གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲྭ་ལོག་དང་བརྩེ་དུང་།

2015-06-13 12:15:58 ལྡོང་རྦ་རླབས། ཀློག་གྲངས། མཆན ཡོད།


  ཉེ་ལམ་དྲ་ལམ་ཁག་ན་ཁྱེད་ཀྱི་སེར་བོའི་བརྙན་ཐུང་དེ་ཚ་ཤས་གྱུར་འདུག ལ་ལས་ཁྱེད་ཀྱི་ངོ་ལྤགས་མཐུག་ཚུལ་གླེང་གྱིན་ཡོད། ཡང་ལ་ལས་ཁྱེད་ཀྱི་ཀླད་པ་རྒྱུན་ལྡན་མིན་ཚུལ་ལབ་ཀྱིན་ཡོད། གང་ལྟར་ང་གཅིག་པས་ཁྱེད་ལ་བདེན་ཁ་བསྩལ་ནས་ཁྱེད་ཀྱི་གཞུང་རྒྱུད་དྲང་ཚུལ་དང་གཞན་གྱིས་བསླུ་བྲིད་ཐེབས་ཚུལ་གླེང་གྱིན་ཡོད། ཡིན་ནའང་བསམ་དབང་དྲན་མེད་པར་དོན་དག་ཡོད་ཚད་བྱུང་ཚར་བས། ངས་ཀྱང་དོན་དངོས་འདི་དང་ལེན་མི་བྱེད་ཀ་མེད་རེད། དེ་བས་ངས་ཁྱེད་ལ་ལེ་བདའ་བྱེད་ཀི་མེད་ལ། ངས་རང་གི་ཡོད་ཚད་ཁྱེད་ཀྱི་ཆེད་དུ་ཕུལ་བའང་གཏན་ནས་འགྱོད་པ་སྐྱེས་ཀྱིན་མེད། ཁྱེད་ཀྱིས་ཤེས་ཨེ་ཡོད། ང་ཁྱེད་དང་འགྲོགས་པའི་ཉིན་དེ་བཟུང་ངས་བསླབ་ཁྲིམས་ཤར་ལ་གཡུགས་ཏེ་སེམས་ཅན་འདྲེན་པའི་དེད་དཔོན་ངར་ཉིད་ཀྱི་སྟོན་པར་འགལ་ཡོད། བཀའ་སློབ་སྣང་མེད་བཞག་སྟེ་དྲིན་ཆེན་གྱི་བླ་མར་འགལ་ཡོད། ད་དུང་རེ་བཞག་རྒྱབ་ཏུ་བསྐྱུར་ཏེ་བརྩེ་ཆེན་གྱི་ཕ་མར་འགལ་ཡོད། དྲང་མོར་བཤད་ན་འདི་དག་ནི་ཁྱེད་དང་འུ་གཉིས་ཀྱི་བརྩེ་དུང་ལ་བསྡུར་ན་ངས་ཅི་ཡང་མ་རེད་འདོད་མྱོང་། ཡང་ཅིག་བཤད་ན་ང་བརྩེ་དུང་རིང་ལུགས་པ་ཞིག་ཡིན་ནའང་ཐང་། གང་ལྟར་ངས་འདི་ཐམས་ཅད་ནི་ཆོས་ཉིད་དུ་བརྩིས་ནས་ལས་དབང་དུ་སྒོམ་གྱིན་ཡོད།
  ཏག་ཏག་མིག་ཟུང་བཙུམས་ན་ངས་དང་ཐོག་ཁྱེད་རང་མཐོང་བའི་སྣང་བརྙན་དེ་དྲན་གདུང་དང་ཞེན་ཆགས་ཀྱི་ཀློང་ནས་ང་ལ་ཆེས་བག་ཆགས་ཟབ་པའི་གློག་བརྙན་བཞིན་འཆར་འོངས། ཉིན་དེ་ནི་ང་སེར་མོ་བ་ཚོའི་འཚོ་བ་ལ་ཡིད་སྨོན་སྐྱེས་པའི་ཉིན་ཞིག་ཡིན་ལ། རང་ཉིད་གྱི་དད་པ་ལ་གཡོ་འགུལ་བྱུང་བའི་ཉིན་ཞིག་ཀྱང་ཡིན། ཞོགས་པའི་ཉི་ཟེར་མདུན་གྱི་རི་རྩེ་ནས་དལ་བར་འཕགས་ཤིང་། དགོན་པའི་གླིང་དཀྱིལ་ན་གཟི་བརྗིད་ཀྱིས་འགྱིང་བའི་ལྷ་ཁང་དག་གི་རྒྱ་ཕིབས་ལ་རེག་ཙ་ན། དགོན་པ་ནི་སྐད་ཅིག་དེ་ཉིད་དུ་གསེར་མདོག་གི་འཇིག་རྟེན་ཞིག་ཏུ་གྱུར་ཞིང་། སྐོར་ཐ་ན་མཇལ་སྐོར་བ་མང་བོས་གཅིག་ལས་གཅིག་མགྱོགས་ཀི་བང་རྩལ་འགྲན་བཞིན་གསེར་མདོག་གི་འཇིག་རྟེན་ལ་བསྙེགས་པ་དང་གཉིས་སུ་མ་མཆིས། ད་དུང་གྲྭ་ཤག་དག་གི་ཁང་ཀླད་ན་གྲྭ་ཕྲུག་ཚོའི་སྐྱོར་སྦྱང་གི་དབྱངས་རྟ་ནི་དྲི་ཟའི་བུ་མོའི་དབྱངས་སྙན་དང་ཀུན་ནས་མཚུངས། དེ་མ་ཐག་ང་རྒྱུན་ལྡན་ལྟར་ཟམ་ཁ་དེ་རུ་གོ་རེ་ཉོ་རུ་སོང་། ང་ཟམ་ཁ་དེ་རུ་ཐོན་དུས་ངའི་རྒྱུན་ལྡན་ལྟར་གོ་རེ་ཉོ་སུའི་རྒན་མོ་དེ་མི་མཐོང་ལ། རྒན་མོ་དེའི་ཁ་མ་ན་བུ་མོ་གཞོན་ནུ་ཞིག་གིས་གོ་རེ་འཚོང་བཞིན་འདུག དེ་ནི་ཁྱེད་རང་ཡིན་ལ། ངས་ཁྱེད་ལ་༼ཨ་ནེ་རྒན་མོ་དེ་གང་དུ་སོང་༽ཅེས་དྲིས། ཁྱེད་ཀྱིས་༼ཨ་ནེ་ཡུལ་ལ་བུད་སོང་། ཁོ་མོའི་གོ་རེ་ངས་འཚོང་གིན་ཡོད་༽ཟེར་བཞིན་མིག་ཟུང་སྐྱེངས་པའི་ངང་ཚུལ་གྱིས་ང་ལྟ་ཙམ་ལྟ་ཙམ་བྱས། འདི་ནི་འུ་གཉིས་ཀྱི་ཆེས་ཐོག་མའི་ཁ་བརྡ་ཡིན་ལ། ཡོད་ཚད་འགོ་བརྩམས་པའི་ཁ་བརྡ་ཞིག་ཀྱང་ཡིན། དེ་བས་ང་ཅུང་ཙམ་ཧེད་པར་ལུས་རྗེས་གློ་བུར་དུ་དྲན་པ་སངས་བའི་ཚོར་ཞིག་དང་ལྷན་དུ་རང་གིས་རང་ལ་༼ང་ནི་གྲྭ་ཞིག་ཡིན། ང་ནི་གྲྭ་བ་ཞིག་ཡིན་་་་་་་་་་༽ཅེས་ནན་བཤད་ཀྱིས་རང་གི་རྒྱ་ཡན་དུ་གྱུར་བའི་སེམས་པ་བདག་པོ་བརྒྱབས།
  མཐའ་མར་ང་ཅི་བཤད་འདི་བཤད་མེད་པར་བྲོས་མ་སྟབས་ཀྱིས་གྲྭ་ཤག་ལ་ཐོན་དུས་གོ་རེའི་རིན་ཡང་སྤྲད་མེད་པ་གཞི་ནས་ཚོར། ཕྱིར་ཉིན་རང་གིས་རང་ལ་སེམས་ཤུགས་བསྩལ་ཏེ་ཆད་ལྷག་བྱུང་བའི་སྒོར་མོ་སྤྲད་པ་དང་ཞོར་དུ་གོ་རེ་ཡང་ཉོས། དེ་ལྟར་དུ་དུས་ཚོད་མང་བོ་ནི་སྐད་ཅིག་སྐད་ཅིག་ཏུ་འདས། མཚམས་ཤིག་ལ་ཐོན་དུས་འུ་གཉིས་ཕན་ཚུན་ལ་ལོབས་ཤིང་། ང་ཡང་གོ་རེ་ཉོ་རུ་འགྲོ་མི་དགོས་ཤིང་ཁྱེད་ཀྱིས་སྐྱེལ་འོངས་པའི་སྲོལ་ཞིག་ཀྱང་ཆགས། མཚམས་རེ་འུ་གཉིས་ཀྱིས་ངའི་གྲྭ་ཤག་ནས་དགོང་ཇ་མཉམ་དུ་འཐུང་དུས། ཁྱེད་ཀྱིས་རང་གི་ཁྱིམ་ཚང་ནང་གི་གནད་དོན་དང་སྒེར་གྱི་བྱ་བ་མང་བོ་ཞིག་ང་ལ་བཤད་མྱོང་། དེ་ལྟར་དུ་འུ་གཉིས་ཀྱི་བར་ཐག་ཇེ་ཉེར་གྱུར་ཞིང་། ལྷག་པར་དུ་ང་ནི་ཧ་ཅང་གསང་བ་ལྐོག་གྱུར་གྱི་ངང་ནས་གོམ་པ་རེ་རེ་བཞིན་ཁྱེད་ཀྱི་འཇིག་རྟེན་དུ་སྙེག་གིན་པ་ཁྱེད་ཀྱིས་ག་ལ་རྟོགས། བལྟས་ཚོད་ཀྱིས་ཁྱེད་ཀྱི་སྣང་ངོར་ང་ནི་སྡོམ་ཁྲིམས་གཙང་མར་སྲུང་བའི་ཇི་འདྲའི་གྲྭ་བ་རྣམ་དག་ཅིག ཡིན་ནའང་ཁྱེད་ཀྱིས་ངའི་ཕྱོགས་གཞན་ཞིག་རྩ་བ་ནས་མཐོང་གི་མེད་ལ།ངའང་སོ་སྐྱེ་ཕལ་བ་ཞིག་ཡིན་པས་གནོན་དཀའ་བའི་འདོད་ཆགས་ཡོད་ལ། ཡོད་ཚད་བློས་གཏོང་ཐུབ་པའི་བརྩེ་བའང་ཡོད། ད་དུང་ཁྱེད་ཉིད་བདག་ཏུ་འཛིན་པའི་ཧམ་སེམས་ཡོད། འདི་དག་ནི་རང་ཉིད་མ་གཏོགས་གཞན་གྱིས་མཐོང་བའི་དཀའ་ངའི་གསང་བ་རེད།
