེད་ཅག་གིས་འདི་ཕྱོགས་ནས་གསུངས་རོགས།”ཞེས་ཕ་རྒན་གྱི་གཉེན་ཉེ་ལོ་ལོན་ཞིག་ཡོད་པ་དེས་དམག་ལ་བཀོད་འདོམས་བྱེད་པ་ལྟར་པུར་ཁྱེར་བའི་སྔ་གཞུག་གི་ལས་ཚུལ་དག་རེ་རེ་བཞིན་བཀོད་སྒྲིག་བྱེད་ཀྱིན་འདུག གྲྭ་བ་འགའ་ཞིག་གིས་ཕྱག་ཏུ་མདོ་སྡེ་བསྐལ་བཟང་དང་། གཟུངས་བསྡུས་སོགས་པོ་ཏི་རེ་བསྣམས་པ་དང་བཀྲ་ཤིས་བརྒྱད་པ་གསུང་བཞིན་ཤར་ཕྱོགས་གཡོལ་བའི་ཚུལ་གྱིས་ལངས་བའི་མདུན་ནས་པུར་ཁྱེར་དེ་རླངས་
འཁོར་དུ་བཞག་ནས་པུར་སྐྱེལ་བ་སྔར་ནས་བཀོད་སྒྲིག་བྱས་ཡོད་པ་དག་དུར་ཁྲོད་ཀྱི་ཁ་ཕྱོགས་སུ་བསྐྱོད། དེ་ལྟར་དགུན་གྱི་ནམ་སྨད་ཀྱི་ཙག་བསེར་གྱི་ཁྲོད་ནས་ལམ་ལ་ཆས། ད་ནི་མི་རིང་བར་དྲིན་ཆེན་ཕ་རྒན་གྱི་པུར་དེ་ཤ་རྡུང་རུས་རྡུང་བྱས་ནས་བྱ་རྒོད་ཀྱི་ཁ་ཟས་སུ་སྦྱིན་རྒྱུ་ཡིན་པས་སེམས་ཡ་ཆུང་ནི་སྔར་ལས་འཁྱག་ཤུར་ཤུར་གྱི་ཚོར་བ་ཞིག་གིས་ཡོངས་སུ་བཏུམས། རླངས་འཁོར་ལས་འགའ་ཞིག་གིས་མ་ཎིའམ་ཅི་ཞིག་འདོན་པའི་སྒྲ་ཙམ་ལས་ཁ་བརྡ་གང་ཡང་མེད་པར་དགུན་གྱི་ཁུ་བྱུག་གི་བརྟུལ་ཞུགས་བཟུང་ནས་མུ་མཐུད་དུ་མདུན་དུ་བསྐྱོད། རླངས་འཁོར་གྱི་གློག་འོད་ལས་ཝ་མོ་རེ་རྒྱུག་འགྲོ་བ་མཐོང་བ་ལས་གཞན་ཅི་ཡང་མཐོང་དུ་མེད་པས་མི་ཡུལ་འདིའི་སྲོག་ལྡན་ཕལ་ཆེར་བ་གཉིད་ཀྱི་ཞིང་ཁམས་འགྲིམ་བཞིན་ཡོད་ཚོད་རེད། ང་ཚོ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཡས་མས་ཤིག་ཏུ་བསྐྱོད་མཚམས་ནས་དགོན་པ་འགའ་ཞིག་གི་རྡོ་གཅལ་དུ་པུར་བཞག་ནས་ཁྲུས་ཆབ་དང་ཕོ་བ་རེ་གསུང་དུ་བཅུག་ཏེ་ཉིན་གུང་ཙམ་དུ་དུར་ཁྲོད་ཆེན་པོ་དེར་ཐོན། དུར་ཁྲོད་དེ་ནི་བལྟས་པ་ཙམ་གྱིས་འཇིགས་སུ་རུང་བ་ཞིག་རེད་ལ། ས་དབྱིབས་ཀྱང་ཁྱད་པར་བ་ཞིག་རེད། ཐང་ཆེན་ཞིག་གི་ཡར་སྟོད་དུ་གློ་བུར་ཡར་འབུར་བའི་གདུང་ངམ་ཐོད་དམའ་མོ་ཞིག་གི་རྩེ་རུ་འདུག