གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁོར་གེགས།

2015-06-26 16:53:17 སྒྲེ་བོ། ཀློག་གྲངས། མཆན ཡོད།

  འདི་གར་འཁོར་གེགས་ནི་བསྟུད་མར་བྱུང་གིན་པའི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ལ་འགྱུར་འདུག དེ་ཁ་ལོ་བའི་ནོར་བ་ཡོད་ལ་ལམ་འགྲོ་བའམ་རྐང་ཐང་བའི་ནོར་བ་སོགས་ཀྱང་ཡོད་ངེས། མཐར་གཏུགས་ན་གཞུང་ལམ་བདེ་དྲགས་པས་རླངས་འཁོར་སོགས་བཞུར་ཚད་ཚད་ལས་བརྒལ་འགྲོ་བ་དང་། མི་དག་གིས་ཅི་མི་སྙམ་པར་དུས་མིན་གྱིས་བྱུང་རྒྱལ་དུ་གཞུང་ལམ་ནས་ཕར་ཚུར་དང་ཡས་མས་བརྒལ་རྐྱང་བྱེད་པ་དེ་རེད། དེ་བཞིན་དེ་ལ་འགྲིམ་འགྲུལ་དོ་དམ་པས་ཐེ་གཏོགས་མི་བྱེད་པའམ་བྱས་ཀྱང་མི་དག་གིས་འགན་དུ་མི་ལེན་པ་རེད།
  ཉིན་གུང་དེར་ང་དང་ར་མདའ་གཉིས་རྒྱ་གར་ཟ་ཁང་ཞིག་ནས་དྲོས་ཇ་གྲུབ་སྟེ་སྒོར་བུད་མའི་ཐོག་ཏུ། གཞུང་ལམ་འཕྲེད་དུ་བསྣོལ་གྱིན་པའི་རྒན་པོ་ཞིག་ལ་འཁོར་གེགས་བྱུང་སོང་། རྒན་པོ་དེས་ལམ་གཡས་ཕྱོགས་ནས་གཡོན་ཕྱོགས་ལ་བརྒལ་གྱིན་པའི་དུས་སུ། མར་ལ་རླུང་བུ་བཞིན་རྒྱུག་གིན་པའི་རླངས་འཁོར་དཀར་པོ་ཞིག་གིས་བརྡབ་སྟེ། རྒན་པོ་དེ་ལམ་ཟུར་དུ་ཅ་དངོས་ཅི་ཞིག་བཞིན་གཡུགས། སྐད་ཅིག་མ་དེར་ངས་ནི་ལམ་གྱི་གཡས་ཕྱོགས་ཀྱི་ཞོར་ཟས་ཚོང་ཁང་ཞིག་ནས་མར་ཐུམ་ཞིག་ཉོ་བཞིན་ཡོད། གློ་བུར་དུ་ངའི་ལྟག་རྒྱབ་ནས་སྒྲ་རྔ་ཆེན་འདྲ་བ་ཞིག་གྲགས་པ་དུས་མཉམ་དུ་བུད་མེད་ཅིག་གིས་སྡར་སྐད་འཛེར་རེ་བུད་སོང་། ངས་ཐོལ་གྱིས་ཕྱིར་བལྟས་བྱས་དུས་རྒན་པོ་དེ་ལྒང་ལི་ཞིག་དྲ་ཕེད་ནས་མར་ཟག་གིན་པའམ་ལྒང་ལི་རྩེ་འགྲན་པ་ཞིག་མཆོང་ལྡིང་བྱེད་པ་བཞིན་མར་ས་ལ་ལྷུང་བྱུང་ལ། སའི་ཁེབས་དང་རྒན་པོའི་བར་དུ་སྟོང་ཆ་ཞིག་བྱེ་འདུག