  ཡོད་ཚད་ལ་འགྱུར་ལྡོག་བྱུང་བའི་ཉིན་མོ་དེ། ཞོགས་པ་སྔ་མོ་ནས་ཁྭ་ཏ་ཞིག་གྱང་སྟེང་དུ་བབས་ཏེ་༼ཨ་བ་ཨ་བ་་་་་་་་༽ཅེས་ཐན་སྐད་སྒྲོག་གྱིན་འདུག དེ་མ་ཐག་རྒྱུད་ལ་རྣམ་རྟོག་དྲག་པོ་ཞིག་སྐྱེས་ཞོར་སྡང་སེམས་དང་ལྷན་དུ་ཐན་བྱ་དེ་ཕར་ལ་བདས། རང་ཉིད་ཀྱི་སེམས་ལ་མིའི་རྣམ་རྟོག་ལ་མཐའ་མེད་ལ། ལྷག་པར་དུ་རང་ནི་གྲྭ་བ་ཞིག་ཡིན་པས་སེམས་པ་རྩེ་གཅིག་ཏུ་བསྒོམ་ན་ལེགས་སྙམ་སྟེ། དེ་ལ་དེ་འདྲའི་དོ་སྣང་མ་བྱས། ཕྱི་དྲོ་ཁྱེད་ཀྱིས་ཁ་པར་ཐོན་ཏེ་༼ཕ་ཡུལ་ནས་ཤ་ཞིག་བསྐུར་ཡོད་པས་དགོང་ཇ་མཉམ་དུ་འཐུང་༽ཟེར། ང་སྒོ་ཕྱི་ལ་བུད་དུས་གནམ་ངོ་ནག་ཐིང་ཐིང་དུ་འདུག་ལ། ཙག་རླུང་རྩུབ་མོ་ཞིག་གི་ཤུགས་གླུ་དང་ལྷན་དུ་ང་ཁྱེད་ཀྱི་ཁྱིམ་ལ་འབྱོར། དེ་ནི་ང་ཐེངས་དང་བོར་ཁྱེད་ཀྱི་ཁྱིམ་དུ་མགྲོན་དུ་ཡོང་བ་ཡིན། ཁྱེད་ཀྱི་ཁང་བའི་ཆེ་ཆུང་ལ་གྱན་གང་ལྷག་ལས་མེད་ལ། ནང་གི་ཇུས་འགོད་ལ་མཛེས་ཉམས་དོད་ལ་གྲལ་དག་གྲལ་དག་ཅིག་རེད། དྲ་མའི་རྩིབ་ལོགས་ན་ཉལ་ཁྲི་ཆེ་ཞིག་བཞག་འདུག་ལ། ཉལ་ཐུལ་ཉལ་གདན་ནི་ཤོག་བུའི་ཁུག་ནས་ད་སོ་མ་བླངས་ལྟར་གཙང་ལ་བྱུག་ཆུ་ཞིམ་པོ་ཞིག་གི་དྲི་མ་རྣ་ལམ་དུ་འཁྱིལ་འོངས། བལྟས་ཚོད་ཀྱིས་ཉལ་ཁྲི་དེ་ནི་ཇི་འདྲའི་ལྡེམ་ཤུགས་ཆེ་ལ་བདེ་སྣང་དོད་པའི་ཉལ་ཁྲི་གཅིག་རེད་ཨང་། ཉལ་ཁྲི་དེའི་ཁ་གཏད་ན་ཆེ་ཆུང་རན་པའི་བརྙན་འཕྲིན་ཞིག་བཞག་འདུག འུ་གཉིས་ཀྱིས་དགོང་ཇ་འཐུང་ཞོར་བརྙན་འཕྲིན་ལ་བལྟས་པ་ཡིན། ཁྱེད་ཀྱིས་༼ང་ཁོ་རེ་ཡིའི་བརྩེ་དུང་གི་གློག་བརྙན་ལ་བལྟ་རྒྱུ་དགའ་༽ཟེར། ངས་ཧ་ཅང་ཚུལ་འཆོས་ཀྱི་ངང་ནས་༼ང་དེ་འདྲའི་སྤྲོ་བ་ཆེན་པོ་མེད་༽ཅེས་བཤད། དྲང་མོར་བཤད་ན་ང་ནི་དངོས་ནས་ཁོ་རེ་ཡིའི་གློག་བརྙན་བལྟ་རྒྱུ་དགའ་བོ་ཡོད། མཇུག་མཐར་འུ་གཉིས་ཀྱིས་ཁོ་རེ་ཡིའི་གློག་བརྙན་ཞིག་ལ་བལྟས། མཚམས་མཚམས་སུ་ངས་ཁྱེད་ལ་ལོ་ཙྭ་བྱེད་ཁུལ་བྱས། ང་ནི་སློབ་ཆུང་མཐར་ཕྱིན་རག་བར་དུ་སློབ་གྲྭ་འགྲིམས་ཁུལ་བྱས་སྟབས། ངའི་རྒྱ་ཡིག་གི་ཆུ་ཚད་ཁྱེད་ལས་ཅུང་ཙམ་གྱིས་བཟང་བོ་ཆགས་འདུག འུ་གཉིས་ཀྱིས་བལྟས་ཀྱིན་བལྟས་ཀྱིན་ཆུ་ཚོད་བཅུ་གཉིས་ཕར་ལ་བརྒལ་སོང་། ངའི་སེམས་ལ་ཧ་ཅང་གནོན་དཀའ་བའི་འཚུབ་ཆ་ཞིག་ལངས་ནའང་། གཅིག་ཡིན་ན་ཕྱི་རོལ་ན་གྲང་རླུང་འུར་འུར་དུ་ལྡང་གིན་འདུག