ཐོད་དེའི་རྩེ་མོ་ནི་བྱེད་པོས་ཆེད་དུ་བཟོས་པ་ལྟ་བུའི་རང་བྱུང་གི་རྐོ་མོ་ཆེན་པོ་ཞིག་སྟེ་རྩེ་རུ་མ་ཐོན་ན་ནང་མི་མཐོང་བ་ཞིག་རེད། དེའི་དཀྱིལ་དུ་ཤིང་གི་ཕུར་བ་རིང་བོ་ཞིག་བརྡབས་པའི་མདུན་དུ་རྡོ་ཕ་བོང་གྲུ་བཞི་ནར་མོ་སྣུམ་ཙིག་གེ་བ་ཞིག་འདུག་པས་དེ་ནི་ཤི་བོ་རེ་རེའི་པུར་ཐོག་མར་གསེས་ས་ཡིན་འདུག དེའི་མཐའ་སྐོར་དུ་རྡོ་ལེབ་ཆེན་པོ་མང་བོ་ཡོད་པ་དག་ཀྱང་སྣུམ་གྱིས་ཟིན་པ་ཤ་སྟག་རེད་ལ་རུས་པ་ཆུང་ཆུང་མང་བོ་ཞིག་གིས་ཕྱོགས་བཞི་མཚམས་བརྒྱད་ཁེངས་འདུག རྐོ་མོ་དེའི་སྟོད་ཀྱི་རྒྱབ་ཕྱོགས་ནས་གཞུང་གི་བར་དུ་དར་ལྩོག་ཧ་ཅང་མང་བོ་འཐེན་ཡོད་པས་རླུང་གིས་བསྐྱོད་རྒྱུ་མེད་པར་གྱང་ངམ་རྩིག་པ་བརྗིད་པོ་ཞིག་ལྟར་གྱུར་ཡོད། དེ་རུ་བཅར་བ་ཙམ་གྱིས་དྲི་མ་ཁ་བོ་ཞིག་གིས་ཡོངས་སུ་བཏུམས་འོང་། གྲི་རིང་བོ་དང་སྟ་རེ་ཆེན་པོ་འགའ་རེ་གཡས་གཡོན་དུ་གཡུག་འདུག སྐབས་དེར་རོ་བཤའ་རྒད་པོ་དང་གྲྭ་བ་གཅོད་པ་གཉིས་ཀྱང་འབྱོར་བྱུང་། གྲྭ་བ་གཅོད་པ་རོ་བཤའ་སའི་སྟོད་ཕྱོགས་ཀྱི་ཅུང་བཀྱེད་སའི་སར་བསྡད་ནས་མི་རྐང་ཤར་འབུད་བྱེད་པ་དང་དྲ་དྲིལ་རྔམ་སྟབས་ཀྱི་གཡུག་བཞིན་གཅོད་གསུང་བྱུང་། ང་ཚོས་ཕ་རྒན་གྱི་པུར་དུར་རྡོ་གཙོ་བོའི་སྟེང་དུ་བཞག་པ་ན་རོ་བཤའ་རྒད་པོ་དེས་ཧ་ཅང་ལག་བྱང་ཡོད་པའི་སྒོ་ནས་རོ་ཐག་རྣམས་གྲི་ཡིས་གཡས་གཏུབས་གཡོན་གཏུབས་བྱས་པ་དང་། སྔོན་ཆད་འབྲོག་པ་རྒད་པོས་ལུག་གི་ཤ་ཁོག་ཅིག་ལ་རེག་པ་ལས་ཀྱང་འཛེམས་མེད་དུ་པུར་ཁ་སྦུབ་ཏུ་བཞག་ནས་གྲི་རིང་བོ་དེ་བརྡར་ཙམ་བྱས་ནས་རྐེ་ལྟག་ནས་ཚང་རའི་བར་དང་རྐང་བ་དང་ལག་པ་རེ་རེའི་མགོ་མཇུག་ཏུ་གཤགས་བྱུང་། རང་གིས་མིག་མ་མ་ཐེབས་པར་རོགས་པ་ཚོའི་རྒྱབ་ཏུ་བུད་ནས་དར་ལྕོག་འཐེན་པར་ཁ་གཡར་ནས་ཕར་ཕྱོགས་སུ་གཡོལ་བ་ཡིན། དེ་བཞིན་དུ་ཤ་དག་ལྕབ་ལེ་ལྕབ་ལེ་བྱས་ནས་གཡས་གཡོན་དུ་གཡུག་པ་དང་སྟ་རེའི་སོ་དང་རྒྱབ་ཀྱིས་ཁྲོག་སྒྲ་དང་བཅས་སྐད་ཅིག་གིས་ཤ་རྡུང་རུས་རྡུང་དུ་བཏང་། གཅོད་པའི་མི་རྐང་དང་དྲ་དྲིལ་གྱི་སྒྲ་དང་བརྡུངས་སྟེ། མཁའ་དབྱིངས་ནས་ཐང་དཀར་རྒོད་པོ་མང་བོ་ཞིག་