སྟོང་ཆ་དེ་བརྒྱུད་ནས་ལམ་གྱི་གཡས་ཕྱོགས་ཀྱི་ཚོང་ཁང་ཞིག་གི་ནང་གི་ཚོང་རྫས་ཙག་ཙིག་ངའི་མིག་ལམ་དུ་མངོན་བྱུང་། མར་ས་ལ་ལྷུང་བའམ་འགྲིལ་གྱིན་པའི་རྒན་པོའི་སྐྲ་ལོ་སྐྱ་ཕྱེད་སྔོ་ཕྱེད་དེ་རླུང་བུའམ་རླངས་འཁོར་གྱིས་རྡེག་ཤུགས་ཀྱིས་ཟིང་ཟིང་དུ་སྤུར་བས། འཕྲལ་དུ་རྒན་པོའི་ཟ་འགྲམ་ཕར་ཚུར་གྱི་སྔོ་ཞིང་རིད་པའི་འགྲམ་རུས་གྱོང་འབུར་ཆ་དེའང་གསལ་བོ་མངོན། ད་དུང་བར་སྣང་ནས་རྒན་པོ་དེའི་མིག་ཟུང་ང་ལ་ཅེར་འདུག་སྣང་སྐྱེས་བྱུང་ལ་ལག་ཟུང་བསྐྱངས་ཚུལ་གྱིས་རོགས་སུ་འབོད་སྣང་སྐྱེས། རིམ་བཞིན་རྒན་པོ་དང་སའི་ཁེབས་ཀྱི་བར་སྟོང་དེ་ཆུང་ནས་ཆུང་དུ་ཕྱིན་ཏེ་སླར་ཡང་སྒྲ་ཞིག་གྲག་སྣང་ཙམ་གྱིས་རྒན་པོ་དེ་ལམ་གྱི་དཀྱིལ་དུ་ཅ་དངོས་ཞིག་དང་འདྲ་བར་བསྣར་འདུག རྒན་པོའི་རྐང་མགོའི་བསིལ་ལྷམ་ཡ་གཅིག་ངའི་སྔུན་ནས་ཚུར་འགྲིལ་བྱུང་། བསིལ་ལྷམ་ནག་པོ་དེའང་ཤུགས་ཀྱིས་ཚུར་ལ་འཕར་བྱུང་། དེ་མ་ཐག་མི་མང་ཚོགས་ཤིང་མར་ལ་རྒྱུག་གིན་པའི་རླངས་འཁོར་རྣམས་བང་སྒྲིག་ནས་བསྡད། མི་མང་གིས་འུར་ཟིང་དང་བང་སྒྲིག་ནས་སྡོད་པའི་རླངས་འཁོར་གྱི་དུང་སྒྲས་གཞུང་ལམ་སྟེང་གི་མི་སེམས་ལ་སྔར་བས་བྲེད་ཤ་དང་ཁོག་འདར་བསླངས་སོང་། མི་མང་གིས་བསྐོར་བའི་དཀྱིལ་ན་རྒན་པོ་དེ་ད་དུང་འགུལ་མེད་གྲགས་མེད་ཀྱིས་ལམ་དཀྱིལ་དུ་བསྣར་འདུག་པ་མཐའ་ནས་རུག་རུག་གིས་སར་རྫི་བའི་མི་མང་གི་སྒྱིད་པའི་བར་གསེང་ནས་རེས་གསལ་རེས་མོག་བྱེད། མི་མང་ཇེ་མང་ནས་ཇེ་མང་རེད་རྒན་པོའི་བསིལ་ལྷམ་དང་འདྲ་མཚུངས་གྱོན་མཁན་མང་མང་འདུས། མི་མང་གི་སྐོར་བའི་དཀྱིལ་ན་རྒན་པོ་དེ་ད་དུང་ཡང་རྒྱབ་མེད་དཔུང་མེད་དུ་ལུས་འདུག་ལ། འཁོར་གེགས་ལ་ལྟ་རྟོག་བྱེད་པའི་ཉེན་རྟོག་པ་ནི་གཅིག་ཀྱང་འབྱོར་བ་མ་བྱུང་། དེ་ནས་ང་ཕྱིར་ཚོང་ཁང་དུ་ཁ་འཁོར་ཏེ་ཚོང་པར་མར་རིན་དུ་རེད་ཅེས་དྲིས་པ་ན། ཚོང་པས་མི་གཞན་ཞིག་ལ་ཅ་དངོས་ཤིག་འཚོང་གིན་འཁོར་གེགས་བྱུང་སའི་རྒན་པོ་དང་མི་ཚོགས་ཀྱི་ཕྱོགས་སུ་མིག་ཟུར་གྱི་བལྟ་ཙམ་བལྟ་ཙམ་ལས་སྣང་འཇོག་གཏན་ནས་མི་བྱེད་པའི་ཚུགས་དེས། ང་རང་སྔངས་སུ་བཅུག ང་ཡིས་འཚབ་འཚུབ་ངང་སླར་ཡང"མར་རིན་དུ་རེད" ཅེས་དྲིས་ཚེ། ཚོང་པ་ན་རེ། "ལྔ་བཅུ་ང་གཉིས་རེད"ཟེར། ང་ལ་མར་རིན་ཏག་ཏག་སྤྲོད་པའི་བསིལ་དངུལ་མེད་པས་བརྒྱ་དངུལ་ཞིག་སྤྲད་པ་ན་ཚོང་པས་ལྷག་མའམ་མ་དངུལ་ཕྱིར་རྫོགས། ར་མདས་ད་དུང་ལམ་གྱི་ཕར་ངོགས་ཀྱི་རྒན་པོར་རྒྱང་བལྟ་བྱེད་པ་ལས་ཅི་ཡང་བཤད་མ་སོང་། ངས་མར་ཉོས་ཟིན་ཏེ་ངེད་གཉིས་ཕྱིར་སློབ་གྲྭར་ལོག་གྲབས་སུ་འཁོར་གེགས་བྱུང་སར་ད་དུང་མི་མང་གིས་བསྐོར་བཞིན་འདུག་ལ། རྒན་པོ་དེ་ལམ་གྱི་དཀྱིལ་དུ་སྔ་མའི་ས་དེ་རུ་ཁ་མལ་བསྣར་འདུག ངེད་གཉིས་ལམ་གྱི་གཡོན་ཕྱོགས་ཀྱི་ལམ་ཟུར་ནས་སྤྱི་སྤྱོད་རླངས་འཁོར་ལ་སྒུག་སྐབས་སུ།
  ར་མདས "རྐང་ཐང་ལ་འགྲོ། བདེ་འཇགས་ཡིན་ནོ་གང་ལ་འཇོག"ཟེར།
  དེ་ནས་ངེད་གཉིས་སྤྱི་ལེ་གཉིས་ལྷག་ཡོད་པའི་ས་དེ་ག་ནས་སློབ་གླིང་ལ་ཕྱོགས་ནས་རྐང་ཐང་ཡོང་། ར་མདའ་ནི་ངའི་སློབ་ཆེན་གྱི་སློབ་གྲོགས་ཤིག་ཡིན་ལ། ཁོས་རྩོམ་ཡིག་དང་སྒེར་ལ་བདག་པའི་དེབ་སོགས་སུ་ར་མདའ་ཞེས་བདག་སྒྲའམ་སྨྱུག་མིང་ཞིག་རྒྱུན་དུ་བྲིས་པས་ད་ནི་སློབ་གླིང་ནས་ཁོ་ལ་སློབ་གྲོགས་ཕལ་མོ་ཆེས་ར་མདའ་ཞེས་འབོད་ཅིང་དེ་ལྟར་ཐོགས་ཡོད། ངེད་གཉིས་ཕྱིར་ལོག་གིན་པའི་ལམ་བར་ནས། ངས་ར་མདར་དབྱིན་སྐད་ནས། "life is very easy to