གཉིས་ཡིན་ན་ངས་ཁྱེད་ཀྱིས་ཅི་ཟེར་འདུག་ལ་བསྒུགས་ནས་བསྡད་ཡོད། དེ་མ་ཐག་བསམ་དབང་དྲན་དབང་མེད་པར་གློག་ལམ་འགག་སོང་། སྐད་ཅིག་དེ་ཉིད་དུ་ཁང་མིག་གི་ནང་རོལ་ནི་ནག་ཏིང་ངེ་གྱུར། ངས་ཁྱེད་རང་ནག་རོག་རོག་ངང་ཕར་འགུལ་ཚུར་ལས་ཁྱེད་ཀྱི་གདོང་གི་དགའ་སྐྱོ་ཆགས་སྡང་གི་ཉམས་སྣང་དེ་མཐོང་ཐུབ་མ་མཆིས་མོད། ཡིན་ནའང་རང་གི་སེམས་ལ་སྔོན་ནས་གདོན་ཞུགས་ཡོད་སྟབས། མུན་ནག་འདི་ནི་རང་ཉིད་ཀྱི་གནོང་ཐོག་ལ་ཁེལ་བ་ལྟར་སྐྲག་སྣང་དྲག་པོ་ཞིག་སྙིང་ཁར་བསྟར་ནས་འོངས། མཐའ་མར་ཁྱེད་ཀྱིས་༼ཞག་གློན་ཞིག་ཡོད་དྲ་ད་བཙལ་ནས་མི་རྙེད་ཀི་༽ཟེར། ངས་༼སྐྱོན་མི་འདུག་༽ཟེར་བ་ལས་༼ད་ང་འགྲོ་རྒྱུ་ཡིན་༽ཅེས་པའི་སྐད་ཆ་འདི་ངའི་འགྲིན་པ་འགག་ནས་བྱེད་ཐབས་མ་མཆིས། དེ་ལྟར་དུ་ངས་སྔར་བཞིན་ཁྱེད་ཀྱིས་ཅི་ཟེར་ལ་བསྒུགས་ནས་བསྡད། ཁྱེད་ཀྱིས་༼ཕྱི་རོལ་ན་གྲང་ངར་ཆེ་བས། དོ་ནུབ་འདི་ནས་སྡོད་ལ་ཐོངས་༽ཟེར། ངས་ཁྱེད་ཀྱི་སྐད་ཆ་དེ་ཐོས་མ་ཐག་ཏུ་འཚུབ་ཆ་དྲག་པོ་ཞིག་དང་ལྷན་དུ་ཐད་ཀར་ཡར་ལངས་ནས་༼ང་་་ང་་་་་་་་་༽ཅེས་ངག་མ་འཕྲོད། ང་དེ་ལྟར་ལངས་ནས་བསྡད་པ་ལ་ཁྱེད་ལའང་ཁག་ཅི་ཡོད། ཁྱེད་ཀྱི་སེམས་ལ་གལ་ཏེ་ང་འདུག་འདོད་མེད་ན་ཐད་ཀད་སོང་ཆོག་སྙམ། ཡིན་ནའང་ངའི་སྒྱིད་པ་གཉིས་ཀ་སྦྲིད་ནས་འདར་སུག་སུག་བྱེད་པ་ལས་གོམ་པ་གང་ཡང་སྤོ་ཐབས་མ་མཆིས། ཁྱེད་ཀྱིས་ཉལ་ས་བཅས་རྗེས་ངའི་ལག་པ་འཇུས་ཏེ་༼ད་ཉལ་༽ཟེར། ང་ལ་གློག་གི་བརྒྱབས་པ་ལྟ་བུའི་ཚོར་བ་ཞིག་དང་ལྷན་དུ་ཅི་བྱེད་མི་འདི་མེད་པར་ཉལ་ཁྲིའི་སྟེང་དུ་ཙོག དེ་ལྟར་དུ་རིམ་གྱིས་རིམ་གྱིས་ངའང་འདོད་ཆགས་ཀྱི་དབང་དུ་ཚུད་ནས་ཡོད་ཚད་འདི་ལྟར་བྱུང་ཞིང་དེ་ལྟར་རྫོགས།
  མཚན་མོ་དེ་ནི་ང་ལ་མཚོན་ན་དམྱལ་ཁམས་འགྲིམས་པའི་མཚན་མོ་ཞིག་ཡིན་ལ། སྔར་ན་མེད་པའི་བདེ་སྣང་ཐོབ་པའི་མཚན་མོ་ཞིག་ཀྱང་ཡིན། ཕོ་མོའི་བརྩེ་དུང་གི་མངར་ཁ་ཐེངས་དང་བོ་མྱངས་བས་སེམས་ཁྲལ་དང་དངངས་སྐྲག་རྩ་ནས་བརྗེད་དེ། ཉལ་ཐ་རྐང་གཅིག་འཐེན་པ་ལྟར་སྣང་བ་བར་སྣང་འཕུར་གྱིན་གཏི་མུག་གི་ཞིང་དུ་ཚུད། ཞོགས་པ་སྔ་མོ་འཇིགས་ཡེར་བའི་རྨི་ལམ་ཐུན་ཞིག་དང་ལྷན་དུ་གཉིད་ལོག་དྲག་པོ་བརྒྱབས། ལུས་ཡོངས་རྫོགས་རྔུལ་ཆུའི་ཁེབས་ཤིང་དབུགས་རླུང་སྟོད་ལ་འཚངས། ངས་ཕར་ལྟ་ཚུར་ལྟ་འགའ་བྱས་དུས་ཁྱེད་རང་ངའི་འགྲམ་ན་རྨི་ལམ་གྱི་ཞིང་དུ་ཚུད་འདུག ངས་ཨོང་ནུར་འགའ་བསྟུད་མར་བྱེད་ཀྱིན་འདི་ནི་རྨི་ལམ་ཡིན་ནམ་མངོན་སུམ་ཡིན་སྙམ་བཞིན་རང་ཉིད་གཞི་ནས་རྨོངས་འདུག དེ་མ་ཐག་ཁྱེད་རང་གཉིད་ལས་སད་དེ་འཛུམ་མདངས་དང་ལྷན་དུ་༼ཁྱེད་སད་དང་ནས་༽ཟེར། ང་སྐད་ཅིག་དེ་ཉིད་དུ་ཉལ་ཁྲི་ལས་ཐང་ལ་ལྡིང་སྟེ། ཁྱེད་ལ་བལྟ་ཙམ་ཡང་མ་ཕོད་པར་བྱ་ཕུར་བ་ལྟར་བྲོས། ཡིན་ནའང་ད་ལྟ་ང་འགྲོ་སའི་གནས་མེད་ལ། འཚོ་སའི་གཞི་མེད། སྲང་ལམ་ན་རྒྱུ་བའི་སྤྲང་བོ་བཞིན་ཁ་ཕྱོགས་ངེས་མེད་དུ་འཁྱམས། ངས་བསམ་གྱིན་བསམ་གྱིན་ཕ་ཡུལ་གྱི་གྲྭ་བ་ལོག་ལོག་ཐམས་ཅད་མཐའ་མར་འགྲོ་ས་སྟོད་ཉི་མ་ལྷ་ས་ཡིན་པ་དྲན། དེ་བས་ངའང་སྟོད་ཉི་མ་ལྷ་སར་འགྲོ་རྒྱུ་ལས་བྱེད་ཐབས་གཞན་ཞིག་གང་ན་ཡོད།
  བདུན་ཕྲག་གཅིག་གི་རྗེས་ནས་ངས་ཁྱེད་ལ་ཁ་པར་བཏང་སྟེ་༼ང་ལྷ་སར་ཐོན་ཡོད་༽ཅེས་བཤད། ཁྱེད་ཀྱིས་མཚམས་མི་འཇོག་པར་ངུ་བཤུམ་བྱེད་པ་ལས་སྐད་ཆ་ཚིག་གཅིག་ཀྱང་མི་བཤད། ངས་ཀྱང་ཅི་ཞིག་བྱེད་དགོས་པ་མི་ཤེས་ལ། ལྷག་པར་དུ་རང་ཉིད་ལ་བརྩེ་དུང་གི་ཉམས་མྱོང་མེད་པས། ཐ་ན་ཁྱེད་ལ་སེམས་གསོའི་སྐད་ཆ་ཞིག་ཀྱང་བཤད་མི་ཤེས་ཀི། ཟླ་གཅིག་གི་རྗེས་ནས་ངའི་གནས་ཚུལ་ཚང་མ་ཡུལ་ནས་ཐོས་ཤིང་། ཕ་མ་གཉིས་ཀྱི་རེ་བ་ལྟར་ཕུ་བོ་ལྷ་སར་ང་བསུ་རུ་ཐོན་བྱུང་། ང་ཕྱིར་ཕ་ཡུལ་དུ་ལོག་ཁར་ངས་ཁྱེད་ལ་ལག་སྐྱེས་ཤིག་ཉོས་ཡོད། སྤྱིར་བཏང་དུ་ང་ཆུང་དུས་ནས་བཟུང་གྲྭ་བ་བྱས་པས། གཉེན་སྒྲིག་བྱས་ན་ཅི་ཞིག་མཁོ་མིན་ང་ལ་གསལ་ཆ་མེད་མོད། ཡིན་ནའང་ང་གློག་བརྙན་ལ་བལྟ་རྒྱུ་དགའ་བོ་ཡོད་པས། གློག་བརྙན་མང་བོའི་ནང་ན་གཉེན་སྒྲིག་བྱེད་ན་ངེས་པར་དུ་མཛུབ་དཀྲིས་ཤིག་དགོས་འདུག དེ་བས་ངས་ཆེད་དུ་ཁྱེད་ལ་གསེར་གྱི་མཛུབ་དཀྲིས་ཤིག་ཉོས་ཡོད།
  ང་ཕྱིར་ཕ་ཡུལ་དུ་འབྱོར་རྗེས་ཁྱེད་ལ་ལྟ་རུ་སོང་། དེ་ནི་འུ་གཉིས་ལ་མཚོན་ན་ཧ་ཅང་རེ་སྒུག་གི་ཐུག་འཕྲད་ཅིག་ཡིན་ལ། ཧ་ཅང་རང་དབང་གི་ཐུག་འཕྲད་ཅིག་ཀྱང་ཡིན། ཡིན་ནའང་འུ་གཉིས་ཀྱིས་མི་ངོ་མི་ཐུབ་པ་བཞིན་དུ་མིག་འོག་ནས་ཕན་ཚུལ་ལ་ལྟ་ཙམ་ལྟ་ཙམ་གྱིས་ངོ་གདོང་འཛུམ་གྱིས་ཁེངས། དེ་འཕྲལ་ངས་སྤོབས་པ་ཆེར་བསྐྱེད་ཀྱིས་ཁྱེད་ཀྱི་ལག་པར་འཇུས་ཏེ་ཁུག་མ་ནས་མཛུབ་དཀྲིས་དེ་བླངས་ནས་ཁྱེད་ཀྱི་མཛུབ་མགོར་བསྐོན། དྲང་མོར་བཤད་ན་རང་གི་སེམས་ནས་ཁྱེད་ཀྱིས་ང་ལ་གཉེན་སྒྲིག་རོགས་ཅེས་པའི་དོན་ཡིན་མོད། ཡིན་ནའང་ངས་ཁ་ནས་དེ་ཇི་ལྟར་བཤད་དགོས་པ་མི་ཤེས་ལ་བཤད་ཀྱང་མི་ཕོད་ཀི། དེ་མ་ཐག་ཁྱེད་ཀྱིས་འཛུམ་མདངས་དང་ལྷན་དུ་༼འདི་ང་ལ་ཉོས་ནི་ཨེ་ཡིན་༽ཅེས་དྲིས། ངས་དགའ་མགུ་ཚད་མེད་ཀྱི་ཀློང་ནས་མགོ་བོ་ནང་དུ་གཡུགས་གཡུགས་བྱས། ངའི་སྣང་ངོར་ཁྱེད་ནི་ངའི་རྒྱུན་དུ་མཐོང་བའི་གློག་མརྙན་ནང་གི་བག་གསར་དེ་ཡིན་པར་འདོད་ལ། ངའང་ཁྱེད་ཀྱི་རྩིབ་ན་ནུབ་ལྭ་ཆ་ཚང་གོན་པའི་སྐྱེས་པ་དེ་ཡིན་པར་འདོད། ངས་དེ་ལྟར་འདོད་ཀྱིན་ཡོད་ཚད་འཕྲུལ་ཞིང་འུ་གཉིས་འཇིག་རྟེན་གཅིག་ཏུ་གྲུབ།
  ཟླ་ངོ་དེ་དག་གི་རིང་ལ་འུ་གཉིས་ཤ་འདྲིས་པགས་འདྲིས་སུ་གྱུར་ནའང་། རྒྱུན་དུ་ཁྱེད་ལ་ཁ་པར་ཡོང་མཁན་མང་བོ་ཞིག་ཡོད། མཚམས་ལ་ལར་ཁྱེད་ཀྱིས་དེ་དག་ནི་ཤ་ཉེ་རེད་ཟེར། ཡང་མཚམས་ལ་ལར་ཁྱེད་ཀྱིས་དེ་དག་ནི་གྲོགས་པོ་རེད་ཟེར། གང་ལྟར་ཁྱེད་ཀྱིས་ཅི་ཞིག་ཟེར་ཡང་ངས་ཡོད་ཚད་བདེན་པར་རྩི་བཞིན་ཡོད་ལ། ངས་ཡོད་ཚདཁྱེད་ལ་ཡིད་ཆེས་བྱེད་ཀི་ཡོད། དྲང་མོར་བཤད་ན་དགུན་ཟླ་རིང་མོ་དེས་ངའི་ཡོད་ཚད་ཁྱེར་སོང་ལ། ང་ཡོད་ཚད་གནང་བྱུང་། དེ་བས་འཇིག་རྟེན་འདི་ན་རྟག་རྟེན་གྱི་བདེ་སྐྱིད་ཅིག་དབེན་ཡང་། ང་གནས་སྐབས་ཀྱི་བདེ་སྐྱིད་དེས་ཡིད་སེམས་གཏིང་ནས་ཚིམས་ཡོད།
  གྲང་རག་ཆེ་བའི་དགུན་ཟླ་དེ་དལ་གྱིས་འདས་ཤིང་། རེ་བཞག་ཟབ་པའི་དཔྱིད་ཟླ་དེ་ཐོལ་གྱིས་སླེབས་བྱུང་། དུས་ཚིགས་འདི་ནི་ས་གནས་དམངས་ཚོགས་ལ་མཚོན་ན་བྲེལ་འཚུབ་ཀྱིས་སྨྱོ་ལ་བྱེད་པའི་ལོ་ཟླ་ཞིག་ཡིན་ལ། རེ་བ་དང་ཡིད་ཆེས་ཀྱིས་བརྟས་པའི་ལོ་ཟླ་ཞིག་ཀྱང་ཡིན། ལྷག་པར་དུ་དབྱར་རྩྭ་དགུན་འབུ་རྐོ་བའི་སྐབས་ཡིན་པས། ཁྱེད་ལའང་སུ་ཞིག་གིས་འདྲོགས་ཕུད་པ་བཞིན་ཨ་གསར་ཚ་བོ་འདུག ད་དུང་དབྱར་རྩྭ་རྐོ་རུ་སོང་ན་ཡོང་འབབ་བཟང་ཚུལ་དང་གྲོགས་མོ་ཞིག་གི་མགྲོན་བསུ་ཡོད་ཚུལ་མང་བོ་ལབ། མཐའ་མར་ངས་ཁྱེད་རང་ས་དེ་གའི་རྫོང་ཐོག་ལ་བསྐྱལ་ཞིང་། ཞོར་དུ་ངས་ཁྱེད་ལ་ལྭ་བ་གསར་བ་ཆ་ཚང་ཞིག་ཀྱང་ཉོས། ས་དེ་གའི་རྫོང་ཐོག་ནས་དབྱར་རྩྭ་རྐོ་སའི་བར་ལ་སྤྱི་ལེ་ཉིས་བརྒྱ་ལྷག་ཡོད་ལ། ལྷག་པར་དུ་ས་ཆ་དེ་ནི་འབྲོག་ས་རྐྱང་རྐྱང་ཡིན་པས་ཁ་པར་ལ་བརྡ་རྟགས་མེད་ལ། ཉིན་བཞི་བཅུའི་རིང་ལ་ཁྱེད་ས་ཆ་དེ་ནས་འདུག་དགོས། སྤྱིར་ན་ང་ཁྱོན་ནས་འཐད་ཀི་མེད་མོད། ཡིན་ནའང་འདི་ཐམས་ཅད་ཁྱེད་ཀྱི་འདོད་ཚུལ་ཡིན་པས། ངས་ཀྱང་དང་ལེན་མི་བྱེད་ཀ་མེད་རེད། ཁྱེད་འགྲོ་ཁར་ངའི་ལག་པར་འཇུས་ནས་༼ཕྱིར་རྫོང་ཐོག་འདི་ཐོན་ན་ངས་ཁྱེད་ལ་ཁ་པར་གཏོང་༽ཟེར། ངས་ཀྱང་མགོ་བོ་ནང་དུ་གཡུག་བཞིན་༼ངས་བསྒུག་འདུག་༽ཅེས་ལན་བཏབ། དེ་ལྟར་དུ་ཁྱེད་རང་ལམ་ལ་ཆས་སོང་།
  ང་ཕྱིར་ཕ་ཡུལ་དུ་ལོག་པའི་ཉིན་དང་བོ་ནས་བཟུང་དངོས་ནས་ཁེར་རྐྱང་གི་ཚོར་སྣང་ཞིག་སྐྱེས་བྱུང་། ལྷག་པར་དུ་མཚན་མོ་རེ་རེ་མིག་ཟུང་ཇི་འདྲ་བཙུམས་ཡང་ཁྱེད་ཀྱི་སྣང་བརྙན་གྱིས་ཁྱབ་འོངས། གང་ལྟར་ད་ལྟ་ངའི་ཡོད་ཚད་ཁྱེད་ཀྱི་བག་ཆགས་ཀྱིས་བཟུང་འདུག ཁྱེད་མེད་པའི་ཟླ་ངོ་དེ་ང་དངོས་ནས་དམྱལ་ཁམས་ན་རྒྱུ་བ་ལྟ་བུའི་མནར་གཅོད་ཅིག་དང་མ་ཤི་གསོན་བྲལ་གྱི་སྡུག་བསྔལ་བཟོད་གླགས་མེད་པ་ཞིག་མཆིས། དེ་བས་ངས་མཛུབ་མོ་རེ་རེ་བཞིན་བརྩིས་ནས་ཁྱེད་རང་ཕྱིར་ལོག་པར་རེ་སྒུག་བྱས།
  མཐའ་མར་ཁྱེད་ཀྱིས་དབྱར་རྩྭ་བརྐོས་ནས་ཕྱི་ཡུལ་ལ་ལོག་རྒྱུ་ཉིན་གཉིས་གསུམ་ཙམ་ལས་མེད། མཚན་མོ་དེ་ངས་དྲིན་ཆེན་གྱི་ཕ་མ་གཉིས་དང་དགོང་ཇ་འཐུང་སྐབས། ཨ་ཕས་ངས་ནག་མོ་ཞིག་ལེན་དགོས་ཚུལ་གྱི་སྐུལ་མ་ཡང་ཡང་བཏང་། ངའི་སེམས་ལ་དགའ་བ་ཚད་མེད་སྐྱེས་ནའང་ངས་ཁ་ནས་ཅི་ཡང་མ་བཤད། ངས་འདི་ལྟར་འདོད་པ་ཡིན། ཁྱེད་རང་ཕྱིར་ལོག་ན་འུ་གཉིས་ངའི་ཕ་མ་གཉིས་ཀར་མཉམ་དུ་མཇལ་བསམ། ཡིན་ནའང་ཁ་དཔེ་ལ་༼ལས་བསམ་སར་མི་འགྲོ། གསེག་སར་འགྲོ༽་ཟེར་བ་ལྟར་ཡོད་ཚད་འདི་ལྟར་བྱུང་།
  མཚན་མོ་དེ་ང་ཉལ་ཁར་སྐད་འཕྲིན་གྱི་ཚོགས་པ་ག་གེ་མོ་ཞིག་གི་ནང་ལ་དུ་ཁ་བརྡ་མང་བོ་བྱེད་ཀྱིན་གདའ། མཚམས་ཤིག་ལ་བརྙན་ཐུང་ཞིག་ཀྱང་བསྐུར་བྱུང་། ངས་བཞུར་རྒྱུན་ལ་ཕངས་སེམས་ཏོག་ཙམ་སྐྱེས་བཞིན་བརྙན་ཐུང་དེའི་ཁ་ཕྱེས་ནས་བལྟས། མིག་ལམ་དུ་སྣང་བ་ནི་ཉིན་མོ་དཀར་དཀར་ལ་འབྲོག་ཐང་ཞིག་ན་ཕོ་མོ་གཉིས་ཀྱིས་བདེ་སྣང་ལ་རོལ་གྱིན་འདུག་ལ། གཞན་ཞིག་གིས་རྒྱབ་ལོག་ན་ལག་པ་འདར་འདར་ངང་ལྐོག་བརྙན་ལེན་བཞིན་མཆིས། ད་དུང་བུད་མེད་དེས་ལག་པ་གཉིས་ཀྱིས་ངོ་བོ་བཀབས་ནས་སྦས་ཁུལ་བྱས། ཡིན་ནའང་ཁོ་མོའི་མ་ནེ་འོག་གི་སྨེ་བ་དེ་གཞན་ལ་སྦས་ཐབས་ཡོད་ཀྱང་ང་ལ་སྦས་ཐབས་ག་ལ་ཡོད། ཡིད་ལའང་དྲན་དཀའ་བ་ཞིག་ལ། རང་གི་མིག་ལའང་ཡིད་ཆེས་དཀའ་བ་ཞིག་ལ། བརྙན་ཐུང་དེ་ནི་ཁྱེད་ཀྱི་སེར་བོའི་བརྙན་ཐུང་རེད། ང་སྐྱེས་པ་དེའི་སྟེང་ལ་འགོག་ཐབས་བྲལ་བའི་ཞེ་སྡང་དྲག་པོ་ཞིག་ལང་ཞོར་ཁ་པར་ཤུགས་ཀྱིས་ཐང་བརྒྱབས་ཏེ་བཅགས། དེ་མ་ཐག་སྒོ་བརྒྱུགས་ཏེ་ར་དཀྱིལ་ཐོན་དུས་ང་སྐྱེས་པ་དེ་གང་ཞིག་ཏུ་འཚོལ་དུ་འགྲོ་དགོས་པ་མ་ཤེས། དེ་བས་ཕྱི་རོལ་ནས་སེམས་པ་ལྷོད་ལ་བབས་རྗེས་ཕྱིར་འོངས་ནས་ཉལ་བ་ཡིན། ཡིན་ནའང་གཉིད་ཅིག་གང་ནས་ཁུགས་སྐྱོ་བ་ལྕི་མོ་ཞིག་སེམས་པའི་གཏིང་ནས་སྐྱེས་ཏེ་མིག་ཆུ་དག་མཁུར་ཚོས་གཡས་གཡོན་ནས་རྦབ་རྡོ་འདྲིལ་བ་བཞིན་སྔས་མགོའི་སྟེང་དུ་ལྷུང་།
  ཕྱིར་ཉིན་ཁྱེད་རང་ཕྱིར་ས་དེའི་རྫོང་ཐོག་ཏུ་ལོག་གྱིན་ཡོད་པས། ངས་ཁ་པར་གཞན་ཞིག་བཙལ་ཏེ་ཁྱེད་ལ་ཁ་པར། ཡིན་ནའང་ཁྱེད་ཀྱིས་ངའི་ཁ་པར་ཁ་མི་ལེན་ལ། ངས་ཁྱེད་ལ་བསྟུན་མུར་ཉིན་ལྔ་ལྷག་གི་རིང་ལ་ཁ་པར་ཉིན་གཏོང་མཚན་གཏོང་བྱས། མཇུག་འབྲས་སྔར་བཞིན་གཅིག་མཚུངས་རེད། ཞེ་སྡང་ལངས་ནི་ཞིག་ལ་དྲ་ལམ་ཁག་ན་སྔར་བཞིན་ཁྱེད་ཀྱི་སེར་བོའི་བརྙན་ཐུང་དེ་མང་དུ་སྐུར་བཞིན་འདུག ཡིན་ནའང་འུ་གཉིས་སུ་ལའང་དེ་འགོག་ཐབས་ཤིག་གང་ན་ཡོད། ཕྱིར་ཉིན་ཞོགས་པར་ཁྱེད་ཀྱིས་གཞི་ནས་ངའི་ཁ་པར་ཁ་ཕྱེ་བྱུང་། ངས་ཅུང་ཁོང་ཁྲོ་ཉམས་ཀྱིས་༼ཁྱེད་ཀྱི་སེར་བོའི་བརྙན་ཐུང་དེ་ངས་རིག་ཡོད་༽ཅེས་བཤད། ཁྱེད་ཀྱིས་ང་ལ་༼ཁྱེད་ཀྱིས་རིག་ཡོད་ན་ང་ལ་ཅི་ཡང་བཤད་རྒྱུ་མེད་༽ཟེར། ངའི་སེམས་ལ་ཉུང་མཐར་ཡང་ཁྱེད་ཀྱིས་ང་ལ་གསལ་བཤད་ཅིག་བྱེད་ངེས་ཡིན་ལ་ངས་ཀྱང་ཁྱེད་རང་གུ་ཡངས་སུ་གཏོང་ངེས་ཡིན། ཡིན་ནའང་ཁྱེད་དེ་ལས་ལྡོག་སྟེ་ང་སྐད་ཆ་གཞུག་མ་བཤད་དབང་མེད་པར་ཁ་པར་ཁ་གཏད་སོང་། ངས་རང་གིས་དེ་ལྟར་བཤད་པ་ལ་འགྱོད་པ་དྲག་པོ་ཞིག་སྐྱེས་ཀྱིན་ཡང་བསྐྱར་ཁྱེད་ལ་ཁ་པར་བཏང་སྟེ། སྐད་ངག་གཉོམ་གཉོམ་ངང་༼ཁྱེད་རང་འདིར་ཐོན་ན་ང་ཁ་པར་ཞིག་ཐོངས། ང་ཁྱེད་ལ་ངོ་གཅིག་ཐུག་ན་འདོད་ཀི་༽ཅེས་བཤད། ཁྱེད་ཀྱིས་ཁ་པར་ལས་ང་ལ་ཨ་ལན་ཅི་ཡང་མི་བསྟེར་པར་ཁ་གཏད་སོང་།
  དྲང་མོར་བཤད་ན་ཁྱེད་རང་ཁ་པར་བརྡ་རྟགས་ཡོད་སར་ཐོན་ནས་ཉིན་ལྔ་ལྷག་འགོར་སོང་ལ། དེའི་རིང་ལ་ཁྱེད་ཀྱིས་ང་ལ་ཁ་པར་གཅིག་ཀྱང་བཏང་མ་མྱོང་ལ། ཐ་ན་ངས་ཁ་པར་ཅི་ཙམ་བཏང་ཡང་ཁྱེད་ཀྱིས་ཁ་མི་ཕྱེ། དེ་ལྟར་དུ་ཁྱེད་ཕྱིར་ལོག་ནའང་ང་ལ་བརྡ་ཞིག་ཀྱང་མ་བརྒྱབས་པར་ངས་ཁྱེད་ལ་བྱིན་པའི་མཛུབ་དཀྲིས་དེ་ཚོང་ཁང་འབྱེད་ཡོད་པའི་ཁྱེད་ཀྱི་གྲོགས་མོ་དེའི་ལག་ཏུ་བཞག་ནས་ཁྱེད་རང་ཐད་ཀར་ཕ་ཡུལ་དུ་ལོག་འདུག དེ་བས་ཁྱེད་གྲག་འགུལ་མེད་པར་ངའི་འཇིག་རྟེན་ནས་ཆས་ཤིང་། དེ་ལྟར་དུ་འུ་གཉིས་ཀྱི་འཇིག་རྟེན་ཐ་དད་དུ་གྱུར་སོང་།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།