གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མདའ་བཙན་པོའི་སྒྲུང་གསར་བ། jལགས་ཀྱི་པི་ཝང་།

2015-06-06 23:07:29 མདའ་བཙན་པོ། ཀློག་གྲངས། མཆན ཡོད།

         
             ༡
  ལོ་རྒྱུས་ཟེར་བ་དེ་འདས་ཟིན་པའི་རོ་སྒམ་ཏུ་སྦས་པ་བཞིན། ཁ་བ་ཡུན་རིང་དུ་བབས་པའི་རྐྱེན་གྱིས་དུས་ཚོད་ཀྱི་མེ་ལོང་དུ་ཤར་བའི་མིའི་རྐང་རྗེས་དང་། རྟའི་རྨིག་རྗེས། གཅན་གཟན་གྱི་སྡེར་རྗེས་སོགས་ཚེ་སྲོག་གི་ཡིག་འབྲུ་སྟོན་བྱེད་ཀྱི་མཛེས་པ་ཡོད་ཚད་ང་ཚོས་མཐོང་ཐུབ་བྲལ་ལ། དེ་བཞིན་དུ་ཞོགས་པའི་ཕྲག་སྟེང་ནས་སྦར་བའི་དུས་ཀྱི་སྒྲོན་མེ་དེ་ཡང་ས་སྲོད་ཀྱི་མཁར་གྱང་མཐོན་པོའི་རྩེ་ནས་ལྷུང་ཏེ་མུན་ནག་གི་འོབས་དོང་ན་ལུས་འདུག རང་ཅག་གིས་ཀློག་ཐབས་བྲལ་བའི་སྐར་མའི་ཚོགས་ཀྱི་གཟུངས་སྔགས་ཟབ་མོ་ནི་སའི་གོ་ལའི་སྤྱི་གཙིག་གི་ཆེས་མཐོ་བའི་ནམ་མཁའི་སྟེགས་བུ་ན་ཁྲ་ལམ་མེར་འཚེར་ལ། སྐབས་འདིར་རླུང་བུ་དང་ཐང་སྟོང་གི་བར་ནས་ཡུན་རིང་ལ་ཁུ་སིམ་མེར་བསྡད་པའི་སྟོང་བ་ཡོད་ཚད་ཀྱིས་རང་གི་ལུས་སྟེང་གི་ས་རྡུལ་མ་ལུས་དག་པར་བཀྲུས་པ་བཞིན་jལགས་ལ་ཡང་ཞིང་། དྭངས་ཤིང་། བསིལ་བའི་སྣང་བ་ཁྱད་པར་ཅན་ཞིག་ཁད་ཀྱིས་སྐྱེ་བར་བྱས་སོང་།
  j ལགས་ནི་ཁྱིམ་དང་གཉེན་ཉེ་མེད་ལ། ཁྲིམས་དང་རྒྱལ་ཁབ་མེད་པ། གཡོ་དང་སྐྱོ་ངལ་མེད་པའི་སྲོག་ཆགས་རིགས་ཤིག་ཡིན་ལ། དེ་མིན་གཞན་དང་མི་མཚུངས་པའི་ཁོའི་ཁྱད་ཆོས་ཤིག་ནི་ཁོ་ཉུལ་རྒྱུར་དགའ་བ་ལས་ལྷམ་གྱོན་པར་མི་དགའ་བ།  ཁེར་ལབ་རྒྱག་པ་ལས་གཞན་དང་ལབ་གླེང་མི་བྱེད་པ། དུས་ནམ་ཡང་མཚན་མོའི་སྨག་རུམ་ཁྲོད་ནས་དཔེ་ཆ་ཀློག་པ་ལས་ཉིན་མོར་དཔེ་ཆའི་ཁ་ཙམ་ཡང་མི་འབྱེད་པ། གྲོང་དང་གྲོང་ཁྱེར། ཞིང་སྡེ་སོགས་མིའི་ཚོ་ཁག་གིས་གྲུབ་པའི་དྲ་རྒྱའི་གསེབ་ཏུ་མི་འོང་བར་རྩེབས་ལ་ཉེ་བའི་ཡུ་མོ་ཞིག་ལྟར་དབེན་པ་ནས་དབེན་པ་བསྙེག་པར་དགའ་བ་སོགས་ཁོ་སྲོག་ལྡན་ཞིག་ཡིན་པ་ལས་གཞན་རིགས་ཅི་ཞིག་ཡིན་པ་སུས་ཀྱང་རྟོགས་པར་དཀའ་འོ།།
  སྐབས་འདིར་ང་ཚོས་ཁོ་ལ་ jལགས་ཟེར་དོན་ནི་བརྩམས་སྒྲུང་གི་དགོས་མཁོའི་ཕྱིར་ལས་ཁོའི་རུས་མིང་དངོས་ནི་ཤེས་ཐབས་བྲལ་ལོ།།