stop"ཞེས་ཀུ་རེའི་ཚུལ་གྱིས་བཤད་པར། ར་མདས"གང་ལྟར་ཚེ་སྲོག་ཅིག་ཚར་སོང" ཞེས་ཡིད་མུག་པའི་རྣམ་འགྱུར་དང་བཅས་བཤད་བྱུང་། ངེད་གཉིས་ཀྱིས་ཕན་ཚུན་ལ་བཤད་པའི་སྐད་ཆ་མཚམས་མཚམས་སུ་འགྲམ་ནས་རྒྱུག་གིན་པའི་རླངས་འཁོར་དང་རླུང་སྒྲས་བཅད་དེ་ཕན་ཚུན་ལ་སྐད་ཆ་དེ་བསྐྱར་སྡེབ་བྱེད་ནས་བཤད་དགོས་ཐུག སྤྱི་ལེ་གཉིས་ལྷག་གི་ལམ་ཐག་རྐང་ཐང་ཡོང་བ་ནི་ངལ་ཞིང་དུབ་ནའང་།
  ར་མདས"སྒོར་བུད་དེ་ལམ་ཁ་ནས་ཡར་འགྲོ་མར་འགྲོ་བྱེད་ཐེངས་རེར་གཟབ་གཟབ་མ་བྱས་ན་ཕྱིར་ཕ་ཡུལ་དུ་འབྱོར་མིན་ཞེད་ཀྱིན་འདུག"ཅེས་དགོད་བཞིན་བཤད་བྱུང་། དེ་ནི་དོན་ལ་གནས་པའི་གཏམ་ཞིག་རེད་སྙམ་བྱུང་ལ། ཕྱིར་ཕ་ཡུལ་དུ་ལོག་རྒྱུ་ནི་ད་ལྟའི་རྨི་ལམ་འབའ་ཞིག་གྱུར་ཡོད། དེ་བས་ཕྱི་རོལ་དུ་ཡོང་སྟེ་གཞུང་ལམ་བསྣོལ་ཏེ་ཕར་ཚུར་འགྲོ་བ་སོགས་ནི་དངངས་ཤིང་འཇིགས་པ་ཁོ་ན་རེད། དེ་ཡང་ཉེ་ཆར་དུ་སློབ་གྲྭའི་སྒོ་ཆེན་ཁ་གཏད་ཀྱི་ལམ་གྱི་ཕར་ངོགས་ནས་འཁོར་གེགས་བྱུང་སྟེ་རྒྱ་གར་བ་ཞིག་བསད་རབས་དང་། མི་དེ་འདི་གའི་གྲོང་གསེབ་པ་གཅིག་ཡིན་ཚུལ་དང་གཉེན་བསྒྲིགས་ཏེ་ཟླ་ངོ་གཉིས་ལོང་མ་ལོང་ཙམ་རེད་ཟེར། ཡང་ན་ནིང་སྟེ་ལོ་སར་དུས་སུ་སློབ་གནང་ལ་ཁེལ་སྟབས་སློབ་མ་རྣམས་སོ་སོའི་ཕ་མ་དང་སྤུན་མཆེད་སོགས་ཀྱིས་སློབ་གནང་ཁྱིམ་དུ་ལེན་པ་དང་ལོ་སར་ལ་ལྷན་དུ་རོལ་བ་ནི་སྤྲོ་བ་ཆེ། ཡིན་ཡང་། ངར་མཚོན་ན་སྙིང་ཉེ་བའི་རིན་པོ་ཆེ་ཉི་ཟླ་ལྟ་བུའི་ཕ་མ་གཉིས་པོ་ཤིན་ཏུ་ཐག་རིང་ཞིག་ན་ཡོད་ལ། ལོ་དང་ཟླ་བ་དྲན་གདུང་དང་ཕན་ཚུལ་ལ་སེམས་ཁྲལ་གྱིས་དུས་འདའ་བཞིན་བདོག