གིས་ལྡིང་སྐོར་གཅིག་རེ་བརྒྱབ་ནས་གཤོག་ཟུང་རྡོ་རིལ་བཞིན་བརྐུངས་ཏེ་ཤུར་སྒྲ་ཆེན་པོ་དང་བཅས་ཐད་ཀར་ཤ་རུས་གཙབ་པའི་སྟེང་དུ་བབས། སྔོན་ཆད་བྱིས་པ་ཡིན་པའི་སྐབས་སུ་ནོར་ལུག་གི་རོ་སྟེང་དུ་བབས་པའི་བྱ་རྒོད་དག་ཟུར་ནས་རིག་ན་ཅི་མ་རུང་སྙམ་པ་ནས་བཟུང་ད་ལྟའི་བར་དུ་འདི་འདྲའི་ཐག་ཉེ་ཞིག་ནས་མཐོང་མ་མྱོང་། བྱ་རྒོད་དག་གི་མགྲིན་པ་ནས་འུར་སྒྲ་མང་བོ་སྒྲོག་པ་དང་ལྷན་དུ་ཤ་རུས་དག་འཐེན་བརྒྱང་བྱས་ནས་སྐད་ཅིག་གིས་ཟོས་ཚར་སོང་། བྱ་རྒོད་དག་གི་མགྲིན་པ་རིང་ཞིང་ཕྲ་བ་དག་ནས་འདི་འདྲའི་ཤ་རུས་ལྕབ་ལེ་དག་ཇི་ལྟར་ཁྱུར་མིད་ཐུབ་པ་ཡིན། མིད་ནས་ཀྱང་ཇི་ལྟར་ཞི་ནུས་པ་ཡིན་སྙམ་པ་ཞིག་རེད། “སྐྱིད་ལ། བྱ་ཡག་པོ་བབས་སོང་།”“དེ་འདྲ་ལོས་ཡིན་བླ་བདེ་བོ་དེའི་སེམས་ཡག་ཡག་གི”རོགས་པ་ཚོས་སྐད་ཆ་དེ་དག་ཡང་ཡང་ཟློས་བྱུང་། ངས་ཀྱང་ལེགས་སོང་ཞེས་པའི་བརྡ་ལ་མགོ་བོ་ནང་དུ་གུག་གུག་བྱས་པ་ཡིན། འོན་ཏེ་སེམས་ལ་ནི་པུར་བྱ་ལ་སྦྱིན་པའི་སྲོལ་འདིར་ཡིད་གཏིང་ནས་ཆད་སོང་། མི་རིགས་མང་བོ་ཞིག་གིས་རང་གི་བཟའ་མི་ཞིག་ཤི་བ་ན་ལུས་པོ་གཙང་མ་བཀྲུས་ཏེ། གོས་ཡག་པོས་བཀླུབས་པ། སྒམ་གྱི་ནང་དུ་ལེགས་པོར་བཞག་སྟེ་དངོས་རྫས་དང་ཁ་ཟས་སོགས་བཟང་བོ་ཡང་མཉམ་དུ་སྒམ་ལ་བཅུག་ནས་ས་གཙང་སའམ་སྐྱིད་ས་ཞིག་ཏུ་སྦས་པ་ནི་ཇི་འདྲའི་བརྩེ་བ་མཚོན་པའི་བྱེད་སྟངས་ཞིག་རེད་ཨང་སྙམ་པ་བྱུང་། གཞལ་དུ་མེད་པའི་དྲིན་གྱིས་བསྐྱངས་པའི་ཕ་མ་ལྟ་བུའི་པུར་ལ་གྲི་དང་སྟ་རེས་སོ་ཁ་ཚད་རྒྱུ་ནི་དངོས་གནས་སེམས་ཀྱིས་མི་བཟོད་པ་ཞིག་རེད་སྙམ་བྱུང་། རང་རེའི་ཆོས་ཕྱོགས་ཀྱིས་བཤད་ན་སྲོག་ལྡན་གང་ཞིག་གི་དབུགས་ཆད་ཚེ་ཕུང་བོ་ནི་ས་རྡོ་ལ་གྱུར་བ་ཡིན་པས་དེར་སྙིང་རྗེ་སྐྱེ་མི་དགོས། ཕུང་བོ་བྱ་ལ་སྦྱིན་པ་ནི་མི་ཞིག་གི་རང་ངོས་ནས་ཆེས་མཇུག་མཐའི་དགེ་བ་བསྒྲུབ་པ་ཡིན་པ་དང་དེ་བཞིན་དུ་གཅོད་ཀྱི་ཆོ་ག་སོགས་ལ་བརྟེན་ནས་ཕུང་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་ནས་མཁའ་འགྲོ་ཆོས་སྐྱོང་གང་ཞིག་གི་ཞལ་ལ་ཕུལ་བས་དེ་ནི་དགེ་བ་དང་ཚོགས་བསགས་རྒྱ་ཆེན་པོ་ཞིག་ཡིན་པ་སོགས་མང་བོ་མང་བོ་ཞིག་བཤད་དུ་ཡོད་མོད། འདི་དག་དད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་མ་ཐོན་བར་དུ་ཇི་འདྲའི་བཟོད་སྒོམ་དཀའ་བ་ཞིག་རེད།

             ༤
  ཕྱིའི་རྒྱུ་ནོར་ལོངས་སྤྱོད་ནས་ནང་དོན་ལྔ་སྣོད་དྲུག་ཕ་རྒན་གྱི་ལུས་ཕུང་བྱ་སྦྱིན་དང་མཉམ་དུ་མི་དམིགས་སྟོང་བའི་དབྱིངས་སུ་འཇའ་བཞིན་ཡལ་སོང་བའི་སྣང་བ་ཞིག་གིས་ཕྱིར་ལོག ཡུལ་མི་ཚོས་གཅིག་རྗེས་གཉིས་མཐུད་དུ་“བྱ་ཡག་པོ་ཨེ་བབས་ཐལ།”“བྱས་ཡག་པོ་ཟོས་ཨེ་སོང་།”སོགས་ཀྱི་རེ་བ་ཆེན་པོའི་དྲི་བ་དག་རེ། ཁོ་ཚོར་ཡང་ཅི་ཁག་ཏེ་མི་ལ་ལ་ཞིག་གི་པུར་ནི་གཅོད་པས་ཇི་ལྟར་བྱ་འགུགས་བྱས་ཀྱང་བར་སྣང་དུ་བྱ་ཞིག་གི་གྲིབ་མ་ཙམ་ཡང་མཐོང་དུ་མེད་པ་དང་། བར་སྣང་དུ་ལྡིང་སྐོར་འགའ་རེ་རྒྱག་མཁན་ཙམ་ཡོད་ནའང་ཅི་ཞིག་ལ་ཞེན་པ་ལོག་པ་ལྟར་བྱ་ལམ་གང་ཞིག་ནས་ཡལ་འགྲོ་བ་སོགས་ཀྱི་སྣང་ཚུལ་འགའ་རེ་བྱུང་མྱོང་བས་དེ་ནི་ཁྱིམ་མི་གཉེན་ཉེ་ཚོས་བཟོད་དུ་མེད་པའི་སྡུག་བསྔལ་ཞིག་ལོས་ཡིན། དེ་བས་ཡུལ་མི་ཚོས་ཀྱང་དྲི་བ་དེ་དག་ལོས་འདྲི་ཨང་། མི་ཞིག་ཤི་ནས་པུར་བྱ་སྦྱིན་གྱི་བར་ནི་ཆེས་བྲེལ་བ་ཆེ་བའི་གཤིན་པོའི་དགེ་བ་བསྒྲུབ་པའི་དུས་ཚོད་ཡིན་ལ། དེའི་རྗེས་ནས་དགེ་འདུན་པ་བཞི་སྡེ་ལྟ་བུ་རེས་ཉིན་རྒྱུན་ཆོ་ག་སྟབས་བདེ་རེ་གསུངས་རྒྱུ་སྟེ་ཞེ་དགུ་དེད་པ་ཞེས་བདུན་ཕྲག་བདུན་ལ་ཆོས་འདོན་དུ་འཇུག་རྒྱུ་དེ་རེད། དགོངས་ཞག་བཞི་བཅུ་ཞེ་དགུའི་རིང་ལ་ངས་ཕ་རྒན་དང་འབྲེལ་བའི་འདས་དོན་བཞི་བཅུ་བཞི་བཅུ་ཞེ་དགུ་རྨི་ལམ་དུ་རྨིས་སོང་ལ། ཉིན་མོ་ཡང་མཚམས་དང་མཚམས་སུ་ཁོང་ཉིད་མི་ཡུལ་དུ་བཞུགས་དུས་ཀྱི་བརྩེ་བའི་བྱ་སྤྱོད་དག་བརྙན་ཡོལ་དུ་གཟུགས་རིས་ཤར་བ་ཅི་བཞིན་སེམས་ཀྱི་ངོས་སུ་གསལ་ལྷང་ངེར་ཤར་ཡོང་། ཕ་དྲིན་ཆེན་ཁོང་ཉིད་ཀྱི་མི་ཚེ་གང་བོར་བཟའ་མི་དག་གི་ལྟོ་རྒྱབ་ཀྱི་ཆེད་དུ་“ནང་སྔ་ལངས་སྐར་ཆེན་གྱིས་ཞྭ་དང་། དགོང་འཕྱི་ཉལ་བ་མོ་ཡིས་ལྷམ།”བྱས་ཏེ་འབད་པའི་དཀའ་སྡུག་གི་ལོ་ཟླ་དག་དང་། མི་ཚེ་གང་བོར་རྫུན་དང་གཡོ་སྒྱུ་མེད་ཅིང་། གཞན་ནོར་བརྐུ་མ་མྱོང་ལ། དོན་མེད་རི་དྭགས་གསོད་མ་མྱོང་བ། ཐ་ན་གནའ་ནས་ད་ལྟའི་བར་དུ་མནའ་ལྐུགས་ཤིག་ཀྱང་བྱེད་མ་མྱོང་བའི་མི་བུ་ཡ་རབས་ཤིག་ཡིན་པ་སོགས་འཇིག་རྟེན་པ་དེ་འདྲ་ཤིན་ཏུ་དཀོན་པོ་ཞིག་ཡིན་པའི་དོན་དངོས་རྣམས་ད་སོ་མར་རེ་རེ་བཞིན་ཤེས་འོང་བས་ན། འཇིག་རྟེན་གཏམ་དཔེར། “ཐག་ཉེ་ན་མིག་གིས་སྨིན་མ་མི་མཐོང་།”དང་།“ཕ་མ་ཡོད་དུས་དུང་བ་མེད། དུང་བ་ཡོད་དུས་ཕ་མ་མེད།”ཅེས་པའི་དཔེ་ལས་མ་འདས་པར་རང་ཉིད་ཀྱིས་ཕ་དྲིན་ཆེན་མི་ཡུལ་དུ་བཞུགས་པའི་དུས་སུ་ཁོང་གི་རེ་བ་གང་ཞིག་བསྒྲུབ་ཐུབ་མེད་ངེས་དང། ཡིད་ཆེས་གང་ཞིག་སྟོང་བར་བཏང་ཡོད་ངེས་སྙམ་པའི་འགྱོད་གདུང་ཆེན་པོ་སྐྱེས་རྒྱུ་ལས་ཅི་ཡོད། ད་ནི་ཕ་དྲིན་ཆེན་གྱི་ཡ་རབས་བྱ་སྤྱོད་དག་སེམས་ལ་དམ་པོར་བཟུང་ནས་ཁོང་ཉིད་ཀྱི་བརླ་མི་རྫོད་པར་འབད་པ་བྱེད་པའི་དམ་བཅའ་རེ་བྱེད་རྒྱུ་ལས་གང་ཡང་ལྷག་མེད། དེ་བཞིན་དུ་“ཤི་བོའི་ར་མདའ་ཆོས་ཡིན།”པས་སེར་སྣ་དང་ངོམ་ཆོས་ཀྱིས་མ་བསླད་པའི་དགེ་བ་རྣམ་དག་ཅིག་ཅི་འགྲུབ་གང་འགྲུབ་བྱེད་རྒྱུའི་འོས་འགན་ཡོད་པ་སྨོས་ཅི། ཁྱིམ་མཚེས་ཚང་གི་བུས་ལག་ཏུ་ལོ་ལོན་ལ་འཕྲོད་པའི་ཟས་རིགས་མང་བོ་བཟུང་ནས་གྲོང་རྡལ་ནས་རང་གི་ཕ་མར་མཇལ་དུ་ཐོན་བྱུང་། ཁོས་ངག་ལས་“ཨ་ཕ། ཨ་ཕ།”ལན་གཉིས་བོས་པ་ནི་ངའི་རྣ་བར་ལྩགས་ཀྱི་གཟེར་མ་ཞིག་བརྡབ་པ་ལྟར་བྱུང་ལ། རིམ་གྱིས་སྨྲ་མི་ཤེས་པའི་ཚོར་བ་སྐྱོ་བོ་ཞིག་གིས་ལུས་སེམས་ཡོངས་སུ་སྦྲིད་པར་གྱུར།

               ༢༠༡༤ལོའི་སྤྱི་ཟླ་༡པོའི་ཚེས་༣༠ཉིན་རྒྱལ་མོ་ཚ་བ་རོང་དུ་མཇུག་རྫོགས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།