གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ་གཡང་མཚོ།

2015-07-14 12:58:23 དམག ཀློག་གྲངས། མཆན ཡོད།


  ལོ་དེར་སློབ་ཆེན་དུ་རྒྱུགས་འཕྲོད་རྗེས། གཡང་མཚོ་ཕ་ཡུལ་དུ་ལོག་ཐེངས་རེ་རེར་མོ་ལ་འགྱུར་ལྡོག་གང་འཚམ་རེ་བྱུང་འདུག་ཅིང་། ཕ་ཡུལ་གྱི་གཞོན་ནུ་མ་ལོ་ཆུང་ཚོས་སྐྲ་འཇོག་སྟངས་དང་གོན་པ་གྱོན་སྟངས། སྐད་ཆ་ཤོད་སྟངས་སོགས་གཡང་མཚོའི་ལད་མོ་བྱས་ཏེ་རང་ཉིད་ལ་མདོག་ཅིག་ཨེ་འབུད་ཀྱི་སེམས་ཁ་མཐོན་པོ་བཅངས་ཡོད་པ་རེད་པས། ཁོ་མོ་ཚོ་གཡང་མཚོའི་གམ་དུ་བཏུད་པར་དགའ་ཡོད།
  ཉེ་སྔོན་སྡེ་བའི་ནང་དུ་གསར་འགྱུར་ཅིག་རླུང་ལྟར་གྲག་གིན་འདུག་ཟེར། དེ་ནི་གཡང་མཚོར་སློབ་ཆེན་དུ་མངལ་ཆགས་ཏེ་སྨན་ཁང་དུ་བྱིས་པ་འདེད་དུ་ཡོང་འདུག་ཟེར་གྱི་འདུག གཏམ་དེ་མི་ཁ་བརྒྱུད་ནས་མོའི་ཕ་མ་གཉིས་ཀའི་རྣ་ལམ་དུ་ཐོས་བྱུང་བར་བརྟེན། ཕ་མ་གཉིས་ཀ་ཁ་སྐྱེངས་ནས་ཁྱིམ་གྱི་སྒོ་ལའང་འབུད་ཐུབ་ཀྱི་མེད་ཚུལ་སོགས་མང་པོ་ལབ་ཀྱི་འདུག་ལ། གྲོགས་པོ་ཞིག་གིས་བཤད་ན། གཡང་མཚོའི་དགའ་རོགས་དེ་ནི་མོ་དང་སྲུང་མའང་མི་གཅིག་པ་ཞིག་རེད་ཟེར་ལ། གནས་ཚུལ་དེས་གཡང་མཚོའི་ཁྱིམ་མི་སྡུག་ལ་སྦྱར་ཏེ་ཅི་བྱ་གཏོལ་མེད་ཀྱི་ཚད་དུ་བསྐྱལ་ཡོད་རབས་ཟེར།
  སློབ་ཆེན་དུ་ཕོ་མོ་ཕན་ཚུན་དགའ་རོགས་བསྒྲིགས་ནས་སོ་སོའི་ཁྱིམ་དུ་འགྱོ་བ་དང་གཉེན་རྟགས་རྒྱག་པ་སོགས་ནི་རྒྱུན་ལྡན་ཞིག་ཡིན་མོད། ངའི་ཕ་ཡུལ་ལ་མཚོན་ན་དེ་ལྟར་མིན། ང་ཚོའི་སྡེ་བའི་ནང་དུ་ད་བར་སློབ་ཆེན་པ་ཉི་ཤུ་རྩ་གྲངས་ཐོན་ཡོད་མོད། ཁོ་ཚོའི་གྲལ་དུ་དགའ་གྲོགས་ཁྱིམ་དུ་ཁྲིད་ཡོང་ཐུབ་མཁན་གཉིས་གསུམ་ཙམ་ལས་མེད་ལ། དེ་ཡང་མ་འོངས་པའི་ཆུང་མར་གཏན་འཁེལ་བྱས་པ་ཐག་གཅོད་འོག་ད་གཟོད་ཁྲིད་ཡོང་བ་རེད་དེ། དགའ་རོགས་བརྗེ་ནས་ཁྲིད་ཡོང་མཁན་གཅིག་ལས་མེད་ཅིང་། སློབ་ཆེན་ལོ་བཞི་བོར་དགའ་རོགས་གཅིག་ཀྱང་མེད་མཁན་ཡང་ཡོད། གནས་ཚུལ་དེ་དག་ནི་ང་ཚོའི་སྡེ་བར་མཚོན་ན་གསར་འགྱུར་ཆེ་ཤོས་ཀྱི་གྲས་ཡིན་ལ། ཡུལ་མི་ཚོས་གཉེན་མ་བསྒྲིགས་གོང་དགའ་རོགས་ཁྱིམ་དུ་ཁྲིད་ཡོང་བ་དེ་ནི་མ་རུང་བ་ཞིག་ཏུ་བརྩི་བས། དགའ་རོགས་བརྗེ་ནས་ཁྲིད་ཡོང་མཁན་ལ་ཚང་མས་"མི་དྭངས"ཟེར་ནི་རེད།
  ད་ཐེངས་གཡང་མཚོར་མངལ་ཆགས་པའི་གནས་སྟངས་འདི་ཕ་ཡུལ་གྱི་མི་ཚོས་"དོན་རྐྱེན"ཞིག་ཏུ་ངོས་འཛིན་གྱིན་འདུག་ཅིང་། གནས་ཚུལ་འདི་ང་ཚོའི་སྡེ་བར་མཚོན་ན་ལོ་རྒྱུས་ཐོག་གི་"ཟིན་ཐོ་"གསར་བ་ཞིག་ཏུ་ཆགས་འདུག་ཏེ། ཡུལ་མི་ཚོས་འདི་ནི་བོད་ཀྱི་སློབ་ཆེན་སློབ་མའི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་དོན་དག་ཅིག་ལ་ངོས་འཛིན་གྱིན་འདུག
  གཡང་མཚོས་ལོ་དེར་སློབ་ཆེན་དུ་རྒྱུགས་སྤྲོད་དུས། གཡང་མཚོའི་རྒྱུགས་འབྲས་ནི་ཕ་ཡུལ་ས་ཆའི་རྒྱུགས་འབྲས་རྩེ་གྲའི་གྲས་ཡིན་པས། སྐབས་དེར་མོས་ང་ཚོའི་སྡེ་བའི་སློབ་མའི་རྒྱུགས་སྤྲོད་ཚད་ཀྱི་ཆ་ནས་ཟིན་ཐོ་གསར་བ་བསྐྲུན་ཡོད། དེ་ལ་ཡུལ་མི་ཚོས་གཡང་མཚོར་མཐོང་ཆེན་གྱི་ཚུལ་དུ"རྡོར་བྷ་ཚང་གི་ཡོན་ཏན་མ"ཞེས་རྒྱུན་དུ་འབོད་ཀྱིན་ཡོད་པ་རེད། འོན་ཀྱང་། ད་ཐེངས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་འདི་བྱུང་སོང་བས། ཡང་གཡང་མཚོས་"ཟིན་ཐོ"ཞིག་བསྐྲུན་སོང་བ་རེད། ད་ནས་བཟུང་། ཕ་ཡུལ་ནས་མི་ཚང་མས་གཡང་མཚོ་མྱི་གྲལ་དུ་མི་འཇོག་པ་མ་ཟད། སློབ་ཆེན་པ་གཞན་དག་ཀྱང་མྱི་གྲལ་དུ་འཇོག་ཁག་པོ་ཡིན་ཏེ། ང་ཡང་དེ་བཞིན་དུ་མྱི་གྲལ་དུ་འཇོག་མི་སྲིད།
  བྲིས་ནས་མཚམས་འདིར་ཐོན་དུས། ང་ལ་མུ་མཐུད་དུ་འབྲི་འདོད་མ་སྐྱེས། ངའི་སྣང་ངོར་གཡང་མཚོའི་སྣང་བརྙན་ཁོ་ན་དྲན་ཡོང་ཞིང་། མོ་ལ་སེམས་འཁུར་སྐྱེས་ཏེ་སྨྱུ་གུ་མུ་མཐུད་དུ་འཁྱུག་མ་ཕོད། ད་ནི་ངས་གཡང་མཚོར་ཁ་པར་ཞིག་གཏང་ན་འགྲིག སྐབས་འདིར། གཡང་མཚོར་མཚོན་ན་ཡུལ་གྲོགས་སློབ་ཆེན་པ་ངའི་སེམས་གསོའི་སྐད་ཆ་ཚིག་གཅིག་ནི་གསེར་སྲང་སྟོང་ལས་ཀྱང་ལྷག་ངེས་པས། ང་ལ་འདི་ལྟར་འདང་བརྒྱབ་ནས་འདུག་ཁོམ་གྱི་དུས་ཚོད་མི་འདུག མགྱོགས་པོར་གཡང་མཚོ་ལ་ཁ་པར་ཅིག་གཏང་ན་རེད།
                                2015/3/24སློབ་ཁྲིད་ངན་པ་ཞིག་གི་སྐབས་སུ་བྲིས།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།