ལྷག་ཏུ་ངས་ནི་ཨ་མ་དྲན་དྲགས་ཏེ་གཅོང་སེམས་ཀྱིས་མནར་བཞིན་པ་དེ་ནི་དྲན་གདུང་དུ་རེ་བ་ཞིག་རེད། གནས་བབ་འདིའི་ཁྲོད་ནས་ཨ་མ་དྲན་པ་ནི་དོན་གྱི་དཀའ་བ་ལ་གདོང་སྐྱེད་མ་བཏུབ་པས་དང་མ་གཞི་ནས་ངའི་ཨ་མ་ནི་བློ་རྒྱ་ཡངས་ཤིང་གུ་ཡངས་ཀྱི་ལྟ་བ་གཙིགས་ཆེན་འཛིན་པ་དང་། ལྷག་ཏུ་ཁོ་མོས་ང་ཡི་ནོར་བ་འཛོལ་བ་དང་དུ་བླངས་པས་རེད། དེ་ནི་ཚེ་འདིའི་གཞལ་དུ་མེད་པའི་སློབ་གསོ་གཞན་ཞིག་རེད། ང་རང་ཕ་མ་གཉིས་དང་ཁ་བྲལ་བའི་ཉིན་ནས་བཟུང་ང་ཚོའི་བར་དུ་རྒྱུན་ལྡན་མིན་པའི་འབྲེལ་བ་ཞིག་བྱུང་གིན་ཡོད་ལ། དེ་ཡང་ལོ་རེའི་ནང་ཐེངས་རེ་ཟུང་བྱུང་། འོན་ཏེ་སློབ་གྲོགས་གཞན་པ་འགའ་རེ་དང་བསྡུར་ན་ང་ནི་ལས་དག་ཅིག་རེད། གང་ལགས་ཞེ་ན་སློབ་གྲོགས་གཞན་པ་འགའི་ལོ་ངོ་དྲུག་བདུན་ལ་ཕ་མ་དང་འབྲེལ་བ་མ་བྱུང་བ་སོགས་གོ་ཐོས་བྱུང་། དེའི་དུས་ང་ཚོའི་བར་གྱི་སྐད་ཆ་དང་བརྩེ་བ་ནི་ཕན་ཚུན་ལ་འཁྲེང་ཞེན་ཆེ་བས་ཕན་ཚུན་ལ་སེམས་ཁྲལ་ཁོ་ནར་གྱུར། དེ་བས་ན་ནིང་ལོ་སར་སྐབས་སུ་ཕ་མ་གཉིས་ཀྱི་སྙིང་དང་འདྲ་བའི་དྭགས་པའི་སློབ་མ་ཞིག་སློབ་གནང་སྐབས་སུ་འཁོར་གེགས་རྐྱེན་པས་གྲོངས་འདུག དེ་ནས་བཟུང་ལམ་ལ་བུད་ཐེངས་རེར་ངའི་སེམས་སུ་རྒྱང་རིང་གི་ཕ་མ་གཉིས་པོ་འཁོར་བྱུང་ལ་ང་ལ་གཅེས་པའི་ལྷག་བསམ་དཀར་པོའི་གཤིས་རྒྱུད་དེ་ལྷག་ཏུ་དྲན་བྱུང་། ཕ་མ་གཉིས་པོ་ཇི་ལྟར་དྲན་ན་དེ་བཞིན་འཁོར་གེགས་སོགས་དུས་མིན་གྱི་འཆི་རྐྱེན་རེ་རེ་ཡིད་ལ་ཤར་ཞིང་། ཆོས་ཉིད་དེས་ང་རང་བསམ་གཞིག་དང་སེམས་གཅོང་གི་མུན་དོང་དུ་གཡུགས། ཡིན་ཡང་། རྒྱུན་དུ་རེ་ལྟོས་ཆེས་ཆེ་བ་ནི་སློབ་མཐར་ཕྱིན་རྗེས་དངོས་སུ་ཕ་མ་གཉིས་མཇལ་འདོད་པ་དང་། ངེད་ཚང་གི་གཞིས་ཁྱིམ་ན་ཆུ་ཚན་ཕོར་བ་གང་མ་གཏོགས་མེད་ཀྱང་ཕ་མ་གཉིས་དང་མཉམ་འཐུང་བྱ་འདོད་པ་དེ་རེད། འཁོར་གེགས་བྱུང་བ་མཐོང་བའི་ཉིན་དེར། ང་ནི་ཉིན་གང་བོར་སྐྱིད་པོ་མ་བྱུང་ལ། ཕྱིར་ནང་དུ་སླེབས་དུས་ང་རང་གཅིག་པུ་མལ་ཁྲིའི་སྟེང་དུ་གན་རྐྱལ་ཉལ་ཏེ་མགོ་རྔ་མེད