              ༢
  ལྷ་སྒྲུང་གི་གངས་རི་གཏོས་ཆེ་ལ་གཏམ་རྒྱུད་ཀྱི་མཚོ་མོ་མཛེས་དྲགས་པའི་མཐོ་སྒང་གི་སྒལ་ཚུགས་ན་གསེར་མདོག་དང་གཟི་བྱིན་གྱིས་འགྱིང་བ་ནི་ཕོ་བྲང་པོ་ཏ་ལ་ཡིན་ལ། མཚོ་ཡི་གདན་ལ་བྲག་གི་ཁྲི་བཞག་ཏེ་ལོ་རྒྱུས་ཀྱི་དཀྱིལ་ཀྲུང་མ་བཤིག་པའི་ཕོ་བྲང་འདི་ཉིད་ང་ཡི་བརྩམས་སྒྲུང་ལ་འབྲེལ་བ་ཆེ་ཙམ་མེད་མོད། མཐོ་སྒང་གི་རི་ཁུག་ཅིག་ན་ལོ་རྒྱུས་ཀྱི་མིག་ཆུ་མ་སྐམ་ལ་བདེན་དོན་གྱི་རྩད་པ་མ་རུལ་བར་ཡར་ཀླུང་གི་འདས་དོན་ལ་ཁུ་སིམ་མེར་གསན་གྱིན་པ་ནི་བཙན་པོའི་བང་སོ་དག་མིན་ནམ།
  དེ་ལས་ཀྱང་མཐོ་སྒང་གི་འདབ་ཁ་ཞིག་ན་བྱེ་སྒང་གི་འགྲམ་པ་སེར་ཀས་ཟགས་བཞིན་མཁར་རོའི་རུས་རྐང་རླུང་གིས་བསེད་
ཀྱིན་པ་ནི་གུ་གེའི་མཁར་ཤུལ་མ་ཡིན་ནམ།
  སྐྱེས་བུ་ཞིག་གི་སྙིང་རུས་སྲ་མོ་རྡོ་བས་རུམ་པའི་ངོ་མཚར་གྱི་བྱུང་བ་ཉི་འོད་དུ་འདྲེས་ཤིང་འུ་ཅག་གི་གླུ་ངག་ལ་དུག་དང་ནད་ཡམས། ཟོལ་དང་བཅོས་མ་སོགས་ཀྱིས་ཁེངས་པའི་དུས་རབས་འདིར། དབྱར་ཀ་ནི་ཁྱོད་ཀྱི་ཨ་ཕའི་ཁ་སང་དང་དགུན་ཁ་ནི་ཁྱོད་ཀྱི་དེ་རིང་གི་མངོན་སུམ་ཡིན་པས། ས་སྲོད་ཀྱི་རྨ་ཁ་རྣག་གིས་ཟིན་གྱིན་པའི་དུས་ཚོད་ཅིག་ལ་ j ལགས་ཀྱིས་རང་གི་པི་ཝང་འཚོལ་བའི་ལས་ཀ་དེ་དང་དུ་བླངས་སོང་།
  j ལགས་ཀྱི་པི་ཝང་ནི་ད་བར་ཏུ་སུས་ཀྱང་མཐོང་མ་མྱོང་བ་འདྲ་སྟེ།  གསལ་བྱེད་ཟེར་བའི་རྔོན་པ་ཞིག་གིས་“དེ་ནི་དཔའ་བོའི་སྙིང་སྟོབས་དང་མཛངས་མིའི་ཐབས་ཇུས་ཀྱིས་བཟོས་པའི་མཚོན་ཆ་ཞིག་གོ”ཟེར་ལ།
  ཡང་དབྱངས་ཟེར་བའི་གར་མ་ཞིག་གིས་བཤད་ན་“དེ་ནི་ཉི་འོད་ཀྱི་ཚོན་མདོག་དང་རྦ་རླབས་ཀྱི་ཐིགས་རིས་ཀྱིས་གྲུབ་པའི་ཐང་ཀ་ཞིག་གོ”ཟེར།
  མཛེས་སྡུག་མ་ཉམ་པའི་མེ་ཏོག་གི་བཀྲག་མདངས་དང་བརྩེ་བས་ཁེངས་པའི་རི་དྭགས་ཀྱི་མིག་ཟུང་ལས་མངོན་པ་ནི། དེ་ནི་པི་ཝང་ཞིག་མ་ཡིན་པར་སྲོག་ལྡན་ཡོད་ཚད་ཀྱི་ཤེས་རབ་དང་བརྩེ་བ། མཛེས་སྡུག་དང་རྨི་ལམ། ཡིད་ཆེས་དང་སྤོབས་པ་ཐ་དག་ཕྱོགས་གཅིག་ཏུ་བསྡུས་པའི་ཡུལ་ལྗོངས་ཤིག་ཏུ་གཟུང་འདུག
  འོན་ཀྱང་། ཚོན་རིས་ཀྱི་མཛེས་པ་མི་མངོན་པའི་དེབ་ཐར་དང་ངག་རྒྱུན་དག་གི་མུན་པའི་གསེབ་ནས་སྐར་མ་ལྟར་བརྡོལ་ཏེ་མི་ཚོས་གླེང་གིན་པ་ནི་པི་ཝང་ཡིན་པས་ན། གུས་པོས་པི་ཝང་ཞེས་མི་གླེང་ཐུ་མེད་དུ་གྱུར་སོང་།

             ༣
  ཞོགས་པ་དེ་ནི་དུག་སྦྲུལ་དང་གཅན་གཟན། ལྕགས་ཆས་དང་རྫས་ངན་སོགས་ཀྱི་ཧྲག་བར་ཕྱེ་པའི་ལོ་རྒྱུས་ཀྱི་ཁྲོད་ཀྱི་ཞོགས་པ་ཞིག་ཏེ། ཞོགས་པ་དེར། དམག་འཁྲུག་མཚོན་བྱེད་དུ་ཁྲག་དམར་བརྡོལ་ཞིང་། ནད་ཡམས་དང་མུ་གེ་མཚོན་བྱེད་དུ་མིག་ཆུ་བྱུང་སོང་།
  ཞོགས་པ་དེར། ཁྲོམ་ར་ལྟར་འཁྲུག་ཆ་དོད་པོའི་མི་སེམས་ཀྱི་གཡོ་སྒྱུ་དང་ཚུལ་འཆོས་ཀྱི་སྡོམ་དྲས་ j ལགས་རང་ཅག་དང་ཉེ་བར་བཅར་སའི་ལམ་བུ་རེ་རེ་ཤུལ་མེད་དུ་བཟོས་ཤིང་། ཁ་མདོག་དང་གཟུགས་དབྱིབས་ལེགས་པར་སྟོན་པའི་རོལ་ཆས་ཤིག་ཅིག་ཀྱང་སིལ་བུར་གཏོར་སོང་།
  ཞོགས་པ་དེར། ལོ་རྒྱུས་ཟེར་བའི་འཕྱོན་མ་དེ་དང་དུས་རབས་ཟེར་བའི་འཁྱམ་པོ་དེའང་བུ་ཕྲུག་བོར་བའི་ཕ་མ་གཉིས་དང་འདྲ་བར་དུས་ཚོད་ཀྱི་ཉག་ཁ་ན་སྐྱོ་བས་གཟེར་ལ། ང་ཡི་སྙན་ངག་ཁྲོད་ཀྱི་ཐ་སྙད་མང་བོ་ཞིག་ཀྱང་ཟིལ་བ་ལྟར་སྐམ་སོང་།
  ཞོགས་པ་དེར། jལགས་ཀྱི་པི་ཝང་ཡང་འཇིག་རྟེན་གྱི་རྨི་ལམ་དང་། དུས་ཚོད་ཀྱི་རྨི་ལམ་དང་། མི་སེམས་ཀྱི་རྨི་ལམ་དང་། ང་ཡི་རྨི་ལམ་སོགས་ལས་རིང་དུ་གྱེས་ལ། གློག་ཞགས་ཀྱི་རྨ་ཁ་དང་ཆར་བའི་ཁྲག་ཐིགས། མུན་ནག་གི་ཁེར་རྐྱང་དང་རླུང་བུའི་ངུ་ཤུམ་སོགས་ཀྱི་བརྡ་སྤྲོད་ཀྱང་ཁག་པར་བྱས་སོང་།
  འོན་ཀྱང་། བརྩེ་བ་ཟེར་བའི་བུ་མོ་ཞིག་གིས་ཉི་འོད་དང་ལྷན་ཏུ་ང་ཡི་སྒེའུ་ཁུང་བརྡུང་བའི་སྒྲ་ནི་“j j j”ཟེར་བ་དང་འདྲ་བོ་འདུག་གོ།

                 

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།