་པའི་བསམ་གཞིག་མཐའ་མེད་ཅིག་གི་ནང་དུ་ལྷུང་སོང་། མཐའ་མེད་པའི་བསམ་གཞིག་དེའི་མཇུག་ཏུ་ང་རང་ཧ་ཅང་སུན་སྣང་སྐྱེས་བྱུང་ལ། ས་མཐའ་ནི་མ་གཞི་ནས་མི་ལ་སྙིང་ནད་བསླང་རྐྱེན་ཞིག་རེད་སྙམ། ཐ་ན་གློག་བརྙན་བལྟ་བ་དང་དཔེ་ཀློག་བྱེད་པའི་འདུན་པ་ཏལ་གྱིས་ཉམས་སོང་།
  དེ་ཉིན་རེས་གཟའ་ཉི་མ་ཡིན་པས་ཉིན་གང་བོར་ཁོམ་ཡོད། ཕྱི་དྲོར་ངས་རང་ཉིད་དགའ་སའི་བུ་མོ་དེ་ལ་ཁ་པར་ནས་དེ་རིང་གི་གནས་ཚུལ་རྣམས་གསལ་བོ་བཤད་དེ་དེ་འབྲེལ་གྱི་རང་ཉིད་ཀྱི་སེམས་ཁམས་མི་དྭངས་བའི་སྐོར་ནས་ཁ་བརྡ་འདྲ་བྱས། མོས་ང་ལ་ཨ་མ་ཞིག་གིས་བུ་ལ་གཅེས་པ་བཞིན་ང་ཡི་མགོ་རྔ་བྲལ་བའི་སྐད་ཆ་དག་ལ་རིམ་བཞིན་ལན་ལྡོན་བྱུང་ལ། ཞེད་སྣང་བྱེད་དོན་མེད་རབས་སོགས་ངག་ལྷོད་ཅིང་དལ་བུས་བསྙད་བྱུང་བས་ངའི་སེམས་པ་ནི་སྔར་ལས་ཞི་ཞིང་འཇགས་པར་གྱུར། ང་ལ་མཚོན་ན་མོའི་སྐད་མདངས་དེ་ཧ་ཅང་ཞིམ་མངར་གྱི་རོ་མཆོག་ཅིག་སྟེ་ཇི་ལྟར་དབང་ཡུལ་དུ་སྤྱད་ན་ཚིམ་པ་མེད་པ་ཞིག་རེད། མོས་ནན་ཏན་གྱིས" ལྷོད་ལྷོད་སྡོད། དེ་དག་སོ་སོའི་ལས་དབང་རེད། སུ་ཐུག་སུ་ལ་གཟུར་རྒྱུ་ཡོད། སྔོན་མའི་ལས་ལ་གཟུར་ཐབས་མེད" ཅེས་གཏམ་དཔེ་ཞིག་དྲངས་ཏེ་ང་ལ་སེམས་གསོ་བྱས་བྱུང་། དེ་ནི་བྱིས་པ་ཟོལ་མེད་ཅིག་གི་ཚུགས་དང་འདྲ། སླར་ཡང་། "ཧ་ཧ་ ད་ཧ་གོ་སོང་ངམ"ཞེས་དྲིས་བྱུང་། ངས་ཀྱང་དེ་བདེན་ཅོག་ཅོག་གིས་ལན་བརྒྱབ་པ་ཡིན། "སང་ཉིན་གཟའ་ཟླ་བ་རེད། བར་གསེང་ཚོད་དུ་ཐུག་ཡོང" ཞེས་སྙིང་ཉེ་ཉེ་ཡིས་བཤད་བྱུང་། དེའི་དུས་སྲང་ལམ་དུ་འཚུབ་རླུང་ལྡོམ་པོ་ཞིག་འཁྱིལ་ལ་ལྡིང་གིན་གནམ་མཐའ་ནས་སྤྲིན་ནག་ཁོལ་ཁོལ་འཕྱུར། མི་འགྱངས་བར་དྲག་ཆར་འབབ་པ་